མོ་གཤམ་གྱི་བུ་མོར་ཕུལ་བའི་གླུ་ཆུང་རྣ་བའི་བུ་རམ།
ལེའུ་དང་པོ།
༡
མཁའ་སྤྱོད་ཁྲུང་ཁྲུང་དཀར་མོ།།
ཁྱུང་རྫོང་ཕྱོགས་ལ་ཕེབས་ན།།
སྤྲང་ངའི་སེམས་མདོག་དཀར་བོ།།
ཆུང་འདྲིས་མཛེས་མར་འབུལ་རོགས།།
༢
སྐྲ་ཚོགས་ལང་ལིང་གསེབ་ན།།
དུང་བའི་དབུགས་རྒྱུན་ཡོད་ནའང་།།
སྐྲ་གྲི་ངར་མའི་འོག་ནས།།
ཐར་བའི་སྐལ་བ་མིན་འདུག།
༣
མིག་ཟུང་མཆི་མས་ཁེངས་ཀྱང་།།
སེམས་པ་གཏད་ཐབས་མིན་འདུག།
སེམས་པ་འཁོར་སའི་སྒེག་མོ།།
ལྷ་ཆོས་བུ་མོ་ཆགས་སོང་།།
༤
ལས་དབང་ལས་དབང་ཟེར་ནས།།
སེམས་པ་འཁོར་ཐབས་བྱས་ཀྱང་།།
དགོན་ཁྲིམས་རྭ་བའི་གླིང་ནས།།
ཕྱིར་མིག་བལྟ་ཁོམ་མིན་འདུག།
༥
ནོར་འཛིན་ཡངས་མོའི་སྟེང་དུ།།
སླེབས་དུས་གཅིག་པུ་སླེབས་ཡོད།།
འགྲོ་དུས་གཅིག་པུར་འགྲོ་དགོས།།
ཕར་བརྩེ་ཚུར་དུང་ཅི་བྱ།།
༦
བརྩེ་དུང་ཞགས་པའི་མདུད་པ།།
དཀྲོལ་བའི་སྐལ་བ་ཡོད་དུས།།
མ་དཀྲོལ་རང་སོར་བཞག་ན།།
འགྱོད་པའི་གླིང་ལ་སྐྱལ་ཡོང་།།
༧
ན་ནིང་བཤད་པའི་སྐད་ཆ།།
ཁྱེད་ཀྱི་དྲན་མྱོང་ཨེ་ཡོད།།
དུཿ ཁས་ཉེན་པའི་ཡུལ་ན།།
མིག་ཆུའི་རྒྱ་མཚོ་འཁྱིལ་ཡོད།།
2015 / 11 / 25 ཉིན་རང་ཤག་རྟོགས་སད་འགྱེད་པའི་ལྡིང་ཁང་དུ་སྦྱར་བའོ།
ལེའུ་གཉིས་པ།
༨
ཆུ་ཁུར་དཀར་བོའི་གཤོག་རྩལ།།
བདག་ལའང་ཡོད་ན་བསམ་བྱུང་།།
ཚ་གདུང་ཉེན་པའི་ཡུལ་གྲུར།།
བལྟ་ཙམ་བྱེད་པར་འགྲོ་འདོད།།
༩
ཉ་གང་འཚེར་བའི་སྐབས་སུ།།
ནམ་མཁའ་སྐར་མས་ཁེངས་འདུག།
སྐར་མ་འཛོམས་པ་མཐོང་དུས།།
མིག་ཀོང་ལོང་གྲབས་བྱས་བྱུང་།།
༡༠
རྣལ་འབྱོར་ཨ་ཁུ་རྣམས་ཀྱི།།
ཆོས་གྲྭ་གྲུ་བཞིའི་དཀྱིལ་ན།།
ཆོས་སྒྲ་སྙན་མོའི་ཀློང་ན།།
ཁྱེད་ཀྱི་མཚར་ཆོས་རེད་འདུག།
༡༡
ཕ་རིའི་བྲག་གི་སྟེང་ན།།
ཙན་དན་དཀར་བོ་འཁྲུངས་འདུག།
ཙན་དཀར་དྲི་བསུང་འཐུལ་དུས།།
ཕྱིར་འདང་ཐེངས་གཅིག་བྱས་ཡོད།།
༡༢
ཀ་མེད་བྲང་ཁང་ནང་དུ།།
ལྷ་ཆོས་བུ་མོ་མཉམ་དུ།།
འདོད་པའི་དཔལ་ལ་རོལ་དུས།།
ཁྱེད་རང་ཞེ་ལ་མིན་འདུག།
༡༣
མཛེས་བོའི་རང་གཤིས་གླེང་ན།།
གླེང་རིན་ཆོག་པ་ལོས་ཡོད།།
འོན་ཏང་མ་འོངས་ལམ་ལ།།
ཕན་པའི་འབྲས་བུ་ཨེ་ཡོད།།
༡༤
ཕྱི་མའི་ལམ་དེ་ཡོད་ན།།
ཚེ་འདིར་ཆད་པའི་བུ་ལོན།།
བོང་བུ་དཀར་བོར་བཀལ་ནས།།
ཁྱེད་རང་མཇལ་དུ་སླེབས་ཡོང་།།
2015 / 11 / 26 ཉིན་རང་ཤག་རྟོགས་སད་འགྱེད་པའི་ལྡིང་ཁང་དུ་སྦྱར་བའོ།།
རྩོམ་སྒྲིག་པ། དབང་མོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།