མཚན་ལ་བཏབ་པའི་གཞས།(ཞར་བཀོད་གཅིག་ཡོད)
རི་དྭགས་མཚན་མ་ཆུ་འཛིན་ནག་པོའི་གསེབ་ཏུ་ཡིབ།།
སྐར་མ་ཁྲག་ཁྲིག་གངྒཱ་ཀླུང་གི་མཚོ་མོར་དཔྱངས།།
ཆུ་དང་ཆུ་བོ་མུན་ནག་ཁྲོད་ནས་རྒྱང་རིང་འགྲུལ།།
ཡིད་ཀྱི་མེ་ཏོག་མུན་ནག་ཁྲོད་ནས་ཆག་གྲུམ་ཤོར།།
སྣང་ཞིང་སྟོང་ཁམས་སྒྱུ་མའི་གནས་སུ་འཚོ་དུས་སུ།།
འདི་ཕྱིའི་དགའ་སྐྱོ་ཞེ་འདང་སེམས་ཀྱི་དཀྱིལ་ན་ཟུགས།།
མཚན་ལ་བཏབ་པའི་རྨི་ལམ་རབ་རིབ་མག་མོག་འདི།།
མི་རྟག་སྒྱུ་མའི་མིག་འཕྲུལ་ཡིན་པ་སུ་ཡིས་རྟོགས།།
ཟླ་འོད་མེད་པའི་མཚན་མོ་མང་པོ་ངུས་ནས་བསྐྱལ།།
གཏན་བདེ་ངེས་འབྱུང་རི་ལ་འགོས་པའི་རྣལ་འབྱོལ་པས།།
འཆི་བ་མ་སླེབས་ཆུང་མ་མི་འཚོལ་དམ་བཅའ་བཞག།
འདོད་པའི་རི་ལ་མི་འགོས་ཟེར་ནས་རིང་དུ་བཀྱེད།།
སྐྱོ་གདུང་ཡོད་ཚད་རང་གི་ཁོག་ལ་འཐིབས་པར་བྱས།།
སྣང་བ་མཐོ་རུ་བཏེགས་ཏེ་མཚན་མོའི་ལག་སྣེ་འབྱར།།
སྣང་ཞིང་སྟོང་བའི་རྨི་ལམ་གྲོང་སོགས་འགྲིམ་དུས་སུ།།
མ་བཅོས་ངག་གི་གཙང་བོ་སྨྲ་བ་བཅད་ནས་འདུག།
སྐྱོ་བ་ཐན་ཐུན་ཚིགས་སུ་བཅད་ནས་ཤོག་ངོར་འབྲི།།
དེ་ལྟའི་མཚན་མོ་རྨི་ལམ་ནང་དུ་བྲག་ཆ་འཁོར།།
ཡིད་འོང་རབ་མཛེས་མཚན་མོའི་རི་དྭགས་ཀུན་པོ་ཡང་།།
མྱ་ངམ་ཐང་དུ་བཞད་པའི་མེ་ཏོག་ཁེར་སྐྱེས་བཞིན།།
ལྷིངས་འཇག་མུན་པའི་རི་ལ་གདུང་བའི་སྨྲེ་ངན་འཁོར།།
རབ་འབྱམས་དྲི་མ་མེད་པའི་རྒྱང་རིང་ཡུལ་ཕྱོགས་ན།།
ཡིད་སེམས་འགུལ་བའི་གཞས་ཆུང་སྙན་མོ་མ་ཐོས་པས།།
ནང་གི་སེམས་ཉིད་རབ་ཏུ་སྐྱོ་བའི་རློན་པར་གྱུར།།
མཚན་མོའི་དུས་ཚོད་འདི་ལ་སྐྱོ་བའི་གཙང་བོ་བཞུར།།
སྣ་ཚོགས་ཉམས་ཀྱིས་བྱུགས་པའི་མཚན་མོའི་དུས་ཚོད་ནང་།།།
ངོ་གདོང་འཁྱག་པ་དེ་ལ་དྲོད་ཅིག་མ་འབྱར་ཨང་།།
༢༠༡༧/༡༢/༢༡ ལ་མཇུག་གྲུབ།
༢༠༡༧/༡༢/༢༥ ལ་བཅོས།
བདག་མེད་མ་ལ་སྤྲིངས་པ།
བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ངོ་བོ།།
ཉིན་ཞག་སུམ་ཁྲི་ཕལ་བའི་མི་ཚེ།།
སུམ་བརྒྱ་དྲུག་ཅུའི་དྲན་གདུང་ཁྲོད་ནས།།
མ་བོར་རྟོགས་པའི་བདག་མེད་མ་ནི།།
སེམས་པ་གཡོ་དང་ཟོལ་ཀྱིས་མ་ལྷད།།
གཤིས་ཀ་མིག་འཕྲུལ་སྒྱུ་མས་མ་གོས།།
ངག་ལ་རྩུབ་མོ་ཚིག་གི་དབེན་པ།།
ཞེ་དང་སྣང་བའི་སྦར་ཁ་མཐུན་པ།།
རྗེས་ཆགས་བརྩེ་བའི་ཀློང་ན་ཉར་བ།།
འཁོར་བའི་གྲོང་ནས་ཐབ་མེ་གཏོང་བ།།
མཆོག་དགའི་རང་བཞིན་བདག་མེད་ལྷ་མོ།།
བཅོ་ལྔའི་ཟླ་བ་ལྟར་དུ་མཛེས་པ།།
བཅུ་དྲུག་གཞོན་ནུའི་ལང་ཚོ་ཡག་པ།།
རབ་འབྱམས་དག་པའི་ཞིང་ན་བཞུཊ་པ།།
སྐྱོ་ཤས་རླུང་བུ་གཡོ་བར་འགྱུར་ཨང་།།
༢༠༡༧ ༡༢ ༡༧
རྩོམ་སྒྲིག་པ། དབང་མོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།