ངག་ལྐུགས་པ།(ཞར་བཀོད་གསུམ་ཡོད)

གཡུ་ལུང་གཡུང་དྲུང་འབུམ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2017-06-24

IMG_7309.JPG

མི་སེམས་རོལ་མོ་དཀྲོལ་བའི།།
སིལ་སིལ་སྒྲ་ཞིག་གྲགས་པ།།
སྒོར་སྒོར་དོང་ཙེའི་བཞིན་རས།།
འཇོ་སྒེག་གང་ཞིག་མིན་ཡང་།།
འཚོ་བ་ཨ་འཁྱིལ་དགུ་འཁྱིལ།།
དྲན་པ་ཡར་འགྱུ་མར་འཁྱུག།
བསླུ་བྲིད་ལྐོག་གི་སྒྱུ་འཕྲུལ།།
སྒལ་བས་ལྕོགས་ས་མ་རེད།།
སྨྲ་སྒོ་མཚོན་གྱི་འཁོར་ལོ།།

ལྕེ་བརྒྱས་འཁྲོལ་བ་ཡོད་ཀྱང་།།
ཁ་རླངས་དུག་མདའ་ཕྲ་མོ།།
ཐུལ་ཐུལ་ཁ་བར་འཐིམ་སོང་།།
ལྷག་བསམ་སེམས་ཀྱིས་བཏེགས་པ།།
ཁ་བཏགས་དཀར་བོ་ཡིན་ཙང་།།
མི་སེམས་སད་དང་སེར་བ།།
འབྲུག་སྒྲ་དང་བཅས་བབས་སོང་།།
གཟུར་མེད་རྦབ་ཆུའི་རླབས་སྒྲ།།
ཤག་ཤག་སྟོབས་ཀྱིས་ལྷུང་བས།།
བྱ་བྱིའུའི་ཅ་ཅོའི་འོ་དོད།།
སུ་དང་གང་གིས་མ་ཚོར།།
ནམ་མཁའ་སྔོན་པོ་འདི་ཡིས།
དྭངས་གཙང་སྤྲིན་དཀར་ཕུལ་མོད།།
གཏིང་དུ་ཀྲུག་ཀྲུག་འགུལ་ཞིང་།།
འབུ་སྲིན་ཞིག་དང་འདྲ་བའི།།
གཟུགས་མེད་ཕྱི་ཡི་ཞགས་པས།།
ཟ་འཕྲུག་དང་བཅས་བསྡམས་སོང་།།

