དཔལ་གྱིས་དུད་པའི་སྙན་ཚིག་སུམ་བརྒྱ་པ་ཐུབ་བསྟོད་མེ་ཏོག་ཕྲེང་མཛེས་ཞེས་བྱ་བ།

ཁག་དང་པོ།

༈མེ་ཏོག་དཔལ།
རྟག་ཏུ་བརྩེ་བའི་མེ་ཏོག་གིས། །
གདུལ་བྱའི་བུང་བ་ལེགས་སྐྱོང་སྟེ། །
རྟེན་འབྱུང་འདབ་མའི་དྲ་བ་ལས། །
ཆོས་ཀྱི་ངད་པ་ལྡང་དེར་འདུད། །

དབེན་པའི་སུལ་དུ་སྐྱིལ་མོ་ཀྲུང་། །
ཏིང་འཛིན་སྒོམ་ལ་གནས་པ་ཡི། །
ཞི་དུལ་ངང་གིས་འཁོར་བ་ལ། །
སྙིང་པོ་མེད་པར་གཟིགས་དེར་བཏུད། །

སྣ་ཚོགས་ཐབས་ཀྱི་ཆོ་འཕྲུལ་ལས། །
བདེ་སྟོང་ཉི་ཟླའི་གུར་ཁྱིམ་འཁྱིལ། །
གཉིས་མེད་འཇའ་ཡི་རྡུལ་དག་ལ། །
སྒྱུ་མར་གསུང་དེར་གུས་ཤིང་གུས། །

གདོད་ནས་དྲི་ཡིས་མ་གོས་པའི། །
ཆུ་ཤེལ་དྭངས་མས་བཀྲུས་པ་བཞིན། །
བདག་ཅག་ཐུབ་པའི་མེ་ལོང་གིས། །
ཀུན་ཀྱང་མཁྱེན་དེར་ཕྱག་བགྱིའོ། །

ནགས་ཀྱི་ཡོལ་བའི་གྲིབ་བསིལ་དུ། །
ཆོས་ཉིད་སྟོང་པའི་བདག་མེད་ལྟ། །
ལོངས་སུ་སྤྱོད་པའི་བསམ་གཏན་གྱི། །
ཉིང་ཁུ་བཏུང་པ་དེ་ལ་དད། །

དགེ་ལེགས་ཡོན་ཏན་བྱེ་བ་ཡིས། །
མཐོ་རིས་ཆ་ནི་རྫོགས་གྱུར་པའི། །
ཀ་དག་ཆོས་དབྱིངས་ཟབ་མོ་རུ། །
ངོ་བོ་གཉིས་མེད་དེ་ལ་འདུད། །

གང་གི་རྨད་བྱུང་བརྩོན་པའི་མཐུས། །
བསླུ་མེད་ཕན་བདེ་བསྩལ་བ་ན། །
ཤེས་རབ་ནོར་གྱི་འོད་ཕུང་གིས། །
བདག་བློའི་མུན་སྟུག་སེལ་དེར་བསྟོད། །

མི་རྟོག་མཁའ་འགྲོའི་བརྡ་གླུ་ལས། །
སྟོབས་བཅུའི་ང་རོ་གྱེར་བའི་དབྱངས། །
ཐོས་འཛིན་བུ་ཡི་རྣ་བ་རུ། །
བཀྲ་ཤིས་གསོས་སུ་སྨིན་དེར་བསྟོད། །

