མགོ་དཀྲིས་འོག་གི་འབྲོག་མོ།
མེ་ཏོག་དཀར་དམར་གདོང་ནས་སྐྱེས་ན་ཡང་།།
སྟོང་ཉིད་དབང་དུ་བཞག་ནས་དལ་གྱིས་ལོག །
སྦྲ་གུར་ནག་པོའི་གཟེབ་ཏུ་དབྱངས་འགུག་ཏེ།།
ཚིག་དང་དབྱངས་ཀྱི་གསེང་ནས་སུ་ཞིག་དྲན།།
ཤ་དང་པགས་པའི་འགྲམ་ནས་སུ་ཞིག་ཚགས།།
ཆོས་དབྱིངས་སྤྲིན་བྲལ་ཨ་སྔོན་གནམ་ཟུར་དུ།།
ཡིད་ཀྱི་གསར་བུ་བསམ་སྟེ་ཡར་ཡར་གཟིགས།།
ངང་དཀར་མྱོས་པའི་སྡུག་དབྱངས་དེར་ཉན་ཏེ།།
སྒེག་གི་པགས་པའི་ཉམས་དེ་མཚར་བྱུང་ངམ།།
སེམས་དེའི་བ་སྤུ་ཤེད་ཀྱིས་འགུལ་བྱུང་ངམ།།
ཐག་རིང་ལམ་དཀྱིལ་དེ་ནས་མིག་ཟུར་འཕེན།།
གོམ་འགྲོས་བར་ནས་རྫི་གླུ་མངར་མོ་འགུགས།།
མགོ་དཀྲིས་གསེབ་གྱི་འབྲོག་མོ་ཁྱད་མཚར་མ།།
མདུན་ལམ་ཡག་པོ་གང་ཞིག་འཚོལ་རྩིས་ཡོད།།
དགའ་རོགས་ལེགས་པོ་སུ་དང་སྡོད་རྩིས་ཡོད།།
ལོ་གྲངས་དར་ལ་བབ་ཀྱང་དགའ་དབེན་ཞིང་།།
ནམ་རྒྱུན་གུར་ཁྱིམ་ཞིག་ནས་དལ་འདུག་བའི།།
འབྲོག་པའི་བདག་མོ་ངུ་རོགས་མི་དགོས་སམ།།
ཁྱེད་ཉིད་ལས་དབང་དེ་འདྲའི་ཨ་མཚར་ཟིག།
ཁྱེད་ཀྱི་མདུན་ལམ་ཅི་འདྲའི་འཁྲུལ་སྣང་ཟིག།
2016-10-12
རྩོམ་སྒྲིག་པ། ལྷ་སྐྱིད།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།