ཀ་རྩོམ་མུ་ཐི་ལིའི་ཕྲེང་བ།
ཀ་ཕུར་འདམ་ལ་བཏབ་པའི་བློ་ཡི་གུར།།
ཁ་རྒོད་ལྕེ་རྒོད་སྟོང་སྒྲས་སྐྱོམ་པ་ཡིས།།
ག་ལེར་ཡོམ་བཞིན་ཐང་ལ་འགྱེལ་བྱེད་པ།།
ང་ཡིས་བསམ་ན་རི་བོང་གནམ་རྡིབ་དཔེ།།
ཅ་རེ་དཔེ་ཀློག་ཐོས་བསམ་ཡན་པར་བཏང་།།
ཆ་ཙམ་བློ་ངོར་སྦྱང་བ་མེད་ན་ཡང་།།
ཇ་ཆང་ཁ་ནས་རིགས་ཀྱི་བདེ་སྡུག་གླེང་།།
ཉ་དང་ཉུང་མ་བསྲེས་པའི་དཔེ་རུ་བསམ།།
ཏ་ཐཱ་ག་དའི་སྐུ་ཙམ་སྐྱབས་མཆི་ནས།།
ཐ་མལ་ལས་ལས་ལྡོག་སྙམ་སྐྱ་སེར་དག།
ད་ཕན་དཔེ་ཀློག་མི་ཕྱོགས་ཐན་ལྟས་ཉིད།།
ན་བའི་མི་ལ་སྨན་དཔྱད་ཀློག་པ་ཙམ།།
པ་ཊུའི་རང་མིང་གསོལ་བའི་ཁེངས་རློམ་པ།།
ཕ་རོལ་དགག་བྱའི་གནད་ལ་རབ་ཏུ་རྨོངས།།
བ་གླང་ལྟ་བུའི་བརྟུལ་བཞུགས་མཆོག་འཛིན་པ།།
མ་མ་ཉིད་ཀྱང་མ་མིན་སྒྲུབ་པར་དོགས།།
ཙ་ར་བོར་ཏེ་རྩེ་མོར་འཆིང་བྱེད་པ།།
ཚ་ཁུ་འཐུང་བའི་སྐོམ་པ་སེལ་མིན་ཟླ།།
ཛ་ཧུའི་བུ་མོའི་རེ་བ་ཀུན་སྐོང་ལ།།
ཝ་ཡི་བརྟུལ་བཞུགས་བཟུང་སྟེ་རྒྱང་དུ་བཀྱེད།།
ཞ་ར་གླང་འཇུག་རྣམ་ཐར་སྐྱོང་བ་དག།
ཟ་ཟི་སྒྲ་ཡིས་ཀུ་ཅོ་འདོན་ལ་མཁས།།
འ་འུར་སྒྲོ་འདོགས་མི་ཆོད་གཏམ་གྱི་བྱུར།།
ཡ་མཚན་སྙམ་པའི་ཆོས་ནི་གཅིག་མ་མཐོང་།།
ར་མ་རྒྱལ་མོའི་ཨོག་ཚོམ་ཆ་བྱད་འཛིན།།
ལ་ཤས་ཕོ་མོའི་ཆ་ལུགས་གོ་ཟློག་པ།།
ཤ་ཁྲག་ཚོད་མེད་བསྲེས་པའི་དུད་འགྲོའི་གཤིས།།
ས་ཆེན་ཨ་མ་ཡིན་ཡང་བཟོད་པར་དཀའ།།
ཧ་ལས་ངོ་མཚར་བསྐྱེད་ཕྱིར་སྤེལ་མིན་ཏེ།།
ཧ་ཧ་ཧོ་ཧོས་སྒྲོག་གཏམ་དེ་བས་མིན།།
ཨ་མཚར་ཀུ་རེས་དོན་གྱི་གནད་འབྱིན་པ།།
ཨ་སྟོང་ཙམ་དུ་ཟད་ན་མཐོལ་ལོ་བཤགས།།
༢༠༡༥/༥/༡༥ཉིན་ངྷི༔ཚ་དགོན་གྱི་གནའ་གྲོང་རི་དྭགས་ནགས་ནས་རྫོགས་པར་སྦྱར།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།