ཕ་རྒོད་བླ་མ་དམ་པའི་རྟོགས་པ་བརྗོད་པ་སྙན་ཚིག་རྡོ་རྗེའི་ཐོལ་གླུ།(ཞར་བཀོད་གཉིས་ཡོད)

བདའ་ཚང་སྙེམས་གྲོལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-08-29

0118_1.jpg

བདག་འཛིན་བློ་སྣ་སྟུག་པོར་འདྲིས་ཤུགས་ཀྱིས། །  
ཀུན་རྟོག་སྤྲོས་པའི་གཟེབ་ཏུ་སྐྱོ་བ་རྣམས། །   
མྱང་འདས་ནམ་མཁར་འདོགས་པ་ཐུབ་པའི་དབང་། །  
ཚིག་ཙམ་མ་ཡིན་ཞེ་བློ་དྲག་པོས་འདུད། །  
རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ཟློས་པའི་འོད། །  
མ་བསྡུས་གཅིག་ཏུ་ཤར་བའི་མགོན་པོ་ཀྱེ། །  
བདེ་སྡུག་རྨི་ལམ་སྣ་ཚོགས་འཆར་བ་ཡི། །  
མ་རིག་གཉིད་ཀྱི་གཏིང་ནས་དཀྲོག་པར་མཛོད། །  
མགྲིན་པ་ཤིན་ཏུ་དྭངས་པའི་ཆུ་ངོགས་ལ། །  
སྲིད་ཞིའི་སྙན་པའི་འགྱུར་ཁུགས་ཆགས་པ་ཡི། །  
ཡུམ་གཅིག་མཚོ་བྱུང་དགྱེས་པའི་འགྲམ་ཆང་གིས། །  
སྡེབ་སྦྱོར་མེ་ཏོག་སྤུངས་མའི་ཁ་ཕྱེ་ཞིག །  
འགྲོ་བའི་བསོད་ནམས་རས་གཞི་དཀར་བོ་ལ། །  
མཚན་དཔེ་པིར་གྱིས་བྲིས་པ་སྤྲུལ་བའི་སྐུ། །  
བླ་གོས་ཕྲག་པ་གཅིག་ཏུ་གཟར་བྱས་ཏེ། །  
ཕྱག་གི་སྒྲོ་གུར་འབུབ་ལ་ཡུད་ཙམ་དགོངས། །  
ཕྱི་རུ་ཆེ་སྒྲོབ་རྨ་བྱའི་ཐིག་ལེ་བྲལ། །  
ནང་དུ་ལས་ཉོན་དུག་ཆུའི་ཟིལ་བ་དབེན། །  
རྟག་ཏུ་བྱམས་པའི་གདན་ལས་མི་གཡོ་བ། །  
ཕ་རྒོད་བླ་མས་ཞི་བའི་དབྱིངས་ནས་སྐྱོངས། །  
གཞུང་བརྒྱའི་ཐ་གྲུ་ཤིན་ཏུ་ཡས་པའི་མཐར། །  
བརྟུན་པའི་དཔུང་བ་མི་ལྷོད་འཇུག་པ་ལ། །  
ལུས་སྲོག་ཐེད་དུ་སྟོར་བ་དགེ་བའི་བཤེས། །  
ཆོས་ཀྱི་མདུད་པ་བཤིགས་པའི་གཉེན་དུ་དྲན། །  
དེ་ལྟར་མཛེས་སྡུག་ཡིད་ཀྱི་མཆོད་སྒྲོམ་དུ། །  
སྙན་ཚིག་མེ་ཏོག་སིལ་མར་བཀྲམ་དང་ལྷན། །  
དམ་པའི་རྣམ་ཐར་རིག་བྱེད་པི་ཝང་གི །  
གདངས་སུ་འདྲེན་པའི་སྤོབས་པ་ཁོ་བོར་སྐྱེས། །  
ཀུན་སློང་སྒོ་དང་སྒེ་འུ་གདུང་ལྕམ་ལ། །  
ཉོན་མོངས་ས་རྡུལ་ལྷག་གེར་མི་མཛེས་པ། །  
ཆོས་ཀྱི་ཕྱག་མས་ཡང་ཡང་སྤྲུགས་པའི་ཚེ། །  
སེམས་ཀྱི་ཁང་བར་མཛེས་པའི་བཀྲག་མདངས་རྒྱས། །  
བླ་མའི་གསང་གསུམ་མཐའ་མེད་ནམ་མཁའི་དཀྱིལ། །  
བདག་བློ་བྱེའུ་ཆུང་རྩེ་བའི་ཡུལ་མིན་ཡང་། །  
མཛུབ་མོ་རི་སྟོན་འདྲ་བའི་རྩོམ་པ་འདིར། །  
དགེ་བའི་སྤོས་དྲི་ལྡང་བ་སུ་ཡིས་བསྙོན། །  
མི་འགྱུར་སྙིང་གི་ཐིག་ལེར་ཆགས་པ་ཡི། །  
དམ་བཅའ་རྡོ་རྗེའི་ཚིག་འབྲུ་གཏོར་ཟིན་གྱི། །  
ང་ལ་བརྩེ་བའི་ཞགས་པ་མི་ལྷོད་པའི། །  
ལྷ་དང་བླ་མས་སྤྱན་ཟུར་ཡང་ཡང་རྐྱོངས། །  
ས་བཅུའི་རྒྱལ་ཐབས་སྔོ་བསངས་དཀྱིལ་འཁོར་དུ། །  
འཕུར་བྱེད་ཚོགས་གཉིས་གཤོག་པ་ལྷུན་རྫོགས་ཀྱང་། །  
ཚུར་མཐོང་རི་བྲག་ལྟོ་བར་ཐ་མལ་གྱི། །  
སྒོ་ངའི་དབྱིབས་སུ་འབྱུང་བ་སེམས་དཔའི་སྲོལ། །  
དེ་ལྟའི་མཛད་པ་སྐར་ཁྱུ་བཀྲམ་འདྲ་ལས། །  
མཛོད་དགེའི་ས་ཆར་ཐ་མལ་གོས་བཀླུབས་ཏེ། །  
སེམས་ཅན་སྡུག་བསྔལ་གཟེབ་ལས་ཐར་བ་ཡི། །  
ཆོས་ཀྱི་དྲ་མིག་འབྱེད་པའི་དཔལ་དུ་བཞེངས། །  
ན་ཚོད་སྒྱུ་མའི་དོས་ཐག་མ་ཆད་ཀྱང་། །  
བྱ་སྤྱོད་ཡིད་འོང་མེ་ཏོག་དགོད་པ་ལས། །  
བྱིས་པའི་རྡོལ་ཐབས་སྤྲེ་འུའི་རོལ་རྩེད་ཀྱི། །  
རྒྱ་ལ་མི་ལྷུང་ཕལ་བའི་གཤིས་དང་བྲལ། །  
དམ་པའི་སྒྲོས་ན་འཛག་པའི་གསུང་རབ་ཀྱི། །  
བྱིན་རླབས་སྙིང་ལ་འཐུང་བའི་ཤེད་མོང་གིས། །  
སྐྲ་ནག་ཁ་བའི་མདངས་ལ་མ་བསྐུར་བར། །  
མཁས་པའི་གོ་འཕང་རྡོག་པས་བརྫིས་ཞེས་ཐོས། །   
ནམ་ཞིག་འཁྲུལ་བྲལ་མཛུབ་མོའི་བརྡ་ཐབས་ཀྱིས། །  
ཁྱེད་ལ་འབྲེལ་ཐོགས་མྱ་ངན་ཐང་གི་བུ། །  
མང་ལྗོངས་ས་ཡི་ཕྱོགས་སུ་གདའ་འོ་ཞེས། །  
ལུང་བསྟན་གསང་བའི་རོལ་མོ་ཐུགས་ལ་ལྷུང་། །  
རྩྭ་ལྗང་གོས་སུ་བྱས་པའི་ས་གཞི་ལ། །  
མེ་ཏོག་སྣ་མང་སྐེ་རགས་ལྟར་བཅིངས་པའི། །  
མང་རའི་ལྗོངས་སུ་ཡུད་ཀྱིས་གཤེགས་པའི་ཚེ། །  
དཀར་ཕྱོཊ་པ་རྣམས་འཛུམ་པའི་མདངས་ཀྱིས་བསུ། །  
ཐ་མལ་བློ་ཡི་སྣོད་དུ་མི་ཤོང་བའི། །  
ངོ་མཚར་གྲུབ་པའི་རྟགས་མཚན་སྣ་ཚོགས་ཀྱིས། །  
སྤོས་མདུད་མཚན་གྱི་རྫ་རྔ་སྤོམ་པོའི་སྒྲ། །  
སྲིད་པ་གསུམ་གྱི་ཁོར་ཡུག་ཀུན་ལ་སྦྲེང་། །  
དེ་ལྟར་མཛད་འཕྲིན་ཉི་ཟླའི་རྣ་ལོང་གིས། །  
ལུགས་གཉིས་དགེ་བའི་འོད་ཟེར་སྤྲོས་པའི་ཚེ། །  
ཕན་བདེ་གྲོ་ནས་བུ་གཡུར་དུ་ཟ་བའི་འབྲས། །  
སྐལ་བཟང་ཞིང་བའི་དཔལ་དུ་སྨིན་པར་བྱས། །  
རྒ་ཤིའི་གཟེབ་ཀྱིས་ནམ་ཡང་མི་ཟིན་པའི། །  
ཚེ་སྲོག་རྡོ་རྗེའི་ལྷུན་པོར་མངའ་བརྙེས་ཀྱང་། །  
འཁྲུལ་སྣང་ཨ་འཐས་ཅན་གྱི་བློ་ངོགས་སུ། །  
ཞི་དབྱིངས་སྤྲིན་དཀར་སྟུག་པོའི་དཀྱིལ་དུ་གཤེགས། །  
དེ་ཚེ་སྡུག་བསྔལ་སྒྱུ་མའི་འཕྲང་རིང་ལས། །  
བདག་ཅག་སྒྲོལ་བའི་མགོན་དང་བྲལ་ལོ་ཞེས། །  
