ནག་ལྡོང་འཁྱམས་པོའི་སྙན་ངག་ཚན་པ་གསུམ།
ནག་ལྡོང་འཁྱམས་པོ་ནི་རྨ་ལྷོ་རྩེ་ཁོག་རྫོང་མགོན་ཤུལ་ནག་ལྡོང་སྡེ་བའི་མི་ཡིན། རེ་སྐྱིད་རེ་སྡུག་གི་འཚོ་བའི་ཁྲོད་ནས། སློབ་སྦྱོང་ལ་བརྩོན་ཞིང་རྩོམ་རིག་ལ་འཐམས་མྱོང་། བྲིས་རྩོམ་བརྒྱད་བཅུ་ལྷག་ཞིག་དུས་དེབ་སྣ་ཚོགས་དང་རྩོམ་རིག་དྲ་བ་ཡག་ཤོས་སུ་བཀོད་མྱོང་ལ། ད་དུང་རང་གི་རྟོག་པ་རེ་རེ་སྨྱུག་རྩེར་འདེད་པའི་འཆར་གཞི་དེ་ཡོད།
་་་་་་༌་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
སྦྲ་རྒན་དུད་པ་ཅན་དེ།
འཁོར་བའི་རྨི་ལམ་བོར་བའི་བྱ་བྲལ་ཞིག་ལ།།
སྟོང་ཉིད་གླུ་རུ་ལེན་པའི་འགྱུར་ཁུགས་རྫོཊ་ཏེ།།
མེས་པོའི་རྐང་གླིང་སྐྱ་བོ་སྐོར་འབུད་བྱེད་པ།།
སྒྱུ་མའི་རོལ་བ་གཞོམས་པའི་ཐབས་ལམ་ཨེ་རེད།།
རྔམ་བརྗིད་མཆེ་བ་གཙིཊ་འདྲའི་བྲག་དམར་ཀློང་དུ།།
རྒོད་པོའི་ཟུངས་ཁྲག་འཐོར་བའི་གཏམ་རྒྱུད་ཐོས་པ།།
མུན་པའི་ཚང་དུ་ཡིབ་པའི་འདྲེ་རྒོད་ཅིག་གིས།།
དམོད་པའི་ཐུན་མཚམས་བསྡམས་པའི་འབྲས་རྟགས་ཨེ་རེད།།
སྙོམས་འཇུག་བདེ་བ་འབར་བའི་གཟུངས་མ་ཞིག་གིས།།
འཁྲུལ་བའི་བུམ་པ་ཆག་པའི་ཆོས་ཉིད་མཐོང་ཚེ།།
ནམ་མཁའི་མེ་ལོང་སྤྲུག་པའི་གཤོག་ཟུང་ཐོགས་པ།།
གཉུག་མའི་བཙན་ས་ཟིན་པའི་སྣང་བ་ཨེ་རེད།།
སྒྲ་འོད་ཟེར་གསུམ་འཐབ་པའི་རྟོག་འགྱུ་ཞིག་ལ།།
སྡར་བའི་སྐྱེ་འགྲོའི་ཁ་ལག་རྡུལ་ལྟར་འཚུབ་པ།།
དཀར་ནག་ལས་ཀྱིས་འདྲུད་པའི་བར་དོའི་ཕྲེང་གི།
མགོན་མེད་གཤིན་པོའི་ཚོར་བ་གྲང་མོ་ཨེ་རེད།།
སྦྲ་རྒན་དུ་བ་ཅན་གྱི་རུམ་ཁ་དེ་ནས།།
སྐྲ་ལོའི་གསེབ་ཏུ་དུག་སྡོང་ལང་ལོང་འགུལ་ཞིང་།།
འདོད་པས་གློ་སྙིང་བསྲེགས་པའི་མི་བུ་དེ་ཚོ།།
འཁོར་བའི་རྨང་རྡོ་བསྒྲིག་པའི་བཟོ་བ་ཨེ་རེད།།
འཇག་མའི་སྒལ་བར་ཞོན་པའི་འབུ་ནག་ཅིག་གིས།།
རྒྱལ་ཁམས་མིག་གི་ལྟད་མོ་ཡང་ཡང་མཐོང་སྟེ།།
ཚོར་བའི་གཙང་བོ་བརྒལ་བའི་ཟིན་བྲིས་བཏབ་པ།།
འཇིག་རྟེན་འདི་ལ་ཐོན་པའི་བདེན་དཔང་ཨེ་རེད།།
ཞོགས་ཁའི་ཉི་ཟེར་ཕྲ་མོ་ལུས་ལ་བཏེགས་ཏེ།།
རྩྭ་མགོའི་ཟིལ་བ་ཁྲོམ་ཁྲོམ་རྡོག་པས་གཏོར་དུས།།
ད་དུང་སྨུག་པའི་རི་ལུང་མདུན་དུ་འགྲེང་བ།།
འཁོར་བའི་བུ་ལོན་ཟེར་བའི་ལན་ཆགས་ཨེ་རེད།།