                                        2017.4.24

                           བརྩེ་དུངས་ཀྱི་རྩ་འགྲེལ།

དམ་ཚིག་རྡོ་ལ་བརྐོས་པའི།།
མཛའ་བརྩེའི་དུངས་སེམས་དམར་བོ།།
ལོ་ཟླའི་མིག་ཆུས་བརླན་ཞིང་།།
དུས་ཀྱི་རྡེག་འཚོག་དྲགས་པས།།
གདན་ཐོག་གཅིག་ཏུ་འཛོམས་མོད།།
སེམས་དང་སེམས་པའི་བར་ཐག།
ག་ལེར་ག་ལེར་བཀྱེད་སོང་།།
རྒྱང་རིང་ས་མཐའི་ཉི་མ།།
ལེགས་མཛེས་མེ་ཏོག་གང་དང་།།
མཚམས་སྤྲིན་མདངས་ཀྱིས་མ་ཁུག།
ཁད་ཁད་སྟབས་ཀྱིས་བཞུད་སོང་།།
ང་ཡི་སྙིང་ཐུབ་ལྷ་མོ།།
ང་ཡི་ཆུང་འདྲིས་བྱམས་པ།།
བདག་གི་ཚེ་གཅིག་སྐྱ་ཡ།།
བདག་གི་སེམས་ཀྱི་ཕྱེད་ཀ།
ཡ་ཆུང་ཁོག་ལ་བཅངས་པའི།།
མྱི་རེར་རྟགས་རེ་བརྒྱབ་སྟེ།།
ཁྲ་ཆུང་མིག་ལ་འཁོར་བ།།
ཁོ་མོའི་བཞིན་གྱི་འཛུམ་མདངས།།
ཡིད་ཀྱི་རྒྱ་མཚོ་བསྐྱོམས་པའི།།
དབྱངས་རྟའི་གསེར་གྱི་ལྡེ་མིག།
བཙལ་ཞིང་རྙེད་པས་སྤྲོ་མོད།།
ལྕགས་ཟྭའི་ཨ་ལོང་བཙའ་རོ།།
གསར་བརྗེའི་དར་ཞིག་བསྒྲོན་འདུག།
སེམས་ཀྱི་ཨ་སྔོན་ནམ་མཁའ།།
སྐྱོ་སྐྱོའི་ཁ་ཆར་བུ་ཡུག།
དགོས་དང་མ་དགོས་མི་འདུག།
འདས་པའི་མེ་ལོང་ངོས་ལ།།
ཝ་ལེར་ཝ་ལེར་བྲིས་འདུག།
ཧོར་གྱི་གུར་དཀར་རྒྱལ་བོས།།
སྐྱ་ལོ་སེང་ལྕམ་འབྲུག་མོ།།
གཡོ་དང་ཐབས་ཀྱིས་བསླུས་མོད།།
གེ་སར་རྒྱལ་བོའི་ཐུགས་རྗེས།།
འབྲུག་མོར་མ་གནངས་མེད་སོང་།།
དེས་མཛངས་བློན་ཆེན་མགར་གྱིས།།
རྒྱ་བཟའ་ཀོང་ཇོའི་བཞིན་ལ།།
ལག་པས་མ་རེག་ཟེར་ན།།
དེ་ནི་གཤོབ་ཀྱི་ཕུང་བོ།།
འོན་ཀྱང་སྲོང་བཙན་ཁོང་གིས།།
མིག་གཅིག་བཙུམས་ནས་བརྫུས་འདུག།
སུམ་གཉིས་ས་ཡི་བདག་པོ།།
མི་དབང་ཇིང་གུར་རྒྱལ་བོའི།།
ཕུད་ཀྱི་བཙུན་མོ་དེ་འང་།།
ཟས་ཀྱི་ལྷག་འཕྲོ་ཡིན་རུང་།།
སྔར་བཞིན་དང་བས་བཞེས་ཟིན།།
མེ་ཏོག་ཅེས་པའི་མཛེས་སྡུག།
གངས་ཅན་རྒྱ་མཚོའི་ཡུལ་དུ།།
མིག་སྣའི་ལོངས་སྤྱོད་མ་གཏོགས།
དགའ་བདེ་འཚོ་བའི་འཚོལ་སྙེག།
འབེན་དུ་སློང་བ་མིན་པས།།
རང་རང་འཁོར་བའི་གཏན་ཚིགས།།
སོ་སོས་རུམ་ན་བསམ་བྱུང་།།

                                       2017.4.25

                    སྣང་ལ་མ་ངེས་པའི་གཏེར།

ཕ་གིའི་འབྲོག་ཁྱིམ་དག་གིས།།
ལྷས་འདབས་རྟ་ནོར་ལུག་གསུམ།།
རྩྭ་ཆུའི་དྭངས་རྩེར་འདེད་པ།།
རྒྱབ་ལ་རན་པའི་ཉིའུ་ཙེ།།
འཐུང་ལ་རེམ་པའི་ཁ་ཧྥེ།།
དོང་ཙེའི་གྲངས་འབོར་མཚོན་བྱེད།།
ཡོད་ཚད་ཤ་ཁྲག་རུས་ལྤགས།།
མིན་ན་ཕྱུགས་ལ་གཅེས་སམ།།
མིན་ན་རྐང་ཡང་འཇིབ་བམ།།