སྨྲེ་སྔགས་བཟློས་བརྗོད་སྨྲ་བའི་ཁུར་ཆེན་གྱིས། །  
འགྲམ་པའི་རུས་པ་ཟད་ཅིང་བྲི་བར་བྱེད། །  
མགོན་དེའི་ཡང་སྤྲུལ་ཟླ་འོད་བསིལ་བའི་ཆབ། །  
སྡེབ་སྦྱོར་ཚིག་གི་འཕལ་རྐང་འགྲིག་པ་ཡི། །  
ངག་རིག་དབྱངས་ཀྱི་ལྟེ་བར་སྦྱོར་བ་ནི། །  
སྐབས་བབ་བརྗོད་བྱའི་སྙིང་བོར་ཤུགས་ཀྱིས་དྲན། །  
ཚངས་པའི་རྣམ་རྟོག་པིར་གྱིས་མ་བྲིས་པར། །  
ལས་ཀྱི་དབང་གིས་བྱུང་བའི་སྣོད་ཆེན་པོ། །  
འཛམ་བུ་གླིང་ཞེས་སྙན་པའི་རྔ་གླིང་གིས། །  
སྲིད་ཞིའི་ཁོར་ཡུག་དྲི་ཟའི་ཡུལ་དུ་བསྒྲུབས། །  
དུས་བཞིར་ཞི་བ་མེད་པ་ཁ་བའི་ཞྭ། །  
ལྷན་སྐྱེས་བཞིན་དུ་དབུ་ལ་བཅིངས་པའི་རི། །  
མུ་ཁྱུད་གཅིག་ཏུ་མཛེས་པ་བསིལ་ལྡན་ལྗོངས། །  
སྲིད་པའི་གཙུག་གི་ཞིང་ཁམས་གཅིག་པུར་བཤད། །  
ཆོལ་ཁ་གསུམ་གྱི་ཞགས་པས་བཅད་པ་ལས། །  
མདོ་སྨད་ཅང་ཤེས་རྟ་ཡི་ཕ་ས་ཞེས། །  
རྨ་རྒྱལ་གངས་དང་ཁྲི་ཤོར་རྒྱལ་མོ་སོགས། །  
ལྷུན་ཆགས་རི་དང་མཚོ་ཡི་ལྟེ་བ་ཡོད། །  
ཐུབ་པའི་དགོངས་པ་ཚོན་གྱི་རང་མདངས་ཆེ། །  
རྣམ་དཔྱོད་བློ་ཡི་རས་ལ་འཕོས་པའི་དཔྱིད། །  
སྐལ་བཟང་སྐྱེ་བོའི་མིག་ལ་འདོགས་པའི་མགོན། །  
ཙོང་ཁ་བ་ཡི་སྐྱེས་རིའང་འདི་ན་མཐོ། །  
སྙན་ངག་མཁན་གྱི་སྒྲོ་བཏགས་ཟེར་སྒྲོས་ཀྱི། །  
ཚོན་གྱི་འཇའ་རིས་ཅི་ཡང་མ་དོད་པའི། །  
མཚོ་ཆེན་ཁྲི་ཤོར་རྒྱལ་མོར་གྲགས་པ་གང་། །  
སྤྲིན་པའི་གོས་དང་བྲལ་བའི་ནམ་མཁའ་བཞིན། །  
ཁ་བའི་ལྷུན་པོ་བསྒྲིགས་པའི་ལྗོངས་གསེབ་ནས། །  
ལྷུང་ལྷུང་དབྱངས་ཀྱི་པི་ཝང་སྦྲེང་བཞིན་དུ། །  
བྱང་གི་ཕྱོགས་སུ་རྒྱུགས་པའི་རྨ་ཀློང་རྒྱུན། །  
གཡུ་འབྲུག་འཁྱུག་མ་ས་ལ་ལྷུང་དང་མཚུངས། །  
རྩྭ་ལྗང་གདན་གྱི་སྟེང་ལ་མེ་ཏོག་གིས། །  
ཕྲ་རྒྱན་སིལ་མར་བཏབ་པ་མང་རའི་ལྗོངས། །  
གཡུ་ལོ་བཀོད་པའི་ཞིང་གི་དུམ་བུ་ཞིག །  
དྲས་ཏེ་ཡུལ་འདིར་འཕོས་པར་འཕྱང་མོ་ཉུག །  
རི་ཆེན་དབུ་རྩེ་སྤྲིན་གྱི་ཞྭ་མོ་ཅན། །  
དབྱར་དགུན་དུས་ཀྱི་རྣམ་བཞག་མ་མཆིས་པར། །  
ཁ་བའི་ཅོད་པན་འདོགས་པའི་ལྷུན་པོ་དག །  
ས་འདིའི་རྒྱན་དུ་བརྗིད་པའི་ཉམས་ཀྱིས་འགྱིང་། །
རྭ་རྩེ་མཁའ་ལ་གདེངས་པའི་ཞོལ་ཆེན་གཡག །  
སྐར་ཚོགས་ས་ལ་བརྡལ་འདྲའི་བལ་ལྡན་ཁྱུ། །  
སྦྲ་ནག་ཀ་ཆོན་མཐོ་བའི་རུ་བ་སོགས། །  
མིག་གི་དཔྱིད་དུ་ཡང་དང་ཡང་དུ་འཁོར། །  
མི་རྣམས་བློ་རྩེ་དཀར་ཞིང་བྱམས་པའི་མིག །  
ཟུམ་པ་མེད་པའི་གཤིས་རྒྱུད་ཡིད་འོང་མ། །  
ནམ་ཡང་མི་འབྲལ་ལུས་དང་གྲིབ་མ་བཞིན།།   
རང་གཞན་བདེ་བའི་ཟེའུ་འབྲུར་སྤྱོད་པ་རྨད། །
དེ་འདྲའི་སྣོད་བཅུད་པདྨའི་ཟེ་བ་ལས། །  
ཀ་གྱ་ཞེས་པའི་མིང་གི་བུང་བ་དཀར། །  
ས་ཐག་རིང་ཐུང་འགྲུལ་བ་སྣ་ཚོགས་ཀྱི། །  
རྣ་བའི་འདབ་མར་རྒྱང་ནས་འཁོར་བ་མཆིས། །  
སྡེ་འདིར་སྐུ་བྱད་དངུལ་གྱི་མེ་ལོང་གི །  
མི་མཐུན་མཚན་མའི་གཡའ་ཀུན་ཕྱིས་པ་ཡི། །  
ངོ་མཚར་ཁྱེ་འུ་སྐྱེ་མཆེད་དྭངས་པ་ཞིག །  
ཆུ་བུར་མིག་གི་ཡུལ་ལ་མངོན་པར་འཛུམ། །  
དེ་ཚེ་སྣ་མང་ཚོན་གྱི་མདངས་སྒྲིག་པའི། །  
འཇའ་ཚོན་གོས་ཀྱི་ཆུན་པོ་དཔྱངས་འདྲ་བ། །  
གཞིས་ཀྱི་ཁོ་ར་ཁོ་ཡུག་ཐམས་ཅད་དུ། །  
བཀྲ་བ་བློ་ཡི་སྣོད་ལ་ཆུད་མ་གྱུར། །  
ལང་ཚོ་སྒྱུ་མའི་རྣམ་འགྱུར་ཕྲ་ན་ཡང་། །  
བྱིས་པའི་སྤྱོད་པ་ནགས་ཀྱི་སྤྲེ་འུའི་གར། །  
ཏིལ་འབྲུ་ཙམ་ཡང་མེད་པར་དམ་པའི་ལམ། །  
ཡོ་བ་མེད་པར་འདེད་འདི་ཨེ་མ་ཧོ། །  
རྡོ་རྗེ་ཕྱག་ལ་བསོར་བ་ཙམ་གྱིས་ཀྱང་། །  
བསྟན་དགྲ་ཁྱི་སྤྱང་བཞིན་དུ་འབྲོ་བ་ཡི། །  
གསང་བདག་མི་ཡི་རྣམ་པར་རོལ་བ་ཡིས། །  
སྤོས་མདུད་བླ་མའི་འཁྲུལ་མེད་སྐུ་སྐྱེར་བསྔགས། །  
དམ་པ་གོང་མའི་བྱམས་བརྩེའི་ཟེའུ་འབྲུ་ལ། །  
ལོངས་སུ་སྤྱད་པའི་ལྷ་སྡེ་དཀར་བོ་ཡི། །  
དད་འབངས་སྤྲིན་ཕུང་འཐིབས་འདྲས་སྔུན་བསུས་ཏེ། །  
སྤྱི་གཙུག་མེ་ཏོག་འཛུམ་པའི་གདན་ལ་བཀོད། །  
རྣམ་དཔྱོད་རིག་པའི་སྤུ་གྲི་གདེངས་པའི་སོར། །  
ཡི་གེ་སྦྱོར་ཀློག་ནས་བརྩམས་ཤེས་བྱ་ཡི། །  
འབྲས་བུ་གཡུར་དུ་ཟ་བ་སྙེ་མའི་ཚོགས། །  
རེག་པ་ཙམ་གྱིས་རྟོགས་དཀའི་མགོ་ལྕོག་ལྷུང་། །  
དགུང་ལོ་དྲུག་པའི་འཛུམ་ཆུང་སད་པ་ན། །  
རྔ་གླིང་སྙན་འགྱུར་རོལ་མོས་སྔུན་བསུས་ཏེ། །  
ཆོས་ཀྱི་ཁྲི་ལ་མངོན་པར་བཞེངས་པའི་ཚེ། །  
བཀྲ་ཤིས་ཉི་མ་ཕྱོགས་དང་ཕྱོགས་སུ་འཛུམ། །  
བཟོད་པའི་མཚན་དུ་འབོད་པ་དེ་ཡི་དྲུང་། །  
རྒྱུད་སྡེ་ཆོ་ག་ཆོས་སྤྱོད་སྦྲང་རྩིའི་བཅུད། །  
བློ་གྲོས་བུང་བས་ངོམས་མེད་འཐུང་བ་ལས། །  
ལེགས་བཤད་སྒྲེགས་པའི་དྲི་ཞིམ་རབ་ཏུ་འཕྱོ། །  
དགུང་ལོ་བརྒྱད་པའི་འདབ་ལག་སྨིན་པའི་ཚེ། །  
སྐྱིད་སྡུག་རླུང་ལྟར་འཚུབ་པའི་འཁོར་བ་ལ། །  