མཚན་དཔེ་བྱུ་རུའི་ཕྲ་ཚོམ་ནི། །
ངེས་པ་ལྔ་དང་ལྡན་པའི་སྐུར། །
ལེགས་པར་ཡོངས་སུ་བརྒྱན་པ་ཡི། །
བཅོམ་ལྡན་འདས་དེར་ཕྱག་འཚལ་ལོ། །
༡༠
ངེས་དོན་གསུང་གི་ཚད་མ་ཡིས། །
ཐར་བའི་ལམ་དུ་བསྒྱུར་བ་ན། །
དུས་ལ་བཏབ་པའི་རྩེ་དགས་ཀྱང་། །
རྣམ་གྲོལ་འབྲས་བུ་སྨིན་དེར་སྙིམ། །
༡༡
ཁྱོད་ཀྱི་བསྟན་པའི་སྐྱེད་མོས་ཚལ། །
ལེགས་པར་བཤད་པའི་མེ་ཏོག་ཕོན། །
དལ་གྱིས་སྤྱན་རས་གཡོ་བའི་ཚོགས། །
རིང་དུ་འཚོ་བར་བྱེད་དེར་བསྔགས། །
༡༢
ཤིན་ཏུ་ཕུལ་བྱུང་ཡིད་འཕྲོག་པའི། །
རྒྱལ་བས་ཅི་མཛད་ལེགས་པ་སྟེ། །
སྙིང་པོ་བྲལ་བའི་རང་སེམས་འདི། །
ཡོངས་སུ་འདུལ་བ་དེ་ལ་ཕྱོགས། །
༡༣
ལུང་རིགས་བ་དན་གསར་བའི་རྩེར། །
གཙུག་ལག་རྒྱལ་མཚན་སྒྲེང་བ་ཡི། །
རབ་འབྱམས་གསང་བ་འཁོར་ལོས་ཀྱང་། །
བདུད་བཞི་ཕམ་མཛད་དེ་ལ་འདུད། །
༡༤
བཤད་སྒྲུབ་འཕོས་པའི་ས་ཡི་རྩེར། །
ཐུབ་བསྟན་གངས་ཀྱི་ཐིག་ལེ་ཆགས། །
ཕན་བདེའི་དངོས་པོ་དཔག་མེད་པའི། །
བསླབ་གསུམ་མཆོག་དེར་བཏུད་ཅིང་མོས། །
༡༥
ཐབས་ཚུལ་ར་བ་བརྟན་པོས་ནི། །
ཁམས་དང་མོས་པའི་སེམས་ཉིད་སྲུང་། །
དུག་གསུམ་ཉོན་མོངས་རྟ་རྒོད་ཀྱི། །
ཁ་ལོ་བཏུལ་དེར་བདག་གིས་བསྙེན། །
༡༦
དྲང་སྲོང་ཨུཏྤལ་རྒྱས་པའི་ཚལ། །
ཁྱེད་ནི་ཨུ་དུམ་བཱ་ར་སྟེ། །
འབྱུང་བ་དཀོན་ལ་མཐུ་ལྡན་པ། །
ཞིང་གི་དམ་པ་ཉིད་ལ་མཆོད། །
༡༧
ཟབ་གཞི་སྤྲོས་བྲལ་ནམ་མཁའ་རུ། །
བདེ་ཆེན་ཉི་ཟླ་འཛུམ་པའི་དཔལ། །
ཡིད་བྱེད་དྲ་བའི་སྨག་རུམ་གྱི། །
རྩ་བ་འཕྲོག་དེར་སྐྱབས་སུ་མཆི། །
༡༨
འཁོར་བར་མཛེས་པའི་གདུ་བུ་ཅན། །
ཤིན་ཏུ་སྙིང་ལ་སྡུག་པ་རྣམས། །
སྐད་ཅིག་ཁྲོས་པའི་སྲིན་མོ་རུ། །
རྟག་ཏུ་འདོད་པ་གང་ལ་གཟེངས། །
༡༩
ཞི་ཞིང་ཞི་བའི་མཆོག་གྱུར་པའི། །
ཤཱཀྱའི་རིགས་ཀྱི་སྲས་པོ་མཆོག །
དུས་གསུམ་ཀུན་ཏུ་སྤྱི་བོ་རུ། །
མེ་ཏོག་ཚུལ་དུ་ལེན་དེར་རྒྱལ། །
༢༠
གསེར་གྱི་ཕུང་པོའི་རི་བོ་ལས། །
ཕུན་ཚོགས་འདོད་དགུ་དུ་མས་ཀྱང་། །
མཐའ་ཡས་སྐྱེ་བོའི་སེམས་ཀྱི་དབུལ། །
མེད་པར་མཛད་དེར་མགོས་ཕྱག་བགྱི། །
        གུས་འདུད་ཞུས་པའི་ལེའུ་སྟེ་དང་པོའོ། །
 