མ་གིའི་རོང་གྲོང་རྣམས་ཀྱིས།།
ཞིང་ཆེན་གྲོ་ནས་སྲན་གསུམ།།
རྫས་ལུད་གཤེར་གྱིས་སྐྱོང་བ།།
གྲང་ལ་བྱོལ་བའི་མེ་སྒོང་།།
དྲོད་དང་བཅར་བའི་ལྕགས་ཐབ།།
བདེ་སྐྱིད་འཚོ་བའི་བསུང་ཞིམ།།
ཐབས་ཅད་ཨ་ཚ་ཨ་ཚ།།
མིན་ཚེ་ཙད་ལ་འདེ་འམ།།
མིན་ཚེ་ཆར་ལ་སྡང་ངམ།།

འདི་ན་འདུ་འཛོམས་དགའ་སྟོན།།
དེ་རུ་འགྲོ་རོགས་གྲིབ་མ།།
ཀན་ནས་མིང་ཆེན་གླུ་བ།།
གམ་དུ་གྲགས་ཅན་མཁས་པ།།
འདི་ན་ཟང་ཟིང་ལང་ལོང་།།
དེ་རུ་ཁ་ཁུ་སིམ་མེར།།
ཀན་ནས་གནམ་ལྡིང་ས་ལྡིང་།།
གམ་དུ་སྔུར་སྒྲ་ཧུར་ཧུར།།

མཛེས་སྡུག་རོལ་མོའི་སྒྲ་དབྱངས།།
ཁྱེད་ཀྱིས་གསན་པ་ཨེ་བྱུང་།།
ཞིམ་མངར་མཁའ་འགྲོའི་གཟུགས་རིས།།
ཁྱེད་ཀྱིས་མཐོང་བ་ཨེ་བྱུང་།།
འཇམ་གཉེན་འོ་ཞོའི་དྲི་ངད།།
ཁྱེད་ཀྱིས་མྱངས་པ་ཨེ་བྱུང་།།

                             2017.5.1

                           ཧ་ཧའི་དགོད་སྒྲ་དང་དབུགས་རིང་ཧལ་ཧལ།

                                        ------"ལྔ་བཞིའི"སྤྲེལ་ལད་ཅིག་ལ་ཁོང་དགོད་ཤོར་བ།

ཅིག་ཅིག་གི་སྙིང་སྟོབས་མ་གླེང་།།
ཉིག་ཉིག་གི་ཕུགས་འདུན་མ་བཤད།།
ལྕུག་ལྕུག་ལྕུག་འདར་བ་མཐོང་ན།།
ཤར་ར་ར་ཅི་ཙམ་བཟླས་རུང་།།
ཙི་གུ་ཞིག་ལངས་ནས་སྡོད་དཀའ།།

ཆེམ་ཆེམ་གྱི་གློག་འོད་བསྒྲོན་པའི།།
མཐོ་མཐོ་ཡི་སྡིངས་ཆར་འགྲེང་ནས།།
གསོག་གསོབ་ཀྱི་འགྱུར་ཁུགས་ཐོས་ན།།
ཁུ་ཚུར་དེ་ཅི་ལྟར་འཕྱར་ཡང་།།
སྐྱུག་མེར་གྱི་བྲེད་ཤས་དེད་ཡོང་།།

ཤམ་ཤམ་གྱི་གཟབ་མཆོར་སྤྲས་ཤིང་།།
ལྡ་ལྡི་ཡི་དྲ་བ་འཐེན་ནས།།
ཁུ་སིམ་མེར་དྲན་མེད་བརྒྱལ་དུས།།
ཨམ་གཙིགས་དེ་ཅི་ཙམ་བསྡམས་ཀྱང་།།
ལག་རྡུམ་གྱི་དམག་རྒན་དེ་ཁྱོད་རེད།།

ཟ་ཟུར་དང་རྒྱབ་ལོགས་གསེང་ནས།།
ལམ་ལམ་བཞིན་འོད་དུ་འཚེར་ཞིང་།།
ལྷང་ལྷང་ལྷང་རྣ་བར་སིམ་པའི།།
གཉོམ་དུངས་ཀྱི་ཕ་སྐད་མ་ཡིག།
ཐུ་ལུ་ལུ་འོ་ཇར་འདྲེས་ན།།