ཡིད་ཀྱི་ཤིང་སྐམ་སྐྱོ་བས་མ་བཟོད་པར། །  
རབ་བྱུང་བསིལ་བའི་ལོ་མ་གོས་སུ་བྱས། །  
མཁས་དབང་ལྷུན་པོ་ཕྲེང་དུ་བསྒྲིགས་འདྲ་ལས། །  
ལེགས་བཤད་ཟླ་བའི་འོད་སྣང་བསིལ་བའི་ཆབ། །  
རྣམ་དཔྱོད་བློ་ཡི་དཀྱིལ་དུ་སིམ་པ་ན། །  
ལུང་རྟོགས་ཀུ་མད་ཁ་ཆིངས་ཞིག་པར་གྱུར། །  
དཔའ་མོའི་རྒྱང་གླུ་སེམས་ཀྱི་རྩེར་ལྷུང་ནས། །  
ཚེ་ཐུང་གཅིག་ལ་སངས་རྒྱས་སར་གཤེགས་པའི། །  
ཨ་ཁུ་ཆེ་ཆུང་གཉིས་ལས་གསང་སྔགས་ཀྱི། །  
སྦས་དོན་མདུད་རྒྱ་བཤིགས་པའི་མན་ངག་འཐུང་། །  
འཇམ་མགོན་བླ་མའི་བཞེད་པ་གངས་ཀྱི་རི། །  
སྒྲོ་བཏགས་གཅམ་བུའི་སྤྲིན་གྱིས་མ་བསྒྲིབས་པར། །  
རང་བཞེད་ཁ་གཙང་དྲི་མ་མེད་པའི་ཆབ། །  
རྒྱུན་མི་འཆད་པའི་མགོན་དེ་གུས་པས་བསྟེན། །  
གཞུང་བརྒྱའི་སྤུ་རིས་འབྱེད་པའི་ཤེས་རབ་ཀྱི། །  
རལ་གྲིའི་སོ་ཁ་རྣོ་ཡང་ཁེངས་སྐྱུང་གིས། །  
ཉོན་མོངས་བློ་རྒོད་ཐབས་ཀྱིས་བཏུལ་བ་དང་། །  
ཀུན་གྱི་དམའ་ས་འཛིན་པའི་ངང་ཚུལ་མཛེས། །  
ཡིད་ཀྱི་ཟེའུ་འབྲུར་སྙིང་རྗེའི་རྡུལ་ཆགས་ཏེ། །  
གང་ཟག་གཅིག་གི་མྱ་ངན་སེལ་བའི་ཕྱིར། །  
དམྱལ་བའི་མེ་ལ་རྟག་ཏུ་འཇུག་དགོས་ཀྱང་། །
ཉིན་གུང་གླང་བོ་ཆུ་ནང་སྤྲོ་བ་བཞིན། །  
མ་རིག་གཉིད་ཀྱི་གཟེབ་ཏུ་ཚུད་པ་ཡི། །  
སེམས་ཅན་མཐོང་ཚེ་སྙིང་ལྟར་གཅེས་པའི་བུ། །  
དགྲ་བོའི་ཁྱུ་ནས་ལུས་པའི་ཕ་རྒོད་བཞིན། །  
སྐྱོབ་པའི་མཚན་ཆ་གདེངས་ལ་ཞུམ་པ་བྲལ། །  
འགྲོ་བའི་བློ་མིག་ཉོན་མོངས་ལིང་ཏོག་གིས།།
ཞ་བོར་འགྱུར་བའི་རྣམ་པ་མཐོང་བའི་ཚེ། །  
དུག་ཆུ་བསྐུས་པའི་བཟའ་བཅའ་བཏུང་བ་ཡི། །  
སྡུག་པའི་བུ་ལ་བརྩེ་བའི་མ་ལྟར་ངུ་། །  
དེ་ལྟར་བདག་འཛིན་ཡུགས་མོའི་སྐྲ་ལོ་བཞིན། །  
ཕངས་མེད་བཏང་ནས་གཞན་ཕན་སྙིང་རྗེའི་ཁུར། །  
ཕྲག་ཏུ་ལེན་པའི་སེམས་བསྐྱེད་རྡོ་རྗེ་རིས། །  
སེམས་དཔའི་ལྷུན་པོ་གཞན་གྱིས་ཐེག་པར་དཀའ། །
ནམ་ཞིག་ཆོས་སྲིད་མེ་ཏོག་རྒོད་པའི་མདངས། །  
རྐྱེན་ངན་སྐྱིན་ཐང་དྲག་པོས་བཅོམ་པའི་ཚེ། །  
འགྲོ་མང་བུང་བའི་ཁྱུ་ཚོགས་སྡུག་བསྔལ་གྱི། །  
གཏིང་ལ་རི་གཟར་རྦབ་རྡོ་བཞིན་དུ་འདྲིལ། །  
བོད་འབངས་ཏིལ་གྱི་གང་བུ་བཞིན་བཙིར་ནས། །  
ཙི་ནའི་ཁབ་ཏུ་བཙུད་པའི་ལོ་ཟླའི་ནང་། །  
བཀྲེས་སྐོམ་མི་བཟད་མདུང་རིང་སྨྱོ་སྐོར་གྱིས། །  
ཚེ་སྲོག་རྩམ་སྐྱ་རླུང་ལ་སྤུར་འདྲ་བྱས། །  
ལུང་རིགས་བགྲོ་གླེང་ཟབ་མོའི་རོལ་རྩེད་ཀྱིས། །  
རྟོག་པས་བཏགས་པའི་ཆོས་རྣམས་ཀུན་གྱི་གཤིས། །  
གཏན་ལ་འབེབས་པའི་གྲྭ་སའི་རིགས་སྨྲ་རྣམས། །  
མེ་མདའི་མཆུ་ལ་རི་དྭགས་བཞིན་དུ་དེད། །  
གང་གི་སྐུ་ལའང་སྒྲོ་སྐུར་མཚོན་ཕྱར་ཏེ། །  
སྡུག་བསྔལ་རྩུབ་མོའི་འཁོར་ལོ་བསྐོར་ན་ཡང་། །  
བཟོད་པའི་གོ་ཆ་ནམ་ཡང་མི་འདོར་བར། །  
སེམས་དཔའི་སྙིང་སྟོབས་ཡིད་ལ་འཆང་བ་རྨད། །  
དེ་ལྟའི་ལོ་ཟླ་སྲིན་པོ་ཁྲོས་པའི་གདོང་། །  
རེ་ཞིག་དུས་ཀྱི་འགྲོས་ལས་ཡོལ་ན་ཡང་། །  
སླར་ཡང་རིག་གསར་བུ་ཡུག་རླུང་འཚུབ་མ། །  
མཐོ་བའི་ཡུལ་གྲུ་ཀུན་ལ་ལྡང་བར་གྱུར། །  
དབེན་པའི་བྲག་ལ་སྡོད་པའི་རས་པ་ཚོ། །  
ར་ལུག་འཚོ་སྐྱོང་བྱེད་པའི་རྫི་བོ་དང་། །  
ངུར་སྨྲིག་བླ་གོས་འཆང་བའི་བཙུན་པ་རྣམས། །  
ཁྱིམ་གྱི་བཟའ་ཉོག་གསོ་བའི་དཔོན་དུ་བསྐོས། །  
འབངས་མི་ཆོས་བཞིན་བསྐྱངས་པའི་བླ་དཔོན་དག །  
བཤུ་གཞོག་ཕུངས་འདྲེ་འགུག་པའི་གཏེ་བོ་ཞེས། །  
ཞྭ་ནག་དགུ་བརྩེགས་གྱོན་པའི་ལོ་ཟླ་ནི། །
དམྱལ་བ་ཚེ་འདིར་མངོན་སུམ་བཞིན་དུ་གྱུར། །  
གང་ལའང་ཉེས་བཤད་ཁྭ་ཏའི་སྒྲོ་བཙུགས་ཏེ། །  
མི་ཐར་བཙོན་མའི་ར་བར་ཡུན་རིང་དུ། །  
ལྟོ་སྐྱ་གོས་དང་བྲལ་བའི་འཚོ་བ་ཡིས། །  
མི་ལོ་དུ་མའི་རིང་དུ་བཞུགས་ཞེས་ཐོས། །  
དེ་ཚེ་རང་ལ་ཐོབ་པའི་ཟས་སྐལ་ཡང་། །  
སྤྱོད་པར་མ་ནུས་གཞན་ལ་སྟེར་བ་ཡི། །
ངེས་དོན་སྦྱིན་པའི་ཕྱག་ཟུང་རིང་བ་འདི། །  
སེམས་དཔའི་རྣམ་ཐར་དྲི་མ་བྲལ་བ་ཉིད། །  
ནམ་ཞིག་སྲིད་ཇུས་ཉི་མ་གསར་བའི་མདངས། །  
སྒང་བ་བོད་ཀྱི་ལྗོངས་སུ་འཕྲོས་པའི་ཚེ། །  
མི་བཟད་བཙོན་གྱི་འཆིང་རྒྱ་བཤིགས་པ་ན། །  
སླར་ཡང་འགྲོ་དྲུག་དགྱེས་པའི་དཔལ་དུ་བྱོན། །
ཞབས་རྗེས་རྡོ་རྗེའི་རིས་སུ་བཀྲ་བའི་དབྱིབས། །
དབུས་འགྱུར་འཛིན་མའི་ཞིང་ལ་ཉེར་བཀོད་དེ། །
གྱ་ནོམ་མཆོད་པའི་མེ་ཏོག་བཀྲམ་པའི་ཚེ། །  
རྒྱལ་ཀུན་ཕྱོགས་བཅུའི་སྤྲིན་ལྟར་འདུ་བ་རྨད། །
གཙུག་ལག་ཁང་དང་གདན་ས་རྣམ་བཞི་ལ། །  
མཇལ་སྐོར་མང་ཇའི་ཆུ་རྒྱུན་སྦྲེང་བ་ཡིས། །  
ཁྱིམ་བདག་ཆེན་པོ་མགོན་མེད་ཟས་སྦྱིན་གྱི། །  
རྙེད་བཀུར་མཆོད་པའི་འོད་མདངས་མོག་པོར་བྱས། །  
བཤད་སྒྲུབ་དར་ཆེན་གཡོ་བའི་ཆོས་ཀྱི་སྡེ། །
གསར་འདེབས་བགྱིད་པའི་ཐུགས་རིས་ཤར་བའི་ཚེ། །  
