སྣང་བ་ཡན་པ།༼ཞར་བཀོད་གཅིག་ཡོད ༽
ལང་ཚོ་རྒས་ཏེ་གཞན་དུ་གྱུར་ན་ཡང་།།
སེམས་ཀྱི་འདུན་པ་མ་རྒས་སྤྲོ་སྣང་འཕེལ།།
ལུས་ཀྱི་བར་ཐག་རིང་དུ་སོང་གྱུར་ཀྱང་།།
མཛའ་བརྩེའི་སྙིང་གཏམ་མ་ཆད་དགའ་བ་ལ།།
རི་རྩེ་གན་གྱིས་གངས་ཀྱི་ཞྭ་མོ་གྱོན།།
དགུན་གྱི་ལྷ་མོ་བྱོན་པའི་སྔ་ལྟས་ཉིད།།
ལུང་གཤོང་ཕ་གིའི་ཆུ་ཕྲན་ཆུང་ཆུང་དེས།།
གླུ་སྒྲ་སྙན་པའི་གདངས་སུ་གྱེར་གྱེར་བྱེད།།
བྱེའུ་ཆུང་རེ་རེ་མཁའ་ན་འཕུར་འཕུར་བྱེད།།
སྟོན་ལོ་སེར་པོ་ས་གཞིར་ལྷབ་ལྷུབ་འཐོར།།
སེམས་ཀྱི་སྣང་བས་བྱ་རྗེས་རྐང་པ་འཇོག།
ལུས་ཀྱི་ཉམས་སྣང་སྟོན་ལོའི་ཟོལ་དུ་གྱུར།།
ལོ་མའི་ཆུ་ཐིགས་འབབ་པ་སྙིང་ལ་སྡུག།
ཞོགས་ཉི་ཤར་རིར་འཕོས་པ་ཡིད་དུ་འོངས།།
གྱེས་སོང་བྲལ་བའི་ཁྱེད་རང་འཛུམ་ཙམ་གྱིས།།
ས་གཞིའི་མཛེས་སྡུག་ཀུན་འདུས་དེ་ཀ་ཙམ།།
མེ་ཏོག་འདབ་ལོ་རེ་རེ་དལ་གྱིས་བབས།།
ས་གཞི་མ་ལུས་ལོ་མས་མཛེས་པ་གྱུར།།
ལོ་མ་རེ་རེ་རླུང་གིས་མཁའ་ལ་སྤུར།།
མིག་ཟུང་མཆི་མའི་རྒྱུན་ཐག་ཆད་པར་གྱུར།།
འོད་ཀྱི་སྣང་བ་ལམ་ལམ་མཁའ་རུ་འཚེར།།
རྒྱ་མཚོའི་རྦ་རླབས་ཡམ་ཡོམ་ས་རུ་གཡོ།།
ཁྱེད་ཉིད་འཛུམ་ཙམ་འཛུམ་ཙམ་རྒྱང་ལ་ཆས།།
བདག་གིས་སྐྱོ་ངལ་སེམས་ལ་ཁ་ཏ་བྱས།།
སྔས་གཞིར་མགོ་བོ་བཞག་ཏེ་གཉིད་ལ་རོལ།།
སྒེའུ་ཁུང་འགྲམ་གྱི་སྟོན་ལོ་གཟན་པ་ལ།།
མལ་ཐུལ་གྱོན་ནས་བཙན་གྱིས་ཉལ་ན་ཡང་།།
ཟླ་འོད་འདི་ཡང་ལུས་ལ་རྩུབ་རེག་ལྡན།།
རྒྱང་ལ་ཆས་པ།
གན་གྱི་གངས་རི་དེ་ནི་དབུ་རྩེ་མཐོ་བ།།
སྨུག་པའི་རྨུ་ཐག་དེ་ཡང་མཁའ་ལ་ཟུག་པ།།
ང་ཡིས་ཁྱེད་ཉིད་མཐོང་བའི་མུན་པར་གནས་ཀྱང་།།
སེམས་ཀྱི་མེ་ལོང་ངོས་ལ་ཁྱེད་རང་གསལ་བ།།
སྤྲིན་པ་ཐར་ཐོར་རྒྱང་ལ་དལ་དལ་སྐྱོད་དུས།།
ཉི་འོད་དམར་ཟེར་སེམས་ཀྱི་དུང་བ་འདྲ་བ།།
མིག་ཆུ་འཁྱག་པ་ཉིལ་ལེར་མཁའ་ལ་བལྟས་ཡིན།།
དབྱིངས་ཀྱི་ཆུ་འཛིན་རྗེས་ལ་སེམས་རྐང་འཇོག་འགྲོ།།
དེ་རིང་གནམ་གྱི་ཉི་མའི་དཔང་ཚད་མཐོ་ཡང་།།