                            2017.5.4


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངག་ལྐུགས་པ།(ཞར་བཀོད་གསུམ་ཡོད)

2017-06-24 གཡུ་ལུང་གཡུང་དྲུང་འབུམ། ཀློག་གྲངས། མཆན ཡོད།

IMG_7309.JPG

མི་སེམས་རོལ་མོ་དཀྲོལ་བའི།།
སིལ་སིལ་སྒྲ་ཞིག་གྲགས་པ།།
སྒོར་སྒོར་དོང་ཙེའི་བཞིན་རས།།
འཇོ་སྒེག་གང་ཞིག་མིན་ཡང་།།
འཚོ་བ་ཨ་འཁྱིལ་དགུ་འཁྱིལ།།
དྲན་པ་ཡར་འགྱུ་མར་འཁྱུག།
བསླུ་བྲིད་ལྐོག་གི་སྒྱུ་འཕྲུལ།།
སྒལ་བས་ལྕོགས་ས་མ་རེད།།
སྨྲ་སྒོ་མཚོན་གྱི་འཁོར་ལོ།།

ལྕེ་བརྒྱས་འཁྲོལ་བ་ཡོད་ཀྱང་།།
ཁ་རླངས་དུག་མདའ་ཕྲ་མོ།།
ཐུལ་ཐུལ་ཁ་བར་འཐིམ་སོང་།།
ལྷག་བསམ་སེམས་ཀྱིས་བཏེགས་པ།།
ཁ་བཏགས་དཀར་བོ་ཡིན་ཙང་།།
མི་སེམས་སད་དང་སེར་བ།།
འབྲུག་སྒྲ་དང་བཅས་བབས་སོང་།།
གཟུར་མེད་རྦབ་ཆུའི་རླབས་སྒྲ།།
ཤག་ཤག་སྟོབས་ཀྱིས་ལྷུང་བས།།
བྱ་བྱིའུའི་ཅ་ཅོའི་འོ་དོད།།
སུ་དང་གང་གིས་མ་ཚོར།།
ནམ་མཁའ་སྔོན་པོ་འདི་ཡིས།
དྭངས་གཙང་སྤྲིན་དཀར་ཕུལ་མོད།།
གཏིང་དུ་ཀྲུག་ཀྲུག་འགུལ་ཞིང་།།
འབུ་སྲིན་ཞིག་དང་འདྲ་བའི།།
གཟུགས་མེད་ཕྱི་ཡི་ཞགས་པས།།
ཟ་འཕྲུག་དང་བཅས་བསྡམས་སོང་།།