མི་འབྲལ་སྙིང་གི་ཟེའུ་འབྲུར་བྱིན་ཆགས་པའི། །  
ཡི་དམ་ལྷ་ཡིས་ལུང་བསྟན་ཆར་ལྟར་བསྙིལ། །  
དེ་ཚེ་ལྷ་སྡེ་ཕྱུག་མོའི་མཐུན་རྐྱེན་འོག །  
སྡེ་སྣོད་གསུམ་གྱི་ཆུ་རྒྱུན་ཀློང་བརྡོལ་བའི། །  
ཕུན་ཚོགས་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་། །  
གཡུ་རྒོད་ལྷུན་པོའི་བརྗིད་པའི་ཞོལ་དུ་བཏབ། །  
བི་ཤྭ་ཀརྨའི་བློ་ལ་མ་ཤར་བའི། །  
རྟེན་བཟང་རི་མོ་ངོ་མཚར་མིག་གི་དཔྱིད། །  
མཐོང་བའི་མོད་ལ་རྣམ་རྟོག་པིར་རྩེ་ཡིས། །  
རྒྱལ་བ་སུ་ཡི་ཞིང་ཞེས་ཐེ་ཚོམ་བྱེད། །  
ཆོས་ཀྱི་པོ་ཏི་ལྷུན་པོ་ལྟར་བརྩིགས་ཤིང་། །  
མཆོད་རྟེན་བརྒྱད་དང་གཙུག་ལག་ཁང་ཆེན་སོགས། །  
མདོར་ན་རྟེན་གསུམ་ཕྱུག་པོའི་བང་མཛོད་ལྟར། །  
ས་འདིའི་སྐྱེ་དགུའི་དཔལ་དུ་ལྷམ་མེར་བཞུགས། །  
ཡབ་རྗེ་བླ་མའི་གདམས་ངག་སྤྲིན་སྔོན་ལས། །  
རྒྱུད་ཀྱི་མཐར་ཐུག་དཔལ་ལྡན་དུས་འཁོར་སོགས། །  
སྤྱི་དང་ཟུར་བཀའི་སྨིན་བྱེད་དབང་གི་ཚོགས། །  
རྣམ་དཔྱོད་རྐེད་པར་བཅིངས་པའི་རྣམ་ཐར་མཛེས། །  
ཤིན་ཏུ་ལྐོག་གྱུར་ཤེས་བྱ་སྒྱུ་མའི་རྫས། །  
ལག་མཐིལ་རི་མོ་བཞིན་དུ་གསལ་བྱེད་ཅིང་། །  
སྒྲིབ་གཉིས་མུན་པའི་འགོག་པ་མི་མངའ་བའི། །  
ཡེ་ཤེས་ཉི་མའི་སྤྱན་ཟུང་ཁྱེད་ལ་མངའ། །  
སྡུག་བསྔལ་ན་བའི་ལྕགས་སྒྲོག་འཇིགས་རུང་མས། །  
དབུགས་དབྱུང་ཙམ་ཡང་མེད་པར་འཆིང་བའི་འགྲོ། །  
བདེ་བའི་གནས་ལ་བཀོད་པའི་མཛད་ཆེན་ལ། །  
རྒྱལ་བ་རྣམས་ཀྱིས་བསྔགས་པའི་གླུ་དབྱངས་ལེན། །  
རྒྱ་བོད་རིས་སུ་མེད་པའི་དད་ལྡན་གྱིས། །  
དཔྲལ་བའི་མེ་ལོང་ས་ལ་རི་མོ་བཞིན། །  
གཡོ་བར་བཙུགས་ནས་སྲིད་མཐའི་བར། །  
སྐྱབས་ཀྱི་དྭངས་མར་མཛོད་ཅེས་ཡང་ཡང་ཟློ། །  
ལུང་རྟོགས་རྒྱལ་མཚན་གཡོ་བའི་ཆོས་ཀྱི་སྡེར། །  
རྒྱུད་སྡེ་ཆོ་ག་ཕྱག་ལེན་དྲི་མེད་པ། །  
བརྩི་བྱའི་ཡུལ་དུ་མངོན་པར་མཐོ་བ་ཡི། །  
ཆོས་ཐོག་སྣ་ཚོགས་ཕྲེང་བ་ལྟ་བུར་བཙུགས། །  
འབེལ་གཏམ་མཛོད་དུ་འཆང་བ་དགེ་བའི་བཤེས། །  
དཔའ་རིས་བསྟན་འཛིན་ཞེས་པའི་མཚན་སྙན་ཅན། །  
སྐལ་བཟང་བུང་བར་དགའ་སྟོན་འབྱེད་པའི་ཕྱིར། །  
དགོན་འདིར་སྤྱན་དུ་དྲངས་པའི་མཛད་བཟང་མཐོ། །  
ཁྱད་པར་ལུང་རྟོགས་ཆོས་ཀྱི་གཤོག་ཟུང་གིས། །  
གདུལ་བྱའི་དབྱིངས་ན་འཆད་པའི་གར་བསྒྱུར་ཞིང་། །  
རབ་འབྱམས་གཞུང་བརྒྱ་སྨྲ་བའི་བཤེས་གཉེན་ཆེ། །  
ཆོས་ཀྱི་སྡེ་འདིར་ཞུས་པའི་རྣམ་ཐར་མཛེས། །  
ཉིན་ཞག་ཁོར་མོ་ཡུག་ཏུ་བྱ་བྲལ་གྱིས། །  
སྒྲུབ་ལ་གཞོལ་བའི་ངང་ཚུལ་མཐོང་ཙམ་ནས། །  
གངས་དཀར་ཏི་སེའི་ལྟོངས་ཀྱི་རས་པ་བ། །  
མི་ལ་བཞད་པའི་རྡོ་རྗེ་དྲན་པར་བྱེད། །  
འདི་སྣང་འབོལ་གདན་རྩེག་མའི་ཡང་སྟེང་དུ། །  
ཆོས་སྐད་ཚོན་པོ་སྒྲོག་པ་མ་ཡིན་པར། །  
ཉམས་ལེན་སྲོག་གི་ཟླ་བོར་འཁྱེར་བ་ཡི། །  
འདྲེན་པའི་ཤིང་རྟ་ཁྱོད་ཉིད་གཅིག་པུ་ལགས། །  
དཔའ་བོ་དཔའ་མོའི་རྒྱང་གླུ་ལྷང་ལྷང་གིས། །  
བདེ་སྟོང་ཏིང་འཛིན་སྙིང་ལ་འབྲི་བ་ཡི། །  
ནཱ་རོ་མཁའ་སྤྱོད་དབང་མོའི་བཞིན་རས་ལ། །  
མངོན་སུམ་མཇལ་བའི་དགའ་སྟོན་སྲིད་ན་འབར། །  
མདོར་ན་དཔྲལ་སྐྱེས་ཆུ་བུར་མེ་ལོང་དུ། །  
སྣང་ཚོད་སྨྲ་བའི་ཁུར་ཡང་མི་ལྕོགས་ན། །  
གསང་གསུམ་ཕྲ་མོ་རྗོད་པའི་མགྲིན་པ་ནི། །  
བློ་ཆུང་བདག་འདྲའི་ལུས་ན་ག་ལ་ཡོད། །  
སྐྱེ་རྒ་ན་འཆིའི་མཚན་མ་བཏུལ་ཟིན་ཀྱང་། །  
རྟག་འཛིན་རྨོངས་པ་གཏི་མུག་འཁྲུག་པའི་ངོར། །  
ཞི་བའི་དབྱིངས་སུ་གཤེགས་པའི་ངང་ཚུལ་གྱིས། །  
དོག་མོ་ས་ཡིས་སྐྱོ་བའི་སྐེ་རགས་བཅིངས། །  
བྱམས་བརྩེ་སྟོན་གྱི་ཟླ་འོད་ཞུན་མའི་ཆབ། །  
མྱང་འདས་རྡོ་མཁར་རྩེ་ལ་ནུབ་པའི་ཚེ། །  
སྐྱོ་བའི་སྒྲོན་མེ་འདོགས་པའི་སེམས་ཅན་གྱིས། །  
མྱ་ངན་བཟློས་བརྗོད་འགྲམ་པའི་ཁུར་དུ་ལྷུང་། །  
སྡུག་བསྔལ་སོར་མོ་བྲང་ལ་འདེབས་པ་ཡི། །  
འགྲོ་བ་རྣམས་ལ་མ་འདྲིས་མཛའ་བཤེས་ཀྱི། །  
འོད་ཀྱི་ཞགས་པ་ནམ་ཡང་མ་ཆད་པར། །  
སྤྲུལ་བའི་ཁྱེ་འུ་སླར་ཡང་འབྱུང་བར་ཤོག །  
བརྗེད་ངེས་སྟོན་གྱི་སྤྲིན་བཞིན་ལངས་པ་ཡིས། །  
ཤེས་བྱའི་སྐར་ཚོགས་ལྷག་མེད་སྒྲིབ་པ་ལ། །  
དྲན་པའི་དབང་བོ་ཉི་འོད་ལྟར་གསལ་བ། །  
ཐོགས་མེད་སྤྲོ་བའི་མགོན་དུ་འབྱོན་པར་མཛོད། །  
དེ་ལྟར་སྙན་ཚིག་རྡོ་རྗེ་སྦྲེལ་བའི་གླུ། །  
དད་པའི་ཤུགས་དང་འགྲོཊ་པ་དབྱངས་ཀྱི་མཛོད། །  
ཉམ་ཆུང་ངག་རིག་སྨྲ་བའི་སྡེབ་སྦྱོར་གྱི། །  
བང་རིམ་བྲག་ལྟར་བརྩིགས་པའི་དཀྱིལ་ནས་སྨིན། །  
བློ་གྲོས་ཏིལ་གྱི་གང་བུ་བཙིར་བ་ལས། །  
ཐོན་པའི་ངག་རིག་སྣུམ་ཞག་དྭངས་མོའི་རྒྱུན། །  
སེམས་བསྐྱེད་སྒྲོན་མེ་སྦར་བའི་རྐྱེན་ཙམ་དུ། །  
བདག་བློ་དང་བའི་དཔལ་གྱིས་རབ་ཏུ་སྦྱར། །

