གལ་ཏེ།༼ ཞར་བཀོད་གཅིག་ཡོད ༽
གཙང་བོའི་ནང་དུ་ཆར་སིམ་བབས་པ་ན།།
ཆར་སིམ་ཀློང་དུ་མཚན་མོ་སྐྱེས་པ་ན།།
སྟོན་ཀའི་སྣང་བར་སྨུག་པ་འཐིབ་པ་ན།།
བར་མཚམས་མེད་པར་རྨི་ལམ་ཟགས་པ་ན།།
མེ་ལོང་ནང་གི་ཟེ་འབྲུར་མེ་ཤོར་ན།།
མགྲིན་པའི་ནང་གི་མགུར་ལ་རླུང་འཚུབ་ན།།
གྲིབ་མའི་དོད་དུ་འཇའ་འོད་ཤར་གྱུར་ན།།
འཇའ་ཡི་སྣེ་མོར་དགུན་ཁ་དཔྱངས་པ་ན།།
སྲོད་ཀྱི་སྟོན་ཆར་སེམས་སུ་བབས་པ་ན།།
མིག་གི་ཆུ་རིས་མཚོ་ལ་ལྕེབས་བཏང་ན།།
སྒེའུ་ཁུང་ནང་ནས་གློག་དམར་འཁྱུག་པ་ན།།
མཚན་སྨག་ཀློང་དུ་ནགས་ཚལ་སྐྱེས་ཡོང་ན།།
2015.9.16
གར་མ།
རུས་པའི་འོབས་ལ་སྦས་པ་ཞིག།
སྒེའུ་ཡོལ་ངོས་ལ་བྲིས་པ་ཞིག།
སྐར་མའི་ཞགས་པས་བཅིང་པ་ཞིག།
ཉི་འོད་སྨིན་པའི་མིག་ཟུང་ཞིག།
སྒྱུ་མས་བསྒྲིབས་པའི་ཤེལ་ཕོར་དུ།།
ཚེར་མས་བྲབས་པའི་རྨི་ལམ་འདྲ།
ཉི་ནུབ་ཁྲོད་ཀྱི་གར་མ་ནི།
ཟླ་བའི་མིག་ཆུ་སྐམ་པ་བཞིན།
བ་སྤུའི་རྩེ་མོའི་རླུང་བུ་བཞིན།།
གྲིབ་མའི་ནང་དུ་རོལ་མོ་དཀྲོལ།།
མེ་ལོང་ནང་དུ་ཉི་ཟེར་གཏོར།།
2015.9.17
རྩོམ་སྒྲིག་འགན་ཁུར་བ། ལྷ་སྐྱིད།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།