བདེ་བར་གཤེགས་པའི་སྨོན་ལམ།(ཞར་བཀོད་གཅིག་ཡོད)
གང་ལ་གང་མཁོ་དེ་ལ་དེ་ཡི་ཆེད།།
རིགས་དང་རུས་པ་མི་དབྱེ་སྟོན་མཛད་པ།།
འཁོར་བ་ཡང་དག་བདེ་བར་གཤེགས་མཛད་པ།།
ང་ཡི་དགེ་རྒན་དེ་ལ་གུས་པས་འདུད།།
སུ་ཡི་མགོན་དང་གང་གི་སྐྱབས་སུ་བཀན།།
སུ་ལ་མེད་དང་མུག་གི་དབུལ་བ་ན།།
ལམ་དང་གྲོགས་ཀྱིས་རོགས་དང་རམ་འདེགས་མཛད།།
ང་ཡི་དགེ་རྒན་དེ་ལ་ཕྱག་འཚལ་ལོ།།
དད་པ་ཡོད་མེད་མི་བལྟ་ཀུན་ལ་འགྲིག།
གྲུབ་མཐའ་གཙོ་མིན་མི་ཕྱེ་ཚང་མར་འཕྲོད།།
མི་ཡི་ཚུགས་ཀར་དང་དོད་མི་དབྱེ་བ།།
ལུས་དང་སྲོག་གི་བསྟན་པ་ཁྱེད་ལ་བཅོལ།།
འཁོར་ནི་གཙོ་བོ་མི་བྱ་རིགས་ཀྱི་བུ།།
ལུགས་ནི་ཞེད་པས་མི་འཛིན་འཁོར་བའི་བུ།།
སྨད་པས་མི་ཐུབ་བསྟོད་པས་མི་ཁེངས་པ།།
འཇིག་རྟེན་རྒད་པོ་ཁྱེད་ལ་ཡིད་རང་མཛའ།།
དད་པས་གླེན་རྟགས་མི་ཕུད་ཤ་གཅུ་བརྒྱག།
གློ་བུར་བ་སྤུ་མི་གཡོ་ལུས་ཀྱིས་གཅོག།
ཀླད་པས་མཆུམས་པ་དེ་རྩ་མོ་མིན།།
ཕུང་བོས་ནོན་པ་དེ་ཡང་ཨུ་ཚུགས་མིན།།
དྲི་མ་སེམས་སུ་གསལ་ཞིང་སེམས་སུ་འདུལ།།
རྣམ་རྟོག་བྲང་ཁར་ཡེངས་ཞིང་བྲང་ཁར་བཀྲམ།།
ཚུགས་ཀ་མྱོས་བུམ་ཅན་གྱི་སྟོན་པ་གན།།
ཞི་དུལ་གཉིས་ཀ་སྒོམ་སྟེ་བདེ་བར་ཕེབས།།
སྟོང་བ་ག་ལེར་ཡེངས་ཤིང་ག་ལེར་སངས།།
དྲི་བྲལ་ག་ལེར་འབྱར་ཞིང་ག་ལེར་འཐོར།།
འཁོར་བ་མེད་དགག་མི་བལྟ་དགག་སྒྲའི་དགྲ།།
མཛད་པ་མེད་མུག་མི་སྟོན་བདག་སྒྲའི་དགྲ།།
སྨུག་པའི་ལྭ་བ་རློན་པ།
སྒེའུ་ཁུང་ཕྱེད་ཙམ་རླངས་པས་ཟིན་ཏེ་མདུན་གྱི་ནགས་ཚལ་ཕྱེད་ཙམ་མཐོང་།།
ཤྭ་ཕོ་འདྲོགས་ཏེ་ལོ་འདབ་ཤག་ཤག་སྨུག་པ་རྒྱབ་རིའི་ཤོད་དུ་རྒྱུ།།
གྲིབ་མ་གོན་པའི་དེའུ་འབུར་ངོས་སུ་མིག་ཆུ་ཞོགས་པའི་བར་སྐབས་དེར །།
ནམ་མཁའ་ལྟ་བུའི་ཁང་བའི་ནང་དུ་སྤྲིན་གྱི་ཡི་གེ་དུམ་བུར་ཆད །།
ཉག་ག་གན་གྱི་ཕར་ངོས་ཤིག་ནས་བུ་མོ་ཟླ་བ་འཛུམ་སེ་ཤར །།
ཐུ་སྣེ་མཚོ་ངོར་དལ་གྱིས་དྲུད་དེ་ཆུ་ངོར་ཞབས་རྗེས་ཤར་སེ་འཐེན །།
རི་བོའི་རྩེ་མོ་འདུན་པ་བྱས་ཡོད་ཆུ་ཡི་མེ་ལོང་སེམས་པ་བྱས །།
གྲིབ་གཟུགས་འཐེན་པའི་རྩྭི་ཤིང་གན་ལ་ཁེན་ནས་ཁྱེད་ལ་ཡུན་རིང་ཅེར །།
མིག་ཟུང་གོར་གོར་ཁྱེད་ཀྱིས་བཀང་ཞིང་སྐྲ་འདབས་རླུང་བུས་ཡོམ་ཡོམ་བསྒུལ།།
ལག་པ་ཕྲ་མོས་ཁྱེད་ཉིད་བསྐྱོར་ཞིང་བ་སྤུ་རླན་གྱིས་ཤག་སེ་ཤག།།
ང་ཡི་གདོང་བ་དམར་བོར་གྱུར་ཏེ་མཚམས་སྤྲིན་ཁོངས་སུ་དལ་གྱིས་ཡལ།།
ཡི་གེ་མིན་པའི་སྲོག་རྩ་གན་ནི་སྙིང་གི་ཞབས་ལ་ཁྲིགས་སེ་འཕྲོད།།
རྩོམ་སྒྲིག་པ། གངས་དགའ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།