                                                     ཞུ་འཕྲིན་གསེར་གྱི་དྲིལ་ཆུང་།
 
དམར་སེར་ལང་ཚོས་འཁྱུད་པའི་ཡེ་ཤེས་སྐུ།།
བྱམས་དང་བརྩེ་བའི་ཤུགས་ཀྱིས་མ་བཟོད་པར།།
དུས་འདིར་ངུར་སྨྲིག་བླ་གོས་འཆང་བའི་མགོན།།
མི་ཕམ་དགེ་བའི་བཤེས་ཀྱི་མདུན་ས་ལ།།
ཡོན་ཏན་རྨ་བྱའི་སྒྲོ་ཆུན་གྱིས་དོར་ཞིང་།།
ཆོས་བརྒྱད་འདུ་འཛིའི་ཕྲེང་བ་སྟུག་པོ་ཡིས།།
མགུལ་བར་སྤྲས་པ་གྱི་ནའི་གཟུགས་ཅན་གྱིས།།
ཞུ་འཕྲིན་ཚིག་གི་མགྲིན་པ་རྒྱང་ནས་འདེགས།།
སྐུ་ལུས་པདྨའི་བཞིན་རས་འཛུམ་པའི་གཟུགས།།
ཆུ་བུར་མིག་གི་རྫིང་བུར་འཆར་བཞིན་དུ།།
ལེགས་བཤད་གེ་སར་རྒོད་པའི་ཟིལ་དངར་གྱིས།།
བློ་ལྡན་རྐང་དྲུག་སྐྱོང་བཞིན་བཞུགས་ལགས་གྲང་།།
འདི་ན་ནགས་མཐའ་ཉུལ་བའི་སྤྲེའུ་ལྟར།།
ཆོས་བརྒྱད་བྱིས་པའི་རོལ་རྩེད་ལྷུར་བླངས་ཏེ།།
ཚེ་ཡི་ཉི་མ་རྙེད་བཀུར་ཆུ་ལྷའི་སྤོར།།
ནུབ་ལ་བརྩོན་བཞིན་སྐབས་སུ་བདེ་བས་འཚོ།།
དེང་དུས་ཐུབ་བསྟན་སྣུམ་ཟད་སྒྲོན་མེ་དང་།།
སྟོན་མཐའི་མེ་ཏོག་འདྲ་བར་གྱུར་པ་ནི།།
ཐུགས་ཀྱིས་མ་བཟོད་སྐྱེས་ཆེན་ཟླ་བའི་ཚོགས།།
ཞི་དབྱིངས་ཆུ་གཏེར་འཁྲིགས་པའི་ཀློང་དུ་བཞུད།།
དེའི་ཚེ་ལོག་སྤྱོད་ཁ་སྟབས་རྒྱས་པའི་མཐུ།།
ཞག་ལྡན་བུ་མོའི་མཁུར་གྱིས་མ་བཟོད་པར།།
སྣོད་བཅུད་ངན་འགྲོའི་ཆུ་ལ་བྱིང་དོགས་ནས།།
ཕག་རྒོད་མཆེ་བས་འདེགས་པའི་ཐབས་ཀྱིས་བྲེལ།།
ལ་ལ་རྙེད་བཀུར་མེ་ཏོག་བརྩེགས་པའི་ཁྲིར།།
སྒྲོ་བཏགས་ཡོན་ཏན་རྫུན་མའི་མཐུ་ཡིས་འགྱིང་།།
ཆོས་བཤད་ནེ་ཙོའི་མ་ཎི་ལྟ་བུ་ཡིས།།
འགྲོ་དོན་ཁུར་དུ་ལེན་པའི་སྙིང་སྟོབས་འཆང་།།
འགའ་ཞིག་སྲིད་པའི་རང་བཞིན་སྨིག་སྒྱུའི་ཆབ།།
ཐར་ལམ་བདུད་རྩིའི་རྒྱུན་ལ་འཁྲུལ་སྣང་གིས།།
འདོད་ཡོན་ཆུ་སྐྱེས་འཛུམ་པའི་དགའ་ཚལ་དུ།།
འདི་སྣང་ལྟད་མོར་རོལ་པས་ངལ་ཞིང་མཆིས།།
ཁ་ཤས་སྡུག་བསྔལ་མུན་པ་སྟུག་པོའི་ཁྲོད།།
ལས་ཉོན་གཏི་མུག་ཟབ་མོའི་མཚོར་བྱིང་སྟེ།།
བདེ་སྡུག་སྣ་ཚོགས་འཆར་བའི་རྨི་ལམ་གྱིས།།
གཏན་བདེ་ཉི་མའི་ཟེར་ལ་རྒྱབ་ཀྱིས་གཏོད།།
ཀྱེ་མ་ཀྱི་ཧུད་འདི་འདྲའི་ཁོར་ཡུག་ལ།།
ཆོས་རྫུའི་རྒྱུ་སྐར་ཚར་དུ་དངར་ན་ཡང་།།
གཞུང་དོན་པད་ཚལ་འབྱེད་པའི་འོད་སྣང་ཙམ།།
བྲལ་བའི་ཚུལ་འདིར་ཡི་ག་གཏིང་ནས་འཆུ།།
དེ་ཕྱིར་སྲིད་འདིར་བསྟན་པའི་གདུགས་དཀར་པོ།།
བཤད་སྒྲུབ་གསེར་གྱི་ཡུ་བས་འདེགས་པ་ལ།།
ཁྱོད་ལས་མེད་ཅེས་རེ་བའི་མེ་དཔུང་གིས།།
སེམས་ཀྱི་བུད་ཤིང་བསྲེག་ལ་མངོན་དུ་ཕྱོགས།།
ཉིན་བྱེད་ཟེར་དང་བྲལ་པའི་ཆུ་སྐྱེས་དང་།།
ཟླ་བའི་འོད་ཀྱིས་སྤངས་པའི་ཀུ་མུད་བཞིན།།
དཔལ་སྟུག་ཀུན་གྱིས་དོར་བ་ཐུབ་པའི་བསྟན།།
དམ་པ་ཁྱོད་ཀྱི་ཕྲག་པར་ཤུགས་ཀྱིས་ལྷུང་།།
དེ་སླད་མཚན་དཔེ་སྣང་བརྙན་འབར་བའི་སྐུ།།
སྐྱེ་དགུའི་དཔལ་དུ་ལྷུན་པོ་ལྟར་བརྟན་ཅིང་།།
ལེགས་བཤད་ག་བུར་ཞུན་མའི་ཆབ་ཕྲེང་གིས།།
སྡུག་བསྔལ་ཚ་གདུང་མ་ལུས་གཞིལ་དུ་གསོལ།།
གཞུང་མང་ཚར་དུ་དངར་བའི་སྐྱེད་ཚལ་ན།།
དཀའ་གནད་བཞིན་རས་ཟུམ་པའི་བ་ཀུ་ལ།།
རྣམ་དཔྱོད་སྒེག་མོའི་འགྲམ་ཆང་གིས་ཕྱེ་སྟེ།།
བློ་ལྡན་བུང་བར་དགའ་སྟོན་བཀྱེ་བར་འཚལ།།
བདག་ཀྱང་རྣམ་རྟོག་སྒྱུ་མའི་ཤིང་རྟ་ཡིས།།
སྲིད་པའི་ལམ་དུ་ཡང་ཡང་ཁྲིད་པ་ལས།།
སེམས་རྒྱུད་གླང་བོའི་སྣ་ཞགས་རིང་མོའི་འགྲོས།།
འདོད་ཡོན་ཆུ་གཏེར་ཀློང་དུ་རྐྱོང་བར་བྲེལ།།
ཆོས་བརྒྱད་མཛེས་མའི་ལང་ཚོ་དར་བའི་དཔྱིད།།
དོན་དུ་གཉེར་བའི་ལས་ཀྱིས་ངལ་བའི་ཤུགས།།
བཟོད་པར་མ་ནུས་དབུགས་རིང་དབྱུང་བའི་སྒྲ།།
དཔྱིད་ཀྱི་རླུང་བུ་ལྡང་བའི་ཚུལ་ལ་རྟོག།
ཁྲེལ་མེད་གཡོ་སྒྱུའི་སྤྱོད་པར་གོམས་བྱས་ཏེ།།
བདག་ཉིད་གཅེས་པར་འཛིན་པའི་གཤིས་ངན་གྱིས།།
ངན་འགྲོའི་གཡང་ལ་རི་གཟར་རྦབ་ཆུ་ལྟར།།
དབང་མེད་རྒྱུག་པའི་ལས་འདི་སུ་ཡིས་ལྡོག།
དེ་ལྟ་ན་ཡང་ཁྱེད་སྐུའི་སྣང་བརྙན་འབུམ།།
རང་སེམས་མེ་ལོང་ངོགས་སུ་མ་ནོགས་པར།།
སྤྱི་གཙུག་ཉི་ཟླའི་གདན་ལ་བསྒོམ་བྱས་ན།།
ཚུལ་འདི་ཡོལ་བའི་ཐབས་ཚུལ་བདོག་པར་བསམ།།
རྣམ་གཡེང་འདུ་འཛིའི་རླུང་ཤུགས་དྲག་པོ་ཡིས།།
ཚེ་ཡི་མར་མེ་སྐྱོད་པའི་སྙོམས་ལས་པར།།
མན་ངག་བདུད་རྩིའི་ཐིགས་པ་སྤྲོ་བཞིན་དུ།།
བརྩེ་བའི་ལྕགས་ཀྱུས་ནམ་ཡང་འདོར་མེད་མཛོད།།
དེ་ལྟར་ཞུ་འཕྲིན་གསེར་གྱི་དྲིལ་བུའི་ལྕེ།།
དད་པའི་རླུང་དང་འཕྲད་པའི་རྟེན་འབྲེལ་གྱིས།།
སྙན་ཚིག་དབྱངས་སྙན་སྒྲོག་པའི་བྱ་མ་རྟ།།
དབེན་གནས་བཀྲ་ཤིས་འཛུམ་པའི་ལྗོངས་ནས་འཕུར།།

                                                  རྟོགས་བརྗོད་དངུལ་གྱི་དྲིལ་ཆུང་།
       
མ་འདྲིས་མཛའ་བ་སྔོ་བསངས་ནམ་མཁའི་གུར།།
འགྲོ་བའི་དཔྱིད་དུ་ཕིབས་ལ་མཐུ་བརྙེས་པ།།
མཚན་དཔེ་རྒྱན་དུ་བཏེགས་པ་ཐུབ་པའི་སྐུ།།