༈དད་པའི་དཔལ།

༢༡
ཐམས་ཅད་མཁྱེན་པར་ཕྱག་བྱས་ཏེ། །
འདས་དང་མ་འོངས་ད་ལྟ་དང་། །
སྐྱབས་སུ་བདག་ཉིད་ལ་ཞུགས་ནས། །
མགོན་པོ་གང་གི་ཉེ་དྲུང་དུ། །
༢༢
ད་ནས་བྱང་ཆུབ་སྙིང་པོའི་བར། །
མི་འབྲལ་དམ་བཅའ་བཀོད་པ་ན། །
མ་ལུས་བྱམས་པས་སྐྱོང་མཛད་པ། །
ཐུབ་པ་མཆོག་གིས་བདག་སྐྱོངས་ཤིག །
༢༣
དྲེགས་ལྡན་གཙུག་གི་མེ་ཏོག་གིས། །
ཡིད་ཀྱི་བརྟན་པ་འཕྲོག་གྱུར་པས། །
དེ་ཚེ་ཆོས་བརྒྱད་སྤྲིན་ཚོགས་ཀྱིས། །
འཛིངས་པ་མེད་པའི་རྗེས་སུ་ཞུཊ། །
༢༤
ཆོས་སྤྱོད་ནོར་བུའི་དོ་ཤལ་གྱི། །
འཛུམ་པའི་དཔལ་དུ་ལྷུང་བ་ནི། །
འཇིག་རྟེན་རྒུད་པ་སེལ་གྱུར་པའི། །
སྟོན་པ་ཞེས་གྲགས་སྐྱབས་སུ་འཇུག །
༢༥
འཇིག་རྟེན་ཚངས་དང་ཁྱབ་འཇུག་ནི། །
བདག་གི་སྟོན་པ་ཡོངས་དོར་ནས། །
ཤིན་ཏུ་དགེ་ལེགས་དང་ལྡན་པའི། །
ཡོན་ཏན་མངའ་ལ་སྐྱབས་སུ་བསྟེན། །
༢༦
ལོངས་སྤྱོད་སྟོབས་ཀྱང་མི་དད་པ། །
བདག་ནི་འགྱུར་བ་མ་ལགས་པས། །
གང་གི་སྐྱོན་བྲལ་མཁྱེན་པའི་ནོར། །
སྙིང་ནས་མོས་པའི་ཚུལ་གྱིས་ལེན། །
༢༧
རི་དང་ནགས་ཀླུང་གཞི་བདག་དང་། །
གཏན་གྱི་སྐྱབས་མཆོག་འདོད་མིན་པར། །
སྒོ་གསུམ་བག་མེད་ཇི་ལྟར་རུང་། །
སེམས་ཀྱིས་བདག་ཉིད་རྗེས་སུ་འབྲང་། །
༢༨
ཤེས་རབ་བྲན་པའི་ལྟ་བ་ཡིས། །
སྲིད་ཞིའི་གནས་ལུགས་བྲུས་པ་ན། །
ཟག་བཅས་ཟག་པ་མེད་པའི་ཆོས། །
གྲོལ་ཞིང་གྲོལ་བ་གང་དེ་བསྟེན། །
༢༩
རབ་འབྱམས་མཁའ་ཡི་དཀྱིལ་འཁོར་གྱི། །
ཡེ་ནས་གྲོལ་བའི་སྤྲིན་དཀར་པོས། །
བྱིན་རླབས་ཡོན་ཏན་ཆར་གྱི་བཅུད། །
འབབ་པར་མཛད་དེ་སྐྱབས་སུ་འབོད། །
༣༠
གནས་སྐབས་གྲོགས་སུ་གྱུར་པ་ཡིས། །
ཐར་བའི་ལམ་སྟོན་མ་ངེས་པས། །
སྲིད་པ་ལས་བརྒལ་བདེ་བར་གཤེགས། །
མི་འབྲལ་དད་པའི་མཐར་ཐུག་འདོད། །
༣༡