                                        2017.4.24

                           བརྩེ་དུངས་ཀྱི་རྩ་འགྲེལ།

དམ་ཚིག་རྡོ་ལ་བརྐོས་པའི།།
མཛའ་བརྩེའི་དུངས་སེམས་དམར་བོ།།
ལོ་ཟླའི་མིག་ཆུས་བརླན་ཞིང་།།
དུས་ཀྱི་རྡེག་འཚོག་དྲགས་པས།།
གདན་ཐོག་གཅིག་ཏུ་འཛོམས་མོད།།
སེམས་དང་སེམས་པའི་བར་ཐག།
ག་ལེར་ག་ལེར་བཀྱེད་སོང་།།
རྒྱང་རིང་ས་མཐའི་ཉི་མ།།
ལེགས་མཛེས་མེ་ཏོག་གང་དང་།།
མཚམས་སྤྲིན་མདངས་ཀྱིས་མ་ཁུག།
ཁད་ཁད་སྟབས་ཀྱིས་བཞུད་སོང་།།
ང་ཡི་སྙིང་ཐུབ་ལྷ་མོ།།
ང་ཡི་ཆུང་འདྲིས་བྱམས་པ།།
བདག་གི་ཚེ་གཅིག་སྐྱ་ཡ།།
བདག་གི་སེམས་ཀྱི་ཕྱེད་ཀ།
ཡ་ཆུང་ཁོག་ལ་བཅངས་པའི།།
མྱི་རེར་རྟགས་རེ་བརྒྱབ་སྟེ།།
ཁྲ་ཆུང་མིག་ལ་འཁོར་བ།།
ཁོ་མོའི་བཞིན་གྱི་འཛུམ་མདངས།།
ཡིད་ཀྱི་རྒྱ་མཚོ་བསྐྱོམས་པའི།།
དབྱངས་རྟའི་གསེར་གྱི་ལྡེ་མིག།
བཙལ་ཞིང་རྙེད་པས་སྤྲོ་མོད།།
ལྕགས་ཟྭའི་ཨ་ལོང་བཙའ་རོ།།
གསར་བརྗེའི་དར་ཞིག་བསྒྲོན་འདུག།
སེམས་ཀྱི་ཨ་སྔོན་ནམ་མཁའ།།
སྐྱོ་སྐྱོའི་ཁ་ཆར་བུ་ཡུག།
དགོས་དང་མ་དགོས་མི་འདུག།
འདས་པའི་མེ་ལོང་ངོས་ལ།།
ཝ་ལེར་ཝ་ལེར་བྲིས་འདུག།
ཧོར་གྱི་གུར་དཀར་རྒྱལ་བོས།།
སྐྱ་ལོ་སེང་ལྕམ་འབྲུག་མོ།།
གཡོ་དང་ཐབས་ཀྱིས་བསླུས་མོད།།
གེ་སར་རྒྱལ་བོའི་ཐུགས་རྗེས།།
འབྲུག་མོར་མ་གནངས་མེད་སོང་།།
དེས་མཛངས་བློན་ཆེན་མགར་གྱིས།།
རྒྱ་བཟའ་ཀོང་ཇོའི་བཞིན་ལ།།
ལག་པས་མ་རེག་ཟེར་ན།།
དེ་ནི་གཤོབ་ཀྱི་ཕུང་བོ།།
འོན་ཀྱང་སྲོང་བཙན་ཁོང་གིས།།
མིག་གཅིག་བཙུམས་ནས་བརྫུས་འདུག།
སུམ་གཉིས་ས་ཡི་བདག་པོ།།
མི་དབང་ཇིང་གུར་རྒྱལ་བོའི།།
ཕུད་ཀྱི་བཙུན་མོ་དེ་འང་།།
ཟས་ཀྱི་ལྷག་འཕྲོ་ཡིན་རུང་།།
སྔར་བཞིན་དང་བས་བཞེས་ཟིན།།
མེ་ཏོག་ཅེས་པའི་མཛེས་སྡུག།
གངས་ཅན་རྒྱ་མཚོའི་ཡུལ་དུ།།
མིག་སྣའི་ལོངས་སྤྱོད་མ་གཏོགས།
དགའ་བདེ་འཚོ་བའི་འཚོལ་སྙེག།
འབེན་དུ་སློང་བ་མིན་པས།།
རང་རང་འཁོར་བའི་གཏན་ཚིགས།།
སོ་སོས་རུམ་ན་བསམ་བྱུང་།།

                                       2017.4.25

                    སྣང་ལ་མ་ངེས་པའི་གཏེར།

ཕ་གིའི་འབྲོག་ཁྱིམ་དག་གིས།།
ལྷས་འདབས་རྟ་ནོར་ལུག་གསུམ།།
རྩྭ་ཆུའི་དྭངས་རྩེར་འདེད་པ།།
རྒྱབ་ལ་རན་པའི་ཉིའུ་ཙེ།།
འཐུང་ལ་རེམ་པའི་ཁ་ཧྥེ།།
དོང་ཙེའི་གྲངས་འབོར་མཚོན་བྱེད།།
ཡོད་ཚད་ཤ་ཁྲག་རུས་ལྤགས།།
མིན་ན་ཕྱུགས་ལ་གཅེས་སམ།།
མིན་ན་རྐང་ཡང་འཇིབ་བམ།།