སྙིང་དབུས་ཆུ་སྐྱེས་འབར་བའི་གདན་ལ་བཞུགས།།
དཔག་པར་མི་ནུས་སེམས་དཔའི་སྙིང་སྟོབས་ཀྱིས།།
བུ་རམ་ཤིང་བའི་བསྟན་པའི་གདུགས་དཀར་པོ།།
སྲིད་གསུམ་ནམ་མཁའི་མཐའ་རུ་འདེགས་པའི་མགོན།།
རལ་གྲིའི་གདེངས་ཀ་འཆང་བ་དེ་ལ་འདུད།།
སྣང་སྲིད་ཆོས་ཀུན་བརྗོད་བྱའི་མཁའ་དབྱིངས་སུ།།
རྡོ་རྗེ་གླུ་ཡིས་འདྲེན་པ་མཚོ་བྱུང་མའི།།
ངག་གི་བྱིན་རླབས་འོ་མ་དཀར་པོའི་མདངས།།
བློ་དམན་མགྲིན་པ་འདེགས་པའི་རྒྱན་དུ་སྩོལ།།
གྲགས་སྙན་དབྱར་སྐྱེས་རྔ་ཆེན་ལྡིར་བའི་སྒྲ།།
སྲིད་ཞིའི་མཐའ་ལ་འབྱམས་པ་གྲུབ་པའི་དབང་།།
སྐལ་ལྡན་བུ་བཞིན་སྐྱོང་བའི་ཕ་རྒོད་ཀྱི།།
བརྩེ་བའི་ཞགས་པ་ནམ་ཡང་མ་ལྷོད་ཅིག།
མ་རིག་མུན་པ་འཁྲུད་པའི་གསུང་གི་ཆབ།།
དབྱར་གྱི་ཆར་བ་བཞིན་དུ་སྙིལ་བའི་ཁུར།།
བརྩེ་བའི་དབང་གིས་བདག་གིར་མཛད་པའི་བཤེས།།
ཚེ་རབས་ཕྲེང་བའི་སྐྱབས་སུ་ཡང་ཡང་རེ།།
ལྷ་གཅིག་ལོ་ཀེ་ཤོ་རའི་གསང་གསུམ་འོད།།
ཐ་མལ་བྱིས་པའི་གར་དུ་ཟློས་པའི་མགོན།།
དཔལ་ལྡན་བླ་མའི་མཛད་འཕྲིན་སྣང་བའི་འོད།།
རིག་བྱེད་རྒྱུད་མང་དབྱངས་ཀྱིས་བརྡུང་ལ་རིངས།།
བདེ་བར་གཤེགས་དང་ངོ་བོ་འོ་ཆུ་བཞིན།།
སོ་སོར་འབྱེད་པའི་གོ་སྐབས་མ་མཆིས་པའི།།
དཔལ་ལྡན་བླ་མའི་ལུས་སྐྱེས་བསེ་རུ་ཙམ།།
མཆོད་པའི་ལེགས་བྱས་རི་བོའི་གཏོས་སུ་བསྙེམས།།
དེ་ཕྱིར་སྐྱབས་གཅིག་ཧ་ས་བཛྲ་གྱི།།
རང་ལུགས་དྲི་མེད་དངུལ་གྱི་རྒྱལ་མཚན་ཆེ།།
རྒྱ་བོད་ཞག་ལྡན་ལྟོ་བར་བསྒྲེངས་པ་ལ།།
འགྲན་བྲལ་གང་དེའི་མཐུན་སྣང་རྟོགས་བརྗོད་བྲི།།
བྱེད་པོའི་བློ་ཡི་པྲ་རུ་མ་ཕབ་པའི།།
གངས་དཀར་ཤེལ་གྱི་འཛུམ་མདངས་རྒྱས་པའི་ལྗོངས།།
ཨ་མི་ཏ་བྷའི་ཞིང་གི་སྣོད་བཅུད་ཀུན།།
གླིང་འདིར་འཕོས་སམ་ཐེ་ཚོམ་དྲ་བས་འཁྱུད།།
སྲིད་པའི་ཁྱོན་འདིར་ཤིན་ཏུ་མཐོ་བ་སྟེ།།
ཁ་བ་ཅན་ཞེས་གྲགས་པའི་ཡུལ་གྲུ་ལ།།
ཆོལ་ཁ་གསུམ་གྱི་མེ་ཏོག་ལྡེམ་པའི་དབུ།།
སུམ་རྩེན་ལྷ་ཡི་གྲོང་ན་གཡོ་བ་འཛིན།།
རྨ་རྒྱལ་སྤོམ་རར་གྲགས་པའི་ས་འཛིན་དང་།།
མདོ་ལ་རིང་མོས་བཅད་པའི་ནོར་འཛིན་མོ།།
ཅང་ཤེས་རྟ་ཡི་ཆོལ་ཁས་རྒྱས་བཏབ་པ།།
གནའ་མི་རྒན་པོའི་ངག་གི་གླུ་དང་བསྡེབས།།
རྒྱལ་བའི་བཀའ་ལུང་ཚར་དུ་དངར་བ་ཡིས།།
ཡང་དང་ཡང་དུ་བསྔགས་པའི་ཆུ་གཏེར་ཆེ།།
མཚོ་སྔོན་ཁྲི་ཤོར་གཡུ་ཡི་མཚོ་མོ་ནི།།
ཀུན་གསལ་བུ་མོ་ས་ལ་ལྷུང་དང་མཚུངས།།
གཏིང་མཐའ་མི་དཔོག་ཟླ་བའི་མ་མ་འདིའི།།
མཐའ་བཞིར་སྤང་དང་རི་ཡི་མཎ་ཊལ་གྱི།།
རང་བྱུང་གཡུ་ཡི་ལང་ཚོ་མ་རྙིངས་པ།།
འདྲེན་བྱེད་བུང་བ་འཆིང་བའི་དཔྱིད་དུ་གྲུབ།།
གནོད་སྦྱིན་རྟ་ཡི་ཕང་ན་འགྱིང་བའི་ཕྱོགས།།
ཐང་སྨུག་སྦྲ་ཡི་ཚོམ་བུ་སྤུངས་པའི་ཡུལ།།
འདའ་བཞིའི་ལྡོང་སྐོར་ཞེས་ནི་དམ་པའི་ཚོགས།།
ཟམ་མ་ཆད་པར་བྱོན་པའི་གནས་སུ་གྲགས།།
ཐང་ལ་བེེཌཱུརྱ་ཡི་མདངས་འཁྱིལ་ཞིང་།།
ཆུ་ལ་ཡན་ལག་དྲུག་ཅུའི་གླུ་མངའ་བས།།
དག་པའི་ཞིང་ཡང་འདི་ལས་གཞན་དུ་ནི།།
བྱེད་པོས་སྤྱན་སྟོང་བགྲད་ཀྱང་བཙལ་བྱ་མིན།།
ལ་ལ་ལྷུན་སྟུག་བེེཌཱུརྱ་ཡི་མདོག།
འགའ་ཞིག་དྭངས་གསལ་ཤེལ་གྱི་ཀ་བ་བཞིན།།
དེ་འདྲའི་ས་འཛིན་ཚར་དུ་དངར་བའི་ཕྲེང་།།
ཡུལ་འདིའི་སྣོད་བཅུད་མཛེས་པའི་རྒྱན་དུ་བསྒྲིགས།།
སྤུ་སྡུག་བྱ་ཡི་ངག་ལས་དྲི་ཟའི་གླུ།།
རྒྱུད་མང་སྦྲེངས་འདྲའི་འགྱུར་ཁུགས་སྒྲོགས་པ་ལ།།
དབྱངས་ཅན་བུ་མོའི་མགྲིན་པ་ཡོ་གྱུར་ཏེ།།
མཚན་དཔེ་ལང་ཚོ་སྐྱོ་བའི་མདངས་ཀྱིས་འཁྱུད།།
དགེ་མཚན་ཤེལ་གྱི་སྣང་བ་འབར་བའི་ལྗོངས།།
དག་པའི་གནས་མཆོག་ས་ལ་འཕོས་འདྲ་འདིར།།
ལོག་པར་སྨྲ་བའི་མིང་གཟུགས་ཉི་ཚེ་བ།།
ཀུན་གསལ་ནམ་མཁའི་ངོ་བོ་ལས་ཀྱང་སྟོང་།།
དེ་རུ་ཡབ་ཆེན་བུདྷ་མཚན་ཅན་དང་།།
ཡུམ་ཆེན་སྒྲོལ་རིས་ཟུང་ནི་སྔོན་བྱས་ཀྱི།།
ཚོགས་གཉིས་གསེར་གྱི་བང་རིམ་མཐོ་བ་ཡིས།།
རྒྱལ་སྲས་བྱང་སེམས་བསྐྱེད་པའི་ཆོ་གར་ཞུགས།།
ནམ་ཞིག་གཟའ་སྐར་དགེ་བའི་རྟེན་འབྲེལ་གྱིས།།
ཡུམ་ཆེན་དབང་ཕྱོགས་རི་ཡི་རྩེ་མོ་ནས།།
ཡེ་ཤེས་སྤྱན་གྱིས་འཁྱུད་པ་སྤྲུལ་བའི་སྐུ།།
བདག་ཅག་འཕྲལ་ཕུག་བདེ་བའི་དཔལ་དུ་བཞེངས།།
དེ་ཚེ་འཇའ་ཚོན་གསར་བའི་སྒྲོ་གདུགས་ཀྱིས།།
ཨ་སྔོན་ནམ་མཁའི་བཞིན་རས་བཀླུབས་པ་སོགས།།
ངོ་མཚར་ལྟོས་ཀྱི་མཚན་མ་འབུམ་ཕྲག་གིས།།
སྐྱེ་དགུའི་ཡིད་ཀྱི་དང་བ་ཅིག་ཅར་ཕྲོགས།།
ན་ཚོད་ཟླ་བའི་མྱུ་གུ་ཆེས་ཕྲ་ཡང་།།
བྱིས་གཟུགས་རི་དྭགས་མཚན་མའི་རྡུལ་བྲལ་བའི།།
དམ་པའི་རང་རྟགས་གསེར་སྦྱང་བཙོ་མའི་མདངས།།
གདོད་ནས་ལྷན་དུ་སྐྱེས་པ་ཨེ་མ་མཚར།།
ཕྱིན་དྲུག་བགྲང་བྱའི་ཆ་ཤས་རྫོགས་པའི་ཚེ།།
དགོན་གསར་རྣམ་རྒྱལ་གླིང་གི་དགའ་ཚལ་དུ།།
རབ་འབྱམས་གཞུང་ལུགས་རྐེད་དུ་བཅིངས་པ་ཡི།།
ཁུ་བོའི་དྲུང་ལ་ཕྱི་མིག་མེད་པར་བསྙེགས།།
གངས་ལྗོངས་ཡི་གེའི་འཕྲལ་ཀློག་སྦྱོར་བའི་ཚུལ།།