འཁོར་བའི་ཆོས་རྣམས་མཛེས་པ་རུ། །
ཅི་ཙམ་སྣང་ཡང་བསླུ་ཞིང་བྲིད། །
དེ་ཚེ་ཐུབ་པའི་དབང་པོ་ཡིས། །
སྨྲ་བ་ཚད་མར་ཉེར་བར་ཕྱོགས། །
༣༢
ཞི་བའི་མེ་ཏོག་གསར་བའི་དྲིས། །
གདུལ་བྱའི་བུང་བ་ངང་གིས་སྐྱོང་། །
ཐབས་ཤེས་གེ་སར་རྡུལ་མང་ལ། །
དལ་བུར་འཁོར་རྣམས་འཚོ་བར་བྱེད། །
༣༣
ལོག་རྟོག་སྟུག་ལྡན་ནགས་ཀྱི་ཀླུང་། །
ཡེ་ཤེས་མེ་ཡིས་བསྲེགས་གྱུར་པའི། །
ཐར་བའི་ལམ་གྱི་འཇུག་ངོགས་ནི། །
ཡངས་ཤིང་ཁོད་པ་བྱེད་ལ་འཇུག །
༣༤
སྟོང་ཉིད་སྤྲོས་བྲལ་ཕར་མཐའ་རུ། །
སྙིང་རྗེའི་ཆུ་ཁུར་འཁྲིགས་པ་ན། །
ཉོན་མོངས་ཚ་བའི་གདུང་བ་ལ། །
བསིལ་བའི་གཉེན་པོ་སྦྱིན་དེ་གང་། །
༣༥
མུ་མེད་འཁོར་འདས་ལྕགས་རི་ཡི། །
ར་བ་ལས་ལས་བརྒལ་གྱུར་ཚེ། །
ཞབས་ཀྱི་ཆུ་སྐྱེས་ལ་ཆགས་པའི། །
སྟོན་པ་ཉག་གཅིག་སྐྱབས་སུ་བསྙེན། །
༣༦
སྣ་ཚོགས་ཆོ་འཕྲུལ་འདུས་པ་ལས། །
ཐབས་ཀྱིས་འགྲོ་མང་འདུལ་བ་ན། །
ཕན་བདེའི་ངག་གི་རོལ་མཚོ་ལས། །
ས་ལམ་ཡངས་བ་དེས་ཟུངས་ཤིག །
༣༧
འགྲོ་བའི་སྡུག་བསྔལ་སེལ་གྱུར་པའི། །
ཞིང་གི་དམ་པའི་ལེགས་པར་བཤད། །
ཇི་བཞིན་ཐོས་པའི་སྐལ་བཟང་བུར། །
ད་ནས་བྱང་ཆུབ་སེམས་པར་འདོད། །
༣༨
སྒྲིབ་པ་ཆུང་ངུ་ལྡན་གྱུར་ཀྱང་། །
དེ་ཚེ་མ་རིག་ཞུགས་པ་ཡིན། །
སྐྱོན་ནི་ཏིལ་ཙམ་མི་མངའ་བའི། །
དཀོན་ཅོག་དེ་ནི་སྤྱི་བོས་བཏེགས། །
༣༩
ཡིད་འོང་དམར་སེར་སྐུ་ཡི་མདངས། །
མཐོང་བས་ཡིད་རབ་དགའ་འདི་ཡང་། །
ཕུན་ཚོགས་དཔལ་གྱི་ཡོན་ཏན་གྱིས། །
ཐུགས་རྗེ་ཕྱུག་པ་ནམ་ཡང་གུས། །
༤༠
ཞབས་བསིལ་མེ་ཏོག་པདྨའི་རྩི། །
འགྲོ་བློ་ཚིམས་ལ་ནགས་སུ་གཤེགས། །
དེ་ཚེ་འཁོར་རྣམས་དོར་བྱས་ནས། །
མི་གཡོ་གཡུང་དྲུང་བརྟེན་དེར་བསྟེན། །
      སྐྱབས་སུ་ཞུགས་པའི་ལེའུ་སྟེ་གཉིས་པའོ། །
 
