ནེམ་ཞིང་འཇམ་པའི་མེ་ཏོག(ཞར་བཀོད་བཞི་ཡོད)
གཟུང་འཛིན་དར་གོས་སྔོན་པོ་ལག་པས་གང་ཟིན་དུ་བལྟབས་ཅིང་།།
ཁྲ་ཆེན་ཀུན་གཞིའི་མེ་ལོང་རིགས་པ་དྭངས་གསལ་གྱིས་བཀྲུས་ཏེ།།
སེམས་ཉིད་རྩིག་སྒྲོམ་ངོས་ལ་སྣང་བའི་འཇའ་འོད་དེ་འཆར་ན།།
ཐོག་མའི་བརྩེ་ཞིང་ཁ་ཡི་བཏབ་པའི་ལྗང་སོན་དེ་མཐོང་ཡོང་།།
གེ་སར་གཞོན་ནུའི་འཁྲི་ཤིང་ལྷན་སྐྱེས་རང་བབས་སུ་སྨིན་འདུག།
དུང་སེམས་ལྕང་མའི་ལྕུག་ཕྲན་ཕྱག་ཟུང་མེ་ཏོག་གིས་བསྐྱོར་འདུག།
ཁྲ་རིང་འོད་ཀྱི་སྐུད་སྣེ་མོས་འདུན་གཙང་ཡངས་ཀྱིས་གཏུགས་པས།།
གཡང་ཊིའི་དཀར་ཡོལ་ནང་གི་འོ་མ་གང་ཉིད་ལ་འདེགས་སོ།།
དཔེ་ཡིས་བསྙད་པར་མ་ནུས་ཁ་མཐའ་ཆོས་ཉིད་དང་བསྡེབས་ན།།
བརྡ་ཡིས་མཚོན་པར་མི་ལྕོགས་དགུ་ཀློང་སེསམ་ཉིད་ལ་འདྲེས་ན།།
སྐྱོ་ཞིང་ངུད་མོ་བྲོ་བ་ཕལ་བའི་ངག་ལམ་གྱི་དེ་ན།།
འཇིག་སྣང་མ་སྐྱེས་ཨ་མ་མཚོན་པའི་ཐབས་མེད་འདི་རེད་བཞག།
ཐུགས་རྡུགས་མེད་པའི་མཁའ་ལ་བྱ་ཁྱུ་ལང་ལོང་དུ་འཕུར་ཏེ།།
དྲན་ཤེས་རབ་དཀར་ཡོལ་བ་གསལ་གསལ་རྩིག་རྨང་ལ་བབས་ན།།
ཚེ་རབས་རྨི་ལམ་སྔོན་པོ་རང་གི་ས་བོན་དུ་མ་འཁྲུངས།།
སྲན་ཕུང་རླུང་གིས་བདས་པ་ངང་ཚུལ་རྗེས་དྲན་ལ་དབུལ་འདོད།།
གཞི་མེད་ཡུལ་ལ་དེངས་པ་རྩྭ་ལོ་སྙིམ་གང་དུ་བཏུས་ནས།།
ཕྱོགས་མེད་ཧྲེང་བོར་མྱུག་པ་མྱོང་ཟིན་ལག་དེབ་ལ་བསྒྲུགས་ཏེ།།
ལམ་གྱི་ཕར་ནང་མི་མཐོང་ཁྱོད་ཀྱི་ལྗང་སོན་དེ་མི་མཐོང་།།
སྐར་མས་སྐར་མ་སྐོར་བའི་མཚན་གཞུང་ཡང་གཞུང་ལ་བལྟས་ཡོད།།
བརྗོད་མེད་ཀྱི་བྱེའུ།
རྣམ་རྟོག་ཤེལ་གྱི་རྩིག་ལྡེབས་རེ་རེ་ལ།།
འོད་ཀྱིས་ཐོང་ག་སྒེག་པའི་གར་མ་ཞིག།
ངང་མོ་ལྡེམ་པའི་ཚུལ་གྱིས་འཁོར་བ་དེས།།
ཚེ་རབས་ལས་ཀྱི་མགུར་གླུ་ངག་ལ་བྱིན།།
འཁོར་བའི་རི་ཆེན་ནགས་ལ་ཕྱོགས་པའི་མདངས།།
ངེས་འབྱུང་གླིང་བུ་གྲོང་ནས་བུས་པའི་སྐད།།
ཕལ་བའི་རང་ངོ་ཐོགས་པའི་སོ་སྐྱེས་ཤིག།
སྣང་བའི་གདན་དུ་ལྷུང་བའི་སྐད་ཅིག་ཙམ།།
ཚོར་བའི་དབྱིངས་ལ་ཟུག་པའི་ཉི་འོད་ཀྱིས།།
རུས་པའི་དྭངས་གཙང་འོད་དུ་བསྒྲོན་པ་ན།།
