རིག་འཛིན་ཚངས་དབྱངས་རྒྱ་མཚོ།
ཀོ་གྲུ་རྙིང་བ་ཞིག་ལ་ལྷན་པ་བརྒྱབ།།
དེ་ནས་རླུང་ལ་བསྐྱོན་ཏེ་རྒྱ་མཚོར་བཏང་།།
གཟན་གྱི་སྣེ་མོས་ཆུ་ནང་རོལ་མོ་དཀྲོལ།།
ཞེ་ཡི་འདང་བརྩེ་རང་བྱུང་ཁམས་ལ་འཐིམ།།
མཚན་གྱི་སྨག་རུམ་ཁྲོད་ནས་ཀི་ཞིག་བཏབ།།
ལ་མོ་སྒང་ལ་སྐར་མའི་མགུལ་རྒྱན་འཐོར།།
དེ་ཡི་སྙིང་བོ་ཙག་དང་ཆར་བས་བསེད།།
འཁོར་བའི་མི་ལ་འཁོར་བའི་སྡུག་བསྔལ་གླེང་།།
ཀྱེ་མ་ང་ཡི་རིག་འཛིན་སྒྲོལ་མ་ཞེས།།
གཟན་ཤམ་ཕུད་ནས་ཤུགས་རིང་འཐེན་པ་ན།།
ཆུང་འདྲིས་བྱམས་པའི་སྙིང་ཁྲག་ཆར་དུ་བབས།།
ཁྱེད་ཀྱིས་དེ་ལ་གདུང་བའི་མཛའ་གཞས་གྱེར།།
གྲིབ་གཟུགས་ཕོག་པའི་རི་ཁར་ཁངས་སྐྱ་བབས།།
གསང་བའི་ཉིན་ཐོ་རང་གི་བྲང་ལ་སྦྱར།།
ཡིན་ཡང་ཆུང་འདྲིས་བཞིན་ཤ་གྲི་ཡིས་གཙབས།།
དེ་ལ་ཞེ་འདང་འོ་མའི་ངར་ཁ་བླུད།།
འཁོར་བའི་སོ་ཁས་ཁྱེད་རང་མ་ཆོད་དོ།།
སྙིང་གི་མཛའ་མོ་སྙུ་གུའི་རྩེ་ནས་གསོན།།
ཁྱེད་རང་ཁྲུང་ཁྲུང་དཀར་མོའི་གཤོག་རྩེར་འཐམ།།
སླར་ཡང་ལི་ཐང་བསྐོར་ནས་བསླེབས་སོང་ངོ་།།
རྩོམ་སྒྲིག་པ། གངས་དགའ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།