སྐྱོ་བ་ནི་གྱོན་པ་ཞིག་རེད།
མི་ཚོགས་སྐྱོ་བའི་རྣམ་པས་གང་སར་བྲེལ།།
ས་སྲོད་སྐྱོ་བ་དང་བཅས་རབ་རིབ་ཐོན།།
གློག་སྒྲོན་སྐྱོ་བའི་ངང་ནས་མོག་པོར་འཚེར།།
སྲང་བར་བུ་ཡུག་གིས་ཀྱང་སྐྱོ་བ་དཀྲིགས།།
ཇ་ཕོར་ཁ་རུ་སྐྱོ་བའི་རླངས་པ་འབྱིན།།
རོལ་མོའི་གདངས་སུ་སྐྱོ་བའི་ཤག་སྒྲ་བཞུར།།
ཕྱི་རོལ་སྐྱོ་བའི་རླུང་བུ་ཤུག་ཤུག་གཡུག།
ནང་ཁུད་སྐྱོ་བའི་ཚ་བ་ལམ་ལམ་འབར།།
སྐྱོ་བ་ཚིག་ཇར་སྤགས་ཏེ་དལ་གྱིས་གཞིབས།།
སྐྱོ་བ་ཇ་རུ་སྦངས་ཏེ་ལྷོད་ཀྱིས་བཏུངས།།
སྐྱོ་བ་ཁོང་དུ་སྦེད་ཅིང་ཕྱི་རུ་འཕོ།།
སྐྱོ་བ་རོལ་ཏུ་ཁྲིད་ཅིང་བཞོན་པར་བཅིབས།།
སྐྱོ་བ་ཆར་བས་དཀྲིགས་པའི་སྨུག་པ་ཞིག།
སྐྱོ་བ་སྨུག་པས་བསྐྱུར་བའི་འཇའ་འོད་ཅིག།
དེའི་ཕྱིར་སྐྱོ་བ་ཟས་སུ་བསྒོམ་པར་བྱ།།
ཞིམ་ཞིང་མངར་བ་ཞིག་ཏུ་བསྒོམ་པར་བྱ།།
འཇིག་རྟེན་བྱེ་མའི་གྲམ་ཐང་སྐྱ་མོ་རུ།།
སྐྱོ་བ་མི་ཚེའི་འཇག་མ་རྐང་གཅིག་ཏེ།།
འཚོ་གནས་རླུང་བུས་ལྡེམ་ལྡེམ་སྒུལ་དུས་སུ།།
དེ་ལ་མཛེས་པའི་བསམ་པ་གཏང་བར་བྱ།།
རྩོམ་སྒྲིག་པ། ལྷ་སྐྱིད།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།