ཁྲུང་ཁྲུང་དཀར་མོ།(ཞར་བཀོད་གསུམ་ཡོད)
མུ་མཐའ་མེད་པའི་བདག་གི་བྱེ་ཐང་ན།།
ཡིད་འོང་བསུབ་ཏུ་མེད་པའི་ཞབས་རྗེས་ཤིག།
མཛེས་པར་བཀོད་དེ་རྒྱང་དུ་འཕུར་བའི་ཚེ།།
ཁྱོད་ཀྱི་ངང་རིང་གཤོག་པ་གཡོབ་སྟངས་ལས།།
ང་ཡི་སེམས་ཀྱི་མེ་ལོང་གཙང་མ་སྟེ།།
ཨ་ཁུ་པདྨའི་ཞལ་རས་ཡིད་ལ་འཁོར།།
ཀྱེ་ཀྱེ་ཁྲུང་ཁྲུང་དཀར་མོ་སྐྱོ་གདུང་ཅན།།
ནམ་ཟླ་དུས་ཀྱི་འགྱུར་བ་མང་ན་ཡང་།།
དུང་སེམས་འོ་མའི་ཆུ་བོ་ངང་བའི་འགྲོས།།
ཕྱི་ཕྱིར་ང་ཡི་ལོགས་སུ་འབབ་པར་མཛོད།།
༈ མི་ལ་རས་པ།
མི་ལ་རས་པ་གླུ་ལོངས་ཤིག།
སྣང་བ་རྒྱན་དུ་ཤར་བ་ཡིས།།
སྲིད་པའི་ཆོས་རྣམས་རྨ་བྱ་འདྲ།།
དབུ་མ་རྫོང་དུ་བསྡད་བསྡད་ནས།།
རང་ཁྱིམ་བརྗེད་པར་མ་གྱུར་ཏམ།།
རས་རྐྱང་རླུང་གིས་སྐྱོད་ཙ་ན།།
སེམས་ཉིད་གཡུ་ཡི་མེ་ལོང་དུ།།
གངས་དཀར་ཏི་སེ་མི་མཛེས་སམ།།
མགྲིན་པ་རྒྱ་གླིང་སངས་སངས་གྱིས།།
ཐོད་ཆང་སེར་པོ་ཧུབ་ཙམ་གྱིས།།
རྨི་ལམ་འདྲ་ལ་སད་པ་འདྲ།།
ཁྱོད་ཀྱི་འཇིག་རྟེན་འཆད་པར་མཛོད།།
བློས་བཏང་བྱ་བ་བྲལ་བའི་ཚེ།།
སྙན་མགུར་རིང་མོ་ཇི་ལྟར་བླངས།།
ཡིད་འོང་རལ་པའི་ལྕང་ལོ་དེས།།
རྗེས་ཆགས་ཕྱིར་མིག་དེ་ལྟར་གནོངས།།
མ་འདྲིས་སྙིང་གི་མཛའ་བའི་གྲོགས།།
ང་ནི་ཁྱོད་རང་འཚོལ་དུ་ཡོང་།།
འདྲིས་ན་ཡོངས་འདུ་ལྗོན་པའི་ཚལ།།
ཇི་ཙམ་ཉེ་ན་དེ་ཙམ་དྲོ།།
༈ གླུ་སྟག་ཞོན་མ།
བཟོ་པ་སྨྱོན་པའི་སྒྱུ་རྩལ་ལ།།
བསྟོད་པའི་གླུ་ཆུང་མི་ལེན་རྒྱུ།།
ཞལ་ཐང་རིང་མོའི་བཀོད་པ་ལ།།
ཡིད་སྨོད་སྙན་ངག་མི་འབྲི་རྒྱུ།།
རྨི་ལམ་ལྟ་བུའི་མི་ཚེ་སྐྱོ་ལ་སྡུག་པ་འདིར།།
འགྲེལ་བ་བྲིས་ནས་གླེགས་བམ་རི་ལྟར་སྤུངས་ན་ཡང་།།
མེད་པའི་ཆོས་ལ་ལོག་པར་སྤྱོད་པའི་ང་དང་ཁྱེད།།
ལྷ་བཟོ་འདི་ཡིས་བྲིས་ཤིང་བསུབས་པའི་རྩེད་མོ་ཙམ།།
ཟུངས་ཤིག་ཟུངས་ཤིག་སྨྱུ་གུ་ཟུངས།།
རང་ཉིད་དཀྱིལ་ལ་ཞོག་སྟེ་བྲིས།།
ཕྱི་སྣང་ཐམས་ཅད་གཟུགས་སུ་བྲིས།།
ལས་རྒྱུ་མེད་པའི་སྨྱོན་པ་བཞིན།།
ཡོད་ཚད་སུབས་ལ་ཡོད་ཚད་བྲིས།།
སེམས་པ་ཁབ་རྩེ་འདྲ་བ་དེས།།
རིལ་མ་རེ་རེ་མི་འཛིན་པར།།
བློ་རིག་མེ་ལོང་འདྲ་བའི་ནང་།།
སྟོང་ཁམས་ཆེན་མོ་མཆོད་པ་ཤོམས།།
༈ སྲིད་པའི་གར་ཆུང་།
མིག་ཟུང་ཕྲེང་བ་ནག་པོར་གཏད།།
བསམ་བློ་ནང་དུ་ཡང་ཡང་བསྐོར།།
ཉི་ཟླའི་འོད་ལ་ཆུང་ལྟ་བྱེད།།
ར་མཆུའི་བར་དུ་བླུན་དད་ཁྱེར།།
མུན་པ་ནག་པོའི་དོང་ནང་དུ།།
ཚམ་ཚོམ་མེད་པར་གཤོག་པ་བརྐྱངས།།
དེ་ཚེ་སྒྲོན་མེ་སེར་པོ་ནི།།
རླུང་བུའི་གསེབ་ནས་ངུ་བཞིན་འདར།།
མིག་དང་རྣ་བ་སྣ་ཡང་མེད།།
གཟུགས་ནི་དྲི་ཟའི་གྲོང་ཁྱེར་ཟེར།།
སྙིང་པོ་འཚོལ་བའི་རྨོངས་པ་རྣམས།།
འོད་ཀྱི་ལམ་དང་མུན་པའི་ལམ།།
ལམ་ཕྲན་སྟོང་གི་ཕ་རོལ་ནས།།
སྟག་རྒོད་ནག་པོས་ཟ་བར་འགྱུར།།
དེ་ཚེ་སྟོན་པ་གོ་ཏ་མའི།།
སྤྱན་ནི་ཆུ་ཡིས་གང་བར་ངེས།།
གད་སྙིགས་བླུག་པའི་སྒྱེ་མོའི་ཁ།།
གསེར་དང་སྒོར་གྱིས་མནན་པ་ན།།
ཤེལ་ལས་དྭངས་པའི་བུ་ཆུང་དེ།།
ཁོང་དགོད་རྒྱུ་མའི་དྲ་བ་ཆད།།
དེ་ཚེ་མི་ལ་རས་པ་ནི།།
ངོ་ཚའི་ཁ་ངོ་དམར་མདངས་རྒྱས།།
འགྲོ་ཁའི་བྲོ་ཁའང་མ་དྲན་པར།།
དཔལ་སྤྲུལ་ཁྲིད་དེ་རི་ལ་བྲོས།།
རྩོམ་སྒྲིག་པ། ལྷ་སྐྱིད།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།