འཆི་མེད་ཀྱི་སྙན་ངག་གསར་བ། གཡུ་ཐོག་ཟམ་པ།
ར་ས་སྐྱིད་པོའི་གཞུང་ནས།།
ཞོལ་ལ་འཐེན་པའི་ཟམ་པ།།
ལྷ་ལྕམ་རྐང་འགྲོས་ལྡེམ་ས།།
ཨ་ཇོ་འགྱིང་ཡག་འཛུམ་ས།།
དར་དཀར་འཕྱོ་བའི་ཁུད་ན།།
ལྕམ་སྲས་སྐུ་ལུས་ལྡེམ་ལྡེམ།།
གཡུ་ཐོག་སྒང་ན་བཞུར་པ།།
ང་རང་མིག་གི་བསོད་བདེ།།
སོ་ནམ་ཕར་ལ་བཏང་ནས།།
ཨར་པོ་རྒྱག་པར་ཕྱིན་ཀྱང་།།
གཡུ་ཐོག་ཟམ་པར་ཐོགས་ནས།།
ལོ་ཟླ་ཞག་ལ་ལུས་སོང་།།
ཟམ་སྣེ་གྲིབ་མས་བསྒྲིབས་ཀྱང་།།
ཟམ་མདོང་ཨབ་ལྕག་མཐོ་ཡང་།།
བྱང་ཐང་ལ་མོར་ལུས་པའི།།
མི་དེ་ཕེབས་ན་དགའ་བ།།
ལོ་ཟླ་བཞུད་ནས་ཚར་ཀྱང་།།
མི་ཚེ་རྒས་ནས་ཟད་ཀྱང་།།
བཞུད་རྒྱུ་རྒས་རྒྱུ་མེད་པ།།
གཡུ་ཐོག་ཟམ་པ་ལྕགས་ཡིན།།
ཆུ་མོར་སྐྱོ་རོགས་མེད་ཀྱང་།།
ཆར་བས་མིག་ཆུ་གཏོང་གིས།།
རྩིག་རྡོ་གྲུ་བཞི་རེ་རེར།།
རླུང་གི་སྒོ་མོ་ཕྱེས་འདུག།
ཞོལ་དང་ལྷ་སའི་བར་ན།།
གཡུ་ཐོག་ཟམ་པ་ཡོད་རེད།།
ཟམ་སྣེར་མ་བུད་གོང་ལ།།
ཟམ་པ་བརྒྱུད་མཁན་དྲན་ཡོང་།།
གོས་ཚར་ལྭ་བ་ཕུད་ནས།།
གྲང་ན་རང་སྡུག་ཉོས་རེད།།
གཡུ་ཐོག་ཟམ་པ་བསྐྱུར་ནས།།
རྒས་ན་ལས་ངན་ཉོས་རེད།།
"གཡུ་ཐོག་ཟམ་པའི་སྒང་ལ།།
རྟ་ཕོའི་ཉིན་ལམ་བཅོ་བརྒྱད།།
རྒས་མོ་ང་རས་ཕྱིན་ན།།
ཞོགས་ལམ་གཅིག་གི་ས་རེད།།"
ཞེ་ལ་སིམ་པའི་རྒྱ་གླིང་།།
མཛུབ་མོས་ཙིར་ཙིར་རྡེབ་དུས།།
གཡུ་ཐོག་ཟམ་པ་གཡུ་རེད།།
ཞོལ་ལ་འཐེན་ཡོད་གསུང་གིས།།
རྒྱ་ལྕང་དབུ་ལ་སྐོར་པའི།།
ཇོ་ལགས་གྲུང་ཤ་དོད་པོ།།
ཟུར་མིག་གཟིགས་པ་མ་གནང་།།
གཡུ་ཐོག་ཟམ་པ་བསྒུལ་འོང་།།
ང་རང་ད་ལོར་མ་ཡོང་།།
སང་ལོ་མཇལ་ཁ་ཨེ་གནང་།།
འགྱོད་བློ་ཞེ་ན་མེད་ཀྱང་།།
གཡུ་ཐོག་སེམས་ནས་མི་བརྗེད།།
ལྕང་དཀར་དྲ་བའི་ནང་ལ།།
གཙང་བོ་བསྐྱིལ་ཐབས་མི་འདུག།
སེམས་ཀྱི་སྣང་བ་ལང་ལོང་།།
ལུས་པོས་ཁོག་ས་མ་རེད།།
གཡུ་ཆུང་དྲུག་དཀར་ཁོག་པ།།
སྟོང་སྐུད་དམར་པོར་བརྒྱུས་ཏེ།།
གཡུ་ཐོག་ཟམ་པར་བཏགས་ནས།།
སྨོན་ལམ་ལན་གསུམ་བཏབ་ཡོད།།
མདའ་ཡི་སྐྱིད་ཚལ་ཀླུ་སྡིང་།།
གཞོན་གཞོན་འཁྲུང་ས་བསྐྱོན་ས།།
ཇོ་དང་ཨ་དྲུང་དྲེལ་བ།།
ཟམ་པ་བརྒྱུད་ལ་ཕེབས་ཤོག།
རྩོམ་སྒྲིག་པ། སྐྱ་བོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།