ཞེ་རྩེ་རྣལ་མའི་སེམས་བསྐྱེད་སྤར་མོ་གང་།།
འོད་ཟེར་གྱང་ལ་ཕོག་པའི་མདངས་སུ་འཕྲོས།།
དབང་ལྔའི་བྲག་ལ་འཁོར་བའི་གླེགས་བབ་ངོས།།
བརྗོད་དུ་མེད་པའི་བྱེ་འུ་སྔོན་པོ་ཞིག།
རང་གི་གྲིབ་བརྙན་བསྐྱུར་ནས་འཕུར་བ་ཡིས།།
སྣང་བའི་གདན་ཐོབ་མ་ཟིན་རེ་ཞིག་ཧད།།
རྨི་ལམ་གྱི་བར་དོ།
བརྡ་ཡིས་དབེན་པའི་གླིང་བུ་ཞིག།
གསང་བའི་སྔས་ལ་འཁྲོལ་འདོད་ཀྱིས།།
རྨི་ལམ་ཡང་དུ་འཁྲུལ་བ་ན།།
གོས་ཐོག་ཐལ་བ་སྤྲུག་པའི་ཟོལ།།
སེམས་ཀྱི་ལན་ཆགས་བྱང་སྟེ་སོང་།།
ནམ་ཞིག་ཁྱོད་ཀྱིས་ཁྲུས་རྫིང་ནང་།།
ངལ་བའི་ལུས་ཕུང་དབྱི་སྲིད་ན།།
ང་ཡི་ལྗགས་ཀྱི་ཟེའུ་འབྲུ་ནི།།
དེ་ཡི་རླན་གཤེར་རྙེད་པར་བརྩོན།།
བར་དོའི་དབྱངས་ཀྱིས་དཀྲོག་པའི་དུས།།
མེ་ཏོག་ལྗང་སེར་གློ་དམར་ཞིག།
ཁྱོད་ཀྱི་དབྱིབས་དང་པདྨ་དང་།།
སྐྱེད་མཆེད་རྣམས་ལ་འདྲེས་ཏེ་ནི།
ཐམས་ཅད་སྟོང་ཞིང་སྣང་བའི་ངང་།།
ང་ལ་གླིང་བུ་འབུད་རོགས་བགྱི།།
དུས་ཚེ་ཉེ་བའི་ག་ཤེད་དུ།།
མགོ་རས་དམར་སེར་རླུང་གིས་བཀྱགས།།
ཟུར་གསུམ་སྙིང་དུ་སྡུག་པ་ཡི།།
མེ་ཏོག་གློ་དམར་འདི་ལྟར་བཞད།།
ཟླ་འོད་སྔས་ལ་ཁྱབ་པ་ན།།
ཁྱོད་ཀྱིས་དིང་གླིང་དཀྲོལ་ཞིང་མཆིས།།
མཚན་ནུབ་དབེན་པའི་ཁང་ཤག་ཏུ།།
སུ་ཡི་གྲིབ་བརྙན་ཕོག་ཡོད་ཨང་།།
བརྩེ་བའི་ཕྲ་ཕུང་འོད་འཁྱུག་གེ།
མནལ་བའི་གྱང་ལ་འཕྲོས་ཏེ་འདུག།
ང་ཡི་བསིལ་བའི་འཇིག་རྟེན་གྱི།།
གྲང་ངར་འགོག་པའི་སྙན་ངག་བྲིས།།
གསང་བའི་འོད་ཕུང་གཏོས་ཆེ་ཞིག།
ཡི་གེར་གཏགས་སོ་ཉི་བའི་མི།།
༢༠༡༤/༩/༡༡ མཚན་དཀྱིལ་ཙམ་ལ།
གསེར་ཡིག་གཤོག་པ་ཅན།
མཚོ་མཐའི་ངང་སེར་གྱི་མིག་མཐའ་ཙེག་གིས་བསེད་ཅིང་།།
སྣང་བའི་མཁར་གྲོང་གི་ཡང་ཐོག་སྤྲིན་པས་གཡོག་ན།།
འདི་འབྲལ་ཆོས་ཉིད་ཀྱི་ཁ་འདོན་རླུང་ལ་བསྐུར་གྱིན།།
དགེ་སྨོན་ཐེངས་ཤིག་གི་སྣེ་ལ་མཉམ་དུ་འཇུས་འགྲོ།།
ཚེ་གཅིག་དྲན་ཤིང་གི་སྨུག་པ་རི་ལ་བབས་དུས།།
འདུ་འབྲལ་གློག་འོད་ཀྱི་མདངས་ལ་སྐར་ཚོགས་བཀྲ་བ།།
ཕྱི་ཡི་དར་ཐག་གིས་སྦྲེལ་བའི་དབྱངས་གསལ་མ་རེད།།