ཁྱེད་རང་ཉི་ཟླའི་འགྲམ་ལ་འཕུར་བར་ངེས་སོ།།
ས་གཞིའི་གངས་དང་མཛེས་པའི་རྩི་ཏོག་མ་ལུས།།
ཁྱེད་ཀྱི་རི་དྭགས་མིག་གི་སྤྱོད་ཡུལ་ཡིན་ནོ།།
ཡིད་ཀྱི་མེ་ཏོག་རྐང་གཅིག་མཁའ་ལ་བསྐྱོད་རེད།།
འཇམ་པོའི་རླུང་དང་འགྲོགས་ནས་ཐང་ལ་འབབ་རེད།།
ས་གཞིའི་གཉེན་དང་བཤེས་ཀྱིས་ལག་པར་བཟུང་བའི།།
མཛའ་བརྩེའི་ཁ་བཏགས་རེ་རེས་ཁྱེད་རང་དྲན་པ།།
འདི་ནས་མེ་ཏོག་རྐང་གཅིག་རླུང་གིས་ཁུར་སོང་།།
ལས་དབང་རླུང་བུ་འདི་འདྲའི་ཞེ་སེམས་ནག་པ།།
གངས་ཀྱིས་གཡོག་པའི་གོ་ལའི་རི་རྩེ་དེ་ན།།
ང་ཡི་མེ་ཏོག་དེད་སོང་ཡ་རེ་ང་བ།།
མཁའ་ཡི་སྤྲིན་པ་ཕར་བསྐྱོད་ཚུར་བསྐྱོད་མ་གནང་།།
མཁའ་གྲུ་བསྐྱོད་པའི་ལམ་སྒོ་ཕྱེ་བར་བརྩོན་ཅིག།
ང་ཡི་སེམས་པ་དམར་ཆུང་འདི་ནས་འགྲོ་དགོས།།
འདི་ལས་ལྷག་པ་ང་ལ་གང་ཡང་མེད་དོ།།
ཁ་སང་ད་ཚོད་ཅིག་ལ་གནས་འདིའི་རི་ཆུ།།
མཉེན་མཇམ་མེ་ཏོག་ཅིག་གིས་མཛེས་པར་བྱས་ཡོད།།
དེ་རིང་ཁོར་ཡུག་འདི་ཡི་ནམ་མཁའ་འདི་ཡང་།།
སྟོང་ཞིང་འཇགས་པའི་སྣང་བ་འགོག་མེད་འཆར་བ།།
ཨ་སྔོན་དབྱིངས་ལ་ཁྱེད་རང་ཡར་ཡར་འཕགས་དུས།།
མཛེས་པའི་གྲིབ་གཟུགས་ཙམ་ཡང་འདི་ནས་གྱེས་འགྲོ།།
མཁའ་ཡི་སྐས་འཛེགས་ལ་བརྟེན་མར་མར་འབབ་དུས།།
ས་གཞི་ཞིག་ནི་འོད་ཀྱིས་མཛེས་པར་བྱེད་འགྲོ།།
ལྷ་ཡི་བུ་མོ་མིན་པའི་མྱི་གཤིས་ཅན་པོ།།
བཅོས་མའི་སེམས་པ་བྲལ་བའི་ལྷད་མེད་བུ་ལོ།།
དེ་རིང་ལྟེ་བའི་ཁྲག་རྒྱུན་འཕོ་སར་ལྷུང་དུས།།
སང་ཉིན་འཛུམ་ཞལ་པར་གྱི་མེ་ཏོག་བསྐུར་ཤོག།
དེ་རིང་འདི་ན་ལྷགས་རླུང་བུ་ཡུག་རྒོད་པ།།
དམར་ཆུང་སེམས་ལ་ཁ་བས་གྲང་འཁྱག་ཆེ་བ།།
གྱེས་སོང་བྲལ་བ་སྐྱོ་ཞིང་སྐྱོ་བ་ཆེ་རུང་།།
ཁྱེད་ཉིད་བདེ་ན་ང་ཡི་བདེ་བ་དེ་ཡིན།།
2015 /10/ 1
རང་ཉིད་དགའ་སའི་བུ་མོ་ཞིག་ཕ་ཡུལ་དུ་ཆས་རྗེས་བྲིས།
རྩོམ་སྒྲིག་པ། དབང་མོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།