མ་གིའི་རོང་གྲོང་རྣམས་ཀྱིས།།
ཞིང་ཆེན་གྲོ་ནས་སྲན་གསུམ།།
རྫས་ལུད་གཤེར་གྱིས་སྐྱོང་བ།།
གྲང་ལ་བྱོལ་བའི་མེ་སྒོང་།།
དྲོད་དང་བཅར་བའི་ལྕགས་ཐབ།།
བདེ་སྐྱིད་འཚོ་བའི་བསུང་ཞིམ།།
ཐབས་ཅད་ཨ་ཚ་ཨ་ཚ།།
མིན་ཚེ་ཙད་ལ་འདེ་འམ།།
མིན་ཚེ་ཆར་ལ་སྡང་ངམ།།

འདི་ན་འདུ་འཛོམས་དགའ་སྟོན།།
དེ་རུ་འགྲོ་རོགས་གྲིབ་མ།།
ཀན་ནས་མིང་ཆེན་གླུ་བ།།
གམ་དུ་གྲགས་ཅན་མཁས་པ།།
འདི་ན་ཟང་ཟིང་ལང་ལོང་།།
དེ་རུ་ཁ་ཁུ་སིམ་མེར།།
ཀན་ནས་གནམ་ལྡིང་ས་ལྡིང་།།
གམ་དུ་སྔུར་སྒྲ་ཧུར་ཧུར།།

མཛེས་སྡུག་རོལ་མོའི་སྒྲ་དབྱངས།།
ཁྱེད་ཀྱིས་གསན་པ་ཨེ་བྱུང་།།
ཞིམ་མངར་མཁའ་འགྲོའི་གཟུགས་རིས།།
ཁྱེད་ཀྱིས་མཐོང་བ་ཨེ་བྱུང་།།
འཇམ་གཉེན་འོ་ཞོའི་དྲི་ངད།།
ཁྱེད་ཀྱིས་མྱངས་པ་ཨེ་བྱུང་།།

                             2017.5.1

                           ཧ་ཧའི་དགོད་སྒྲ་དང་དབུགས་རིང་ཧལ་ཧལ།

                                        ------"ལྔ་བཞིའི"སྤྲེལ་ལད་ཅིག་ལ་ཁོང་དགོད་ཤོར་བ།

ཅིག་ཅིག་གི་སྙིང་སྟོབས་མ་གླེང་།།
ཉིག་ཉིག་གི་ཕུགས་འདུན་མ་བཤད།།
ལྕུག་ལྕུག་ལྕུག་འདར་བ་མཐོང་ན།།
ཤར་ར་ར་ཅི་ཙམ་བཟླས་རུང་།།
ཙི་གུ་ཞིག་ལངས་ནས་སྡོད་དཀའ།།

ཆེམ་ཆེམ་གྱི་གློག་འོད་བསྒྲོན་པའི།།
མཐོ་མཐོ་ཡི་སྡིངས་ཆར་འགྲེང་ནས།།
གསོག་གསོབ་ཀྱི་འགྱུར་ཁུགས་ཐོས་ན།།
ཁུ་ཚུར་དེ་ཅི་ལྟར་འཕྱར་ཡང་།།
སྐྱུག་མེར་གྱི་བྲེད་ཤས་དེད་ཡོང་།།

ཤམ་ཤམ་གྱི་གཟབ་མཆོར་སྤྲས་ཤིང་།།
ལྡ་ལྡི་ཡི་དྲ་བ་འཐེན་ནས།།
ཁུ་སིམ་མེར་དྲན་མེད་བརྒྱལ་དུས།།
ཨམ་གཙིགས་དེ་ཅི་ཙམ་བསྡམས་ཀྱང་།།
ལག་རྡུམ་གྱི་དམག་རྒན་དེ་ཁྱོད་རེད།།

ཟ་ཟུར་དང་རྒྱབ་ལོགས་གསེང་ནས།།
ལམ་ལམ་བཞིན་འོད་དུ་འཚེར་ཞིང་།།
ལྷང་ལྷང་ལྷང་རྣ་བར་སིམ་པའི།།
གཉོམ་དུངས་ཀྱི་ཕ་སྐད་མ་ཡིག།
ཐུ་ལུ་ལུ་འོ་ཇར་འདྲེས་ན།།

                            2017.5.4


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།