སེམས་ཉིད་མ་སྐྱེས་ཀྱི་ཨ་མ་ཁ་དྲོ་དེ་འོ།།
དྲན་ཤེས་གསང་གསུམ་གྱི་ནོར་བུ་མཛོད་ལ་སྤུངས་ཤིང་།།
དགོས་འདོད་གསེར་ནག་གི་བུམ་ཆུ་ངག་ལ་གཏོར་ཏེ།།
དཀར་གསལ་ཚེས་རིས་ཀྱི་ཐོང་ག་འོད་ཀྱིས་བཀྲུས་ཉིན།།
ཚེ་རབས་ལས་སྐལ་གྱི་གཟུངས་བཅུད་ཁྱོད་ལ་བསྔོ་འོ།།
མཁའ་འགྲོའི་ངག་རིག་གི་གླིང་བུ་སྐྱོ་སྐད་ཅན་དེ།།
རོ་རྐྱང་མཉམ་སྦྱོར་གྱི་གནད་ལ་དྲོད་ཀྱིས་འཁྱིལ་བ།།
ཕྱག་ཆེན་གཟེབ་ནང་གི་བྱེ་འུའི་ཞལ་ལ་མཆོད་ན།།
རིག་འཛིན་གྲུབ་བརྙས་ཚོའི་དོ་ཧ་ཐག་རིང་མིན་ཚོད།།
ལས་སྨོན་བརྒྱ་ཕྲག་གི་བྱ་ཕོ་དཀར་བོ་ཞིག་ལ།།
གཤོག་པ་ཟུང་རྡེབ་ཀྱིས་ཆོ་ག་མང་དུ་བསྐྱོར་ཏེ།།
དམ་ཚིག་བུམ་ནང་གི་བདུད་རྩི་མཉམ་འཐུང་རེ་བས།།
བློ་སྦྱོང་ཐུན་དྲུག་གི་དགེ་ཚོགས་རིམ་ལ་བཅུག་འགྲོ།།
ལྷན་སྐྱེས་བདེ་ཆེན་གྱི་རོ་མངར་དབྱིངས་ལ་མཆོད་ཅིང་།།
སྨྲེང་བའི་ཆུ་གཉེར་གྱི་མདུད་པ་སེམས་ལ་བརྒྱབ་སྟེ།།
དགོད་དང་ངུ་བ་ཡིས་ཚེ་རབས་རྗེས་འཛིན་འོང་ན།།
སྣང་བའི་ཕ་རོལ་གྱི་གཟུགས་ལ་མཉམ་དུ་བལྟས་ཆོག།
གྲིབ་མའི་ཕར་ནང་གི་མི་མོ་བརྩེ་བའི་དབྱངས་ཅན།།
དྲན་ཤེས་གསེར་སྐུད་ཀྱི་སྣེ་ལ་འོད་ཀྱིས་འཛུལ་ཏེ།།
སྣང་བའི་གདན་ཐོག་གི་རི་མོ་ངག་ལ་བྲིས་པ།།
ཟབ་གསལ་རྗེས་གནང་གི་ཆོ་ག་ཐན་ཐུན་ཞིག་གོ།
མི་ནཱ་ལི་ཡི་མཛེས་ལྗོངས།
རི་ཟོམ་སྨུག་པས་རྒྱང་ནས་གཡེར་བག་འཛིན།།
ཆུ་ཕྲན་དག་ནི་ལྷུང་ལྷུང་མདུན་དུ་འབབ།།
གངས་རྩེ་ཉི་མར་ལྡེ་བ་ཁོ་ནས་ཀྱང་།།
བདག་ནི་སྐལ་བའི་ལམ་ཆེན་སྣེ་རུ་ཞུགས།།
སྒེའུ་ཁུང་ཕྱི་ཡི་འོད་ཐིགས་ཁྱམས་ལ་ཕོག།
རི་ཚོགས་བསྟར་བས་བགྲོད་ལམ་གྱ་གྱུར་བཀུག།
མདའ་རྒྱང་གང་གི་ཕར་སྣེ་ག་ཤད་དུ།།
སྨིག་རྒྱུའི་ཚོམ་ལ་རླུང་གིས་ཁ་དོག་བྲིས།།
ནགས་ཀྱི་འཛིངས་བག་བྱེའུ་སྐད་གཉོམ་པོས་གཏོར།།
དཔྱིད་འགོའི་ལྗོན་པའི་མེ་ཏོག་རྣམ་པར་བཞད།།
ཡུལ་གདུང་སེམས་ལ་བརྩེགས་ཏེ་འཁྱམ་ཉུལ་པས།།
སྤར་མོ་གངས་ལ་གཏད་ནས་སྙན་ངག་བྲིས།།
རྩོམ་སྒྲིག་པ། ལྷ་སྐྱིད།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།