དབུ་ལྡན་ཨ་ཀྵ་ར་དང་དེ་ཡི་ལྡོག།
སྔགས་ཀྱི་བཀླག་ཐབས་ལ་སོགས་ཤེས་བྱའི་ཚོགས།།
རྣམ་དཔྱོད་སྲད་བུར་ལུ་གུའི་རྒྱུད་དུ་བསྟར།།
སྔོན་གོམས་བག་ཆགས་གྲུང་བོའི་ཁ་སྟབས་ཀྱིས།།
ཕྲ་རགས་སྣོད་བཅུད་ཀུན་གྱི་རང་བཞིན་ལ།།
ཆགས་ཐོགས་མེད་པར་གཟིགས་པའི་ངང་ཚུལ་གྱིས།།
མཁས་རྒུའི་སྙིང་གི་འཁྲི་ཤིང་རལ་བར་བྱས།།
ལྭ་མོ་གོང་སའི་ལྗགས་ཀྱི་རྩེ་མོ་ལས།།
ཚེ་རབས་སྔོན་ནས་འདྲིས་པ་དགེ་བའི་བཞེས།།
པྲ་ཛྙ་ས་རའི་ཡང་སྤྲུལ་འདི་འོ་ཞེས།།
བཀའ་མཆིད་མེ་ཏོག་སྐྱེ་དགུའི་དཔལ་དུ་བསྙིལ།།
དེའི་ཚེ་དྲི་ཟའི་རྒྱུད་མང་བརྡུངས་འདྲ་བའི།།
རྔ་སྦུབ་དུང་གླིང་དབྱངས་འགྲོས་འཕྱུར་བ་ཡི།།
ཕྱི་ནང་གསང་བའི་མཆོད་པས་མདུན་བསུས་ཏེ།།
མི་འཇིགས་སེང་གེ་བརྩེགས་པའི་གདན་ཁྲི་བཏེགས།།
དགུང་གྲངས་ཀླུ་ཡི་གདེངས་ཀ་འཛུམ་པའི་ཚེ།།
མང་ཐོས་རྒྱ་མཚོའི་མཐར་སོན་ཁུ་བོའི་དྲུང་།།
བསླབ་ཁྲིམས་པདྨའི་དྲི་ངད་ལྷུར་བླངས་ཏེ།།
དཔྲལ་བའི་མིག་དང་ཁོང་གི་སྙིང་བཞིན་བསྲུངས།།
མཐའ་ཡས་རྒྱུད་སྡེ་རྒྱ་མཚོའི་འཇུག་ངོགས་སུ།།
རྟག་འགྲུས་གྲུ་གཟིགས་འཁར་བ་བཞིན་བསྟེན་ཏེ།།
དཔག་མེད་ཡོན་ཏན་མ་ཎི་ཀ་ཡི་ཕྲེང་།།
རང་རྒྱུད་ཉམས་རྟོགས་འབར་བའི་དཔྱིད་དུ་བསུས།།
མཁས་མང་ལི་ཁྲིའི་རྡུལ་ཚོགས་འཕྱུར་བའི་གནས།།
བདེ་ཆེན་ཆོས་འཁོར་གླིང་ཞེས་སྙན་པའི་སྒྲ།།
སྲིད་ཞིའི་རྒྱན་དུ་མཆེད་པ་དེ་ཡི་སར།།
དོན་གཉེར་འདུན་པའི་རྩལ་གྱིས་ཅི་ཡང་བསྙེགས།།
བཤེས་གཉེན་དཔག་བསམ་ལྗོན་པའི་རྩེ་མོ་རུ།།
སྣ་ཚོགས་ཤེས་བྱའི་འབྲས་བཟང་འཕྱང་བའི་ཁུར།།
རྡོ་ཡི་རི་མོ་ལྟ་བུའི་ཐུགས་བརྩོན་གྱིས།།
ཁམ་དུ་ཟ་བའི་རྨད་བྱུང་རྣམ་ཐར་བརྩམས།།
ཇི་ལྟར་རྒྱ་མཚོ་ཆུ་ཡིས་མི་ངོམས་བཞིན།།
དམར་སེར་མཚམས་སྤྲིན་ས་རུ་ལྷུང་འདྲ་བའི།།
མཁས་མང་འདུན་ས་གཅིག་ཏུ་འཛོམ་པའི་གནས།།
བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་དུ་ཕེབས།།
གཞུང་ལུགས་བདུད་རྩི་སྤུངས་པའི་རི་བོ་ལ།།
མཚན་དཔེ་ལི་ཁྲིའི་མདངས་ཀྱིས་འཁྱུད་འདྲ་བ།།
བཤེས་གཉེན་ལྷ་ཡི་དབང་བོ་དུ་མའི་ཞབས།།
བསམ་སྦྱོར་རྣམ་པར་དག་པའི་རྩེ་ལ་མཆོད།།
དགེ་ལྡན་ཤིང་རྟ་ཨ་བྷྱའི་མཚན་ཅན་ལས།།
སྙན་བརྒྱུད་གདམས་པའི་རྒྱུན་བཟང་གངྒཱ་མ།།
རྣམ་དཔྱོད་ཧུབ་ཀྱིས་བརྔུབས་པས་ཛ་ཧུ་ན།།
སྐྱེངས་ཏེ་རེ་ཞིག་སྟོང་བའི་ནགས་སུ་ཡིབ།།
ལུང་རིགས་གསེར་གྱི་གྲུ་གཟིགས་ལེགས་བསྟེན་ཏེ།།
ཐོས་བསམ་བེེཌཱུའི་མཚོ་ཆེན་བརྒལ་བ་ན།།
གཟུར་གནས་མཁས་པའི་དབྱུ་གུའི་རོལ་རྩེད་ཀྱིས།།
བསྔགས་པའི་རྫ་རྔ་ཕྱོགས་བཅུའི་མཐའ་ལ་བརྡུངས།།
དེ་ཚེ་སུདྷདང་ནི་ཨ་བྷྱ་སོགས།།
དྲན་དབང་མང་པོའི་བསྟོད་འཕྲིན་ངག་གི་རླབས།།
གཅིག་ལས་གཅིག་ལྷག་མཚོ་བྱུང་བུ་མོ་ཡང་།།
སྐྱེངས་པར་བྱེད་པ་ཁྱེད་ཀྱི་མདུན་སར་སྤྲིངས།།
ནམ་ཞིག་དགོས་དོན་སླད་དུ་འཁྲུངས་གཞིས་སུ།།
ཕེབས་ལམ་བྱང་རྒྱུད་ནཱ་ལེནྡྲར་བྱོན་ཏེ།།
རྩོད་ངག་རིག་པའི་གཞུ་རྒྱུད་བདུངས་པ་ཡིས།།
རྒོལ་བའི་ཚོགས་རྣམས་རི་དྭགས་རྒྱར་ཐེབས་བཞིན།།
མདོ་སྔགས་གཞུང་ལུགས་གཡས་འཁྱིལ་བདུད་རྩི་མཚོ།།
རྣམ་དཔྱོད་བློ་ཡི་བུམ་པར་བཅུས་པ་ཡི།།
ངོ་མཚར་ཡོན་ཏན་མཐའ་དག་བརྗོད་པ་ལ།།
རྒྱལ་བའི་ཚོགས་ཀྱང་ངལ་བའི་བརྟུལ་ཞུགས་འཛིན།།
འདྲེན་པའི་གཙོ་བོ་ཨ་བྷྱའི་ཞལ་བཟང་ལས།།
ལུང་བསྟན་ཆར་བའི་མེ་ཏོག་འདི་ལྟར་སྤྲོས།།
གོང་སའི་ཞབས་སེན་སྨིན་པའི་དབྱིག་འཛིན་ལྟོར།།
བཤད་སྒྲུབ་རྒྱལ་མཚན་ཚུགས་ཞེས་བཀའ་ཡིས་བསྐུལ།།
དེ་ཚེ་ནོར་འཛིན་གཡུ་ཡི་འཛུམ་མདངས་ཅན།།
མང་ཡུལ་གསེར་ལྡན་སྒེག་མོའི་ལྟོར་གཤེགས་ཏེ།།
རྣམ་དག་ཁྲིམས་ལྡན་གླིང་ཞེས་གྲགས་པའི་སྡེ།།
སྐྱེ་དགུའི་ལེགས་བྱས་ཚལ་དུ་ཉེ་བར་བསྐྲུན།།
ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གི།
ཡང་སྙིང་བྱང་ཆུབ་ལམ་གྱི་རིམ་པ་ཡི།།
འཆད་ཉན་བགྱི་བའི་སྲོལ་བཟང་དཀར་བོའི་ལམ།།
མཐའ་ཡས་སྐྱེ་དགུའི་གསོས་སུ་ལེགས་པར་ཕྱེས།།
རྒྱལ་བའི་ཡུམ་མཆོག་ཁྲོས་མའི་ཆོ་ག་སོགས།།
བགྲང་བར་མི་ནུས་ཆོས་ཐོག་མང་པོ་ནི།།
རྒྱུད་སྡེ་རྣམ་བཞིའི་དགོངས་དོན་ཇི་བཞིན་དུ།།
འགྲོ་བའི་དཔྱིད་དུ་བསྟབས་པའི་ལེགས་མཛད་རྨད།།
ཆོས་ཀྱི་སྐལ་དམན་བྱང་ཕྱོགས་རྐང་གཉིས་འགྲོར།།
དམ་ཆོས་བདུད་རྩིའི་དོག་པ་རབ་སྤྲོས་ཏེ།།
རྫོགས་ལྡན་གསར་བའི་དཔལ་ལ་བཀོད་པ་ཡིས།།
རྒྱལ་བ་རྣམས་ཀྱང་བསམ་གཏན་བདེ་བར་གཡེང་།།
ལཱ་མོ་བདེ་འབྱུང་རལ་བའི་ཀློང་ཡངས་སུ།།
གང་གི་ཞབས་སེན་གངྒཱའི་བུ་མོ་དཀར།།
ཉེ་བར་བཀོད་དེ་ལེགས་བཤད་བདུད་རྩིའི་རོས།།
རྣམ་དཔྱོད་བློ་ཡི་བུམ་པ་གང་བར་བྱས།།
སྨིན་བྱེད་དབང་དང་ཁྲིད་སོགས་ཆོས་ཀྱི་ཆར།།
དབྱར་གྱི་གྲུ་ཆར་བཞིན་དུ་བསྙིལ་བ་ན།།
དད་ལྡན་འགྲོ་བའི་ཁུར་གྱིས་ནོར་འཛིན་མོ།།