བློ་ཡི་འཆིང་རྒྱ་དོག་པོའི་རྙི་ལ་ལྷུང་བའི།།
ཕུགས་འདུན་རེ་བའི་ས་བོན་འོད་ལ་མ་བཏབ།།
འབུ་སྦྲང་ཚང་མལ་ལྟ་བུའི་གཞིས་ཀ་བསྲུངས་བ།།
ཞེན་པ་བག་ལ་ཞ་བའི་འགོང་བོ་ཨེ་རེད།།
མི་ཚེའི་རླུང་གི་གཤོག་པ་མདུན་དུ་ཕྱོགས་དུས།།
སེམས་པའི་འཁྱེར་སོ་རེ་བས་ཅི་ཡང་ཕྱུག་པ།།
རང་གི་པང་དུ་འབབ་པའི་འཆི་བདག་སླེབས་ཚེ།།
ཤི་མིག་གསོན་ལ་འཁྲེང་བའི་སྔོན་བརྡ་ཨེ་རེད།།
མི་སྡུག་ཡིད་ཀྱི་རླུང་རོ་ཕྱི་རུ་དོར་ཡང་།།
ཉམས་ཀྱི་འབྲས་བུ་སྨིན་པའི་བསྐལ་བ་རིང་སོང་།།
གཉུག་མའི་སེམས་ཀྱི་ངོ་གདོང་རྗེན་པར་མཐོང་བ།།
བདེ་འཐུང་སྲོག་གི་རོལ་བ་ཆད་དགོས་ཨེ་རེད།།
ལུས་ཀྱི་ཐོ་ཡོར་འདོད་ཁམས་རི་ལ་འཚོ་དུས།།
ཚོར་བའི་གཙང་བོ་བྲུག་ནས་བྲང་ཁ་བསྒུལ་བྱུང་།།
བྱེའུ་སྐད་གཉོམ་པོ་ཞིག་ལ་སེམས་པ་བརླན་ཞོར།།
བྲིས་བའི་ཡི་གེ་འདི་ཀོ་གད་སྙིགས་ཨེ་རེད།།
གངས་འདབས་སུ་ཞོགས་པའི་རྟ་ཁྱུ།
སྟོད་ཀྱི་གངས་རི་ཉིལ་བའི་རྦབ་ལ་འདྲོགས་པས།།
སྨད་ཀྱི་མཚོ་མོ་རྙོག་པའི་རྟ་ཁྱུ་དེ་ཚོ།།
མུན་པའི་ཞལ་ཁེབས་ལྷུང་བའི་ཞོགས་པ་ཞིག་ལ།།
རྣ་གཤོག་ལང་ལོང་བྲོས་བྱོལ་སྤང་ལ་རྒྱག་དུས།།
འཇག་མའི་མདའ་གཞུ་ཁུར་བའི་ནགས་ཀྱི་སྤྲེ་འུ།།
གནམ་གྱི་ཟེ་བ་གཏོར་བའི་གད་མོ་བགད་བྱུང་།།
གདོད་མའི་རྟ་མཆོག་ཁྲོས་པའི་རྨིག་སྒྲ་ཞིག་གིས།།
བཙན་པོའི་སྐྱ་དམག་སྡར་བས་ཕྱི་ཕྱིར་བསྙེགས་སྐད།།
སུམ་གཉིས་ས་ཡི་དཀྱིལ་འཁོར་ཤིག་ཤིག་འདར་བའི།།
རྟ་ཁྱུ་འདྲོགས་པའི་བྱུང་བ་ཡིད་ལ་འཁོར་ན།།
སྡུག་གི་ལོ་མ་འཐོར་བའི་ནུབ་མོ་ཞིག་ལ།།
དུང་གི་ཟླ་བས་མིག་ཆུ་ཤམ་ཤམ་བཏང་མྱོང་།།
རི་བོའི་ཕ་གིར་དུག་ལྕེ་འཚབ་འཚུབ་གཡོ་བས།།
ཚེ་དང་སྲོག་གི་ཀ་བ་གཡང་ལ་འདེད་སྲིད།།
སྒང་ལ་རྟ་ཁྱུ་ཞོགས་པའི་ཆོམ་སྒྲ་ཐོས་སམ།།
གནའ་བོའི་རུས་རྐང་བརྩིཊ་པའི་མཁར་རྫོང་དྲན་ཡོང་།།
གླག་མོའི་སྡེར་གྱིས་གཤགས་པའི་ནམ་མཁའ་འདི་ལ།།
སྒྱུ་མའི་འཇིག་རྟེན་འཐབ་པའི་གོད་ཆག་ལྷུང་ངེས།།
ཤམ་བྷ་ལ་ཡི་འོད་ཟེར་བསིལ་བསིལ་འཕྲོ་དུས།།
ཉི་མའི་གསང་རྒྱ་གྲོལ་བའི་ལྟད་མོ་མཐོང་སྲིད།།
ཚེ་རིང་མེ་ཏོག་བཅོམ་པའི་རྟ་ཁྱུ་དེ་ཚོ།།
མེས་པོའི་རི་ལུང་འདི་ལ་རྩེད་ཅིང་གཡེང་དུས།།