ཟབ་ཡངས་ཆུ་གཏེར་འཁྲིགས་པའི་ཀློང་དུ་ནུབ།།
ནམ་ཞིག་དུས་ངན་སྒྲ་གཅན་ནག་པོའི་རྒྱར།།
ཐུབ་བསྟན་ཟླ་ཤེལ་ཡོངས་སུ་ཐེབས་པའི་ཚེ།།
འགྲོ་བའི་བདེ་སྐྱིད་ཀུ་མུ་ད་ཡི་ཚལ།།
མྱ་ངན་མུན་པ་མཐུག་པོས་ཁད་ཀྱིས་བཟུང་།།
ལོག་སྤྱོད་སྲིན་བྱའི་སྐད་ངན་ཅར་ཅོར་གྱིས།།
ནོར་འཛིན་བུ་མོའི་ལྟོ་བ་སྐལ་ངན་བྱས།།
བསླབ་གསུམ་སྡོམ་ལྡན་རབ་ཏུ་བྱུང་བ་རྣམས།།
ཏིལ་མར་ར་བའི་མཐིལ་དུ་ཕངས་མེད་བརྫངས།།
བཀའ་བསྟན་རིན་ཆེན་གླེགས་བམ་འབུམ་ཕྲག་ནི།།
སྲེག་ཟའི་ཁ་རུ་ལྷག་མེད་བསྟབས་པ་དང་།།
གང་ལའང་མི་བསྲུན་སྐྱེ་བོ་གླེགས་བཙལ་ཡང་།།
དམ་པའི་རང་མདངས་མ་ཡལ་ལྷག་པར་མཛེས།།
དུས་ངན་དེ་ནི་ལྡོག་པ་ཉིད་ཙམ་ནས།།
སླར་ཡང་རིག་གསར་འཐོར་རླུང་དྲག་པོ་ཡིས།།
བསླབ་གསུམ་ངུར་སྨྲིག་འཛིན་པ་དགེ་འདུན་སྡེར།།
དགྲ་བོའི་ཚོགས་ཞེས་སྨོད་པའི་མཆིལ་ཞགས་འཕངས།།
རྒྱུ་འབྲས་ཚངས་པའི་ཐིག་རིས་སྲུང་བ་རྣམས།།
ཁྲིམས་མུན་དོང་དུ་བརྫངས་ཏེ་བཀྲེས་སྐོམ་གྱི།།
སྡུག་བསྔལ་བྱེ་བས་མནར་བཞིན་ལྔ་ལམ་དུ།།
ཆས་པའི་གྲངས་ནི་སུ་ཡི་བློས་ལྕོགས་གྲང་།།
གང་ལའང་ཞྭ་ནག་བསྐོན་ཅིང་རྩུབ་སྦྱོར་གྱིས།།
ཡང་ཡང་མནར་ཡང་ཐུགས་བསྐྱེད་གོ་ཆའི་མཐུ།།
ཉམས་པ་མེད་འདི་སྐྱེས་བུ་ཕལ་བའི་བློར།།
ཆུ་གཏེར་བཞིན་དུ་ཡོངས་སུ་ཤོང་བར་དཀའ།།
ད་ནི་དུས་ངན་སྒྲ་གཅན་ནག་པོའི་ཚོགས།།
རང་སར་ཞི་ཡང་ཐུབ་པའི་བསྟན་པ་ནི།།
གནམ་སྟོང་དུས་ཀྱི་ནམ་མཁའི་ཟླ་བ་དང་།།
མྱ་ངན་ཐང་གི་ཆུ་ཐིགས་གོ་འཕང་འཛིན།།
དེ་ཚེ་གང་གི་ཐུགས་བསྐྱེད་ཤིང་རྟ་ཡིས།།
སླར་གསོ་མཛད་པའི་སྒོ་མོ་ཡོངས་ཕྱེས་ཏེ།།
ཐུབ་བསྟན་རིན་ཆེན་གསེར་གྱི་སྒྲོན་མེ་ནི།།
བྱང་རྒྱུད་མུན་པའི་ཁྲོད་དུ་སླར་ཡང་བཏེགས།།
ཀུན་མཁྱེན་ཆེན་པོ་ཧ་ས་བཛྲ་གྱི།།
ཐུགས་བསྐྱེད་ཟླ་བའི་མ་མ་ལས་འཕོས་པའི།།
དཔལ་ལྡན་བཀྲ་ཤིས་འཁྱིལ་ཞེས་གྲགས་པའི་གླིང་།།
དབང་ལུང་མན་ངག་བདུད་རྩིས་ཚིམ་པར་མཛད།།
དེ་ཚེ་མདོ་སྔགས་བདུད་རྩི་རྒྱ་མཚོའི་གཏེར།།
རྗེ་བཙུན་འཇམ་དབྱངས་རྒྱ་མཚོ་ལ་སོགས་པས།།
གང་གི་ཞབས་སྐྱེས་པདྨའི་རྡུལ་ཕྲེང་ནི།།
སྤྱི་བོར་མཆོད་པའི་དགའ་སྟོན་སྲིད་ན་འབར།།
ལཱ་མོའི་ཡང་སྤྲུལ་ཟླ་བའི་སྤྱི་གཙུག་ཏུ།།
ཞབས་སྐྱེས་རི་མོའི་ལང་ཚོ་ཉེར་བཀོད་དེ།།
དབང་ལུང་མན་ངག་ལ་སོགས་བདུད་རྩིའི་རྒྱུན།།
ཐུགས་ཀྱི་བུམ་པར་གང་བྱོའི་ཚུལ་དུ་གནང་།།
སྡེ་སྣོད་གསུམ་གྱི་འཆད་ཉན་དྲི་ཟའི་གླུ།།
རྒྱུན་མི་འཆད་པར་འཁྲོལ་བའི་དགའ་སྟོན་ཅན།།
རྣམ་དག་ཁྲིམས་ལྡན་གླིང་མཆོག་ཆོས་སྲིད་ཀྱིས།།
ཉེ་བར་བསྐྱངས་པའི་བཀའ་དྲིན་སུ་ཡིས་གཞལ།།
ཀླུ་ཚང་དགོན་གཙོས་འདུས་སྡེ་ཆེ་ཕྲ་དག།
དབང་ལུང་མན་ངག་ཁྲིད་སོགས་གངྒཱའི་རྒྱུན།།
བློ་ལྡན་དོན་གཉེར་ཅན་ལ་བསྩལ་པའི་དྲིན།།
བསྐལ་བར་མགོ་བོས་མཆོད་ཀྱང་གསབ་ནུས་མིན།།
ཕུན་ཚོགས་བཀྲ་ཤིས་གླིང་ཞེས་གྲགས་པའི་སྡེ།།
ཆོས་ནོར་ཟུང་གིས་བསྐྱངས་པའི་བཀའ་དྲིན་ནི།།
གཟུགས་སུ་གྲུབ་ཚེ་མི་མཇེད་ར་བའི་མཐིལ།།
སྣོད་དུ་ཆུང་བར་མི་འགྱུར་རང་དབང་ཅི།།
གང་ཞབས་གསེར་གྱི་འཁོར་ལོ་རྩིབས་སྟོང་ཅན།།
འགྲོ་དོན་སླད་དུ་རེག་པར་མ་གྱུར་བའི།།
ནོར་འཛིན་རུས་སྤལ་སྤུ་ཡི་དར་གོས་ཚོགས།།
མོ་གཤམ་བུ་ཡིས་བཀླུབས་པའི་ཚུལ་དང་བསྡེབས།།
གང་གི་གསུང་སྐྱེས་སྐལ་ལྡན་སློབ་མའི་གྲངས།།
སྟོང་གསུམ་རྒྱུ་སྐར་ཉིན་ཞག་འོད་དཀར་གྱིས།།
བརྩི་བར་ནུས་པ་མོད་གལ་བུ་ཡིས་ཀྱང་།།
བློ་སྟོབས་བྲི་སྟེ་རྨོངས་པའི་བརྟུལ་ཞུགས་འཛིན།།
ནམ་ཞིག་རྟག་འཛིན་བློ་རིས་རྡོ་རྗེའི་ཁམས།།
ཡོངས་སུ་གཞོམ་ཕྱིར་ཞི་དབྱིངས་རྒྱ་མཚོ་མཐར།།
གཤེགས་ཚེ་ས་གསུམ་འགྲོ་བའི་གདུང་ཡུས་ཀྱིས།།
ནོར་འཛིན་བུ་མོའི་གདགས་སྲིབ་སྐལ་ངན་བྱས།།
གསང་གསུམ་ལྗོན་པའི་གྲིབ་བསིལ་དྲན་པའི་འགྲོ།།
མྱ་ངན་དྲག་པོས་ཡང་ཡང་གཟིར་བ་ལས།།
སྐྱོ་བའི་ཤུགས་རིང་ནར་ནར་འབྱིན་པ་ནི།།
དཔྱིད་ཀྱི་རླུང་བུ་ལྡང་བའི་ཚུལ་ལ་རྟོག།
མཚོ་དང་མཚེའུ་རྫ་མའི་སྣོད་དུ་འང་།།
ནམ་མཁའི་ཟླ་བའི་གཟུགས་བརྙན་འཕོས་པ་བཞིན།།
འགྲོ་བློར་གང་འཚམ་ཆོས་ཀྱི་ཆར་སྙིལ་མཁན།།
ད་ལྟ་དད་གསུམ་བུ་མོའི་ཤུགས་ཀྱིས་འབོད།།
ཆོས་རྣམས་ཐམས་ཅད་སྒྱུ་མའི་གྲོང་ཁྱེར་ལྟར།།
མིང་བརྡ་ཙམ་གྱིས་བཏགས་པའི་རྟེན་འབྲེལ་ལས།།
གདགས་གཞིའི་ངོས་ནས་ཚུགས་ཐུབ་རྡུལ་ཙམ་ཡང་།།
བྲལ་ཞེས་གདམས་ངག་འདོམས་པའི་ངང་ཚུལ་དྲན།།

                                                                                    རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕ་རྒོད་བླ་མ་དམ་པའི་རྟོགས་པ་བརྗོད་པ་སྙན་ཚིག་རྡོ་རྗེའི་ཐོལ་གླུ།(ཞར་བཀོད་གཉིས་ཡོད)

2016-08-29 བདའ་ཚང་སྙེམས་གྲོལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།