སྐྱེ་འཆིའི་ཆོས་ཉིད་བསྒྲག་པའི་དུས་ཀྱི་རླུང་བུ།།
ཕྱོགས་དང་ཕྱོཊ་ཀྱི་མཐའ་རུ་ཡུན་གྱིས་འཛུལ་ཡོང་།།
ང་ཡི་གངས་འདབས་དཀྲོགས་པའི་རྟ་ཁྱུ་འདི་ཀོ།
སྐར་མ་ངུས་པའི་མིག་ཆུ་མཐོང་མྱོང་མེད་པས།།
གཟུགས་མེད་འཕྱོ་བའི་ཡིད་ཀྱི་རྩེ་མོ་རེ་ལ།།
འཚོ་བའི་རྐང་ལམ་གྱ་གྱུ་ཐོགས་མྱོང་མི་འདུག།
ཁ་བ་བཙན་པོ་འཐོར་བའི་རྒོངས་ཀ་ཞིག་ལ།།
རྟ་ཁྱུ་འདྲོགས་པའི་རྨིག་སྒྲ་མུ་རུ་གྲག་ཡོང་།།
རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་ལྟ་བ་ཆེ།
ཟླ་བའི་འཛུམ་དཀར་འཐོར་བའི་ཞལ་གྱི་སྒོར།།
ཚེམས་ཕྲེང་མུ་ཏིག་དགོད་པའི་བརྩེ་དགའ་འབུམ།།
འགྲོ་ལ་རྗེས་ཆགས་དབྱངས་ཅན་དཀར་མོའི་མཐུས།།
ལེགས་ཚོགས་ངག་གི་སྒོ་བརྒྱ་ཡངས་པོར་ཕྱེས།།
རྒྱལ་ཀུན་བྱིན་རླབས་ཉི་གཞོན་འབར་བའི་གཟིས།།
རྨོངས་བའི་མུན་པ་ནག་པོ་ལྷག་མེད་ཟོས།།
རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་ལྟ་བ་ཆེ།།
ཡིད་ཀྱི་མཁའ་རུ་ཟླ་གཟུགས་བཞིན་དུ་ལྷུང་།།
བདེ་སྟོང་བཅུད་ཀྱིས་མྱོས་པའི་དོ་ཧའི་གླུ།།
འཁོར་བའི་རྨི་ལམ་ཞིག་པའི་སྦུབས་ལས་བྱུང་།།
རྩལ་ཆེན་ཤེས་རབ་བརྡོལ་བའི་མཚོ་ཀློང་དུ།།
བླ་མེད་བརྩེ་བའི་རི་མོ་གཡས་སུ་འགྱུ།།
འཁོར་འདས་ཞེན་སྣང་བསྙིལ་བའི་ཕར་ལོགས་ནས།།
ཡེ་གྲོལ་གཉུག་མའི་བཙན་རྫོངས་མཐོན་པོའི་གཞིར།།
མི་འཇིགས་སྤོབས་པས་རལ་བ་སྤྲུགས་པ་ཡིས།།
འཆི་གོད་ཝ་སྐྱེས་ཚོགས་དག་རིང་དུ་བྲོས།།
བསླབ་གསུམ་ནོར་བུའི་བ་གམ་བརྩེགས་པའི་རྩེར།།
བག་ཡོད་འོད་དཀར་ཟེགས་མ་ལམ་ལམ་འཕྲོ།།
ལེགས་བཤད་དམ་ཆོས་སྣང་བའི་གདུགས་དཀར་པོ།།
འདི་ཡི་ཕང་བར་གཏན་དུ་ཤམ་ཤམ་གཡོ།།
མཁྱེན་རབ་མེ་ལོང་གཙང་མའི་འགྲམ་པ་རུ།།
ཟབ་རྒྱས་མདོ་སྔགས་སྙིང་པོའི་རེ་ཁཱ་འབུམ།།
གུས་སྦྱོར་བརྩོན་པའི་གོ་ཆ་རབ་བགོས་པས།།
སྙན་པའི་རོལ་མོ་ཕྱོགས་ཀྱི་མཐའ་ན་རྩེན།།
སྒྲིབ་གཉིས་སྨུག་རུམ་སྟུག་པོས་མ་ཟིན་པའི།།
དད་པའི་སྒྲོ་གཤོག་རབ་རྫོགས་རྒོད་པོའི་བུ།།
ས་བླ་མཐོན་པོར་གཤེགས་པའི་ཟིལ་ཤུགས་ཀྱིས།།
སྐྱེ་དགུས་སྨོན་པའི་རོ་འཛིན་རྐན་ལ་བརྡར།།
རྩོམ་སྒྲིག་པ། སྐྱ་བོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།