༈སེམས་ཀྱི་དཔལ།
༤༡
སྤངས་རྟོགས་བུམ་པའི་བདུད་རྩི་ལ། །
འཆེལ་ཡང་བྱེ་ཐང་ལས་ཅན་ནི། །
ཟིན་པའི་ཐབས་དང་བྲལ་གྱུར་པས། །
ཐུབ་པ་ཁྱེད་ནི་དེ་ལྟར་མིན། །
༤༢
ཨེ་མ་དྲུག་ཅུ་དབྱངས་ཀྱིས་ནི། །
གླུ་ལ་ཆགས་པའི་རི་དྭགས་བཞིན། །
སྲིད་དང་ཞི་བའི་སྐྱེ་བོ་ཀུན། །
སྨྲ་རྣམས་སྙན་འཇེབས་ལམ་དུ་དྲངས། །
༤༣
ལི་ཁྲིའི་མདངས་ལྡན་ཆོས་གོས་གསུམ། །
སྐུ་ལ་གསོལ་ཞིང་གཟི་བྱིན་གྱིས། །
ཡེ་ཤེས་རོ་མཉམ་གཅིག་བསྡུས་པའི། །
བྲེད་འཐོམས་དང་བྲལ་སྐྱོན་མ་མཆིས། །
༤༤
རྟེན་གྱི་ཡོན་ཏན་མ་ལུས་པ། །
བྱེད་པོས་ལྷན་དུ་བསྡུས་མིན་ཡང་། །
ཁྱོད་ཀྱི་མཁྱེན་པའི་མཐར་ཐུག་གིས། །
སྐད་ཅིག་ཉིད་ལ་འཕྲོག་ཅེས་གདའ། །
༤༥
རྣམ་པར་དག་པའི་ཁྱོད་ཀྱི་ཆོས། །
ལེགས་པར་བརྟགས་ནས་ཆུད་བྱས་ཏེ། །
ཁམས་དང་མོས་པའི་དབང་གིས་ནི། །
ཚུལ་བཞིན་མཐུན་པར་ཉིད་དུ་བསྟན། །
༤༦
ཚངས་དང་ཁྱབ་འཇུག་དབང་ཕྱུག་དང་། །
རྟག་ཞི་སོགས་ཀྱི་ཐར་བ་ལ། །
གཏན་གྱི་མཐར་ཐུག་མེད་ཕྱིར་ན། །
མཆོག་གི་དམ་པ་ཁྱེད་ལ་མིན། །
༤༧
རང་བྱུང་དྲི་ཡིས་མ་གོས་པའི། །
སྐྱོན་བྲལ་མཚན་དཔེ་བཞད་ལྡན་པ། །
ཐེག་གསུམ་ལྷོ་ཕྱོགས་མ་ལ་ཡས། །
ཆོས་ཀྱི་ངད་ལྡང་ཨེ་མ་ཧོ། །
༤༨
ངོ་བོ་ཀ་ནས་དག་པའི་སར། །
ཕྲིན་ལས་ལྷུན་གྱིས་མདངས་ཤར་བ། །
དོན་གཉིས་བཀྲ་ཤིས་རེ་ཁ་ཡི། །
ཁ་དོག་གསར་པ་ལེགས་འདི་ཅི། །
༤༩
དགྲ་བོ་ཕམ་པར་མི་བྱེད་ཅིང་། །
གཉེན་ཡང་ཁེ་རུ་མི་ཕྱོགས་པའི། །
འགྲོ་རྣམས་ཕན་བདེའི་ཉི་མ་ཡིས། །
རྟག་ཏུ་སྐྱོང་བ་གཞན་ཡོད་མིན། །
༥༠
གང་ལ་བྱམས་དང་བརྩེ་བ་ཡིས། །
ཕྱུག་ཅིང་སྐྱོན་མི་མངའ་གྱུར་ན། །
དེ་ཚེ་བདག་ཅག་གུས་བྱས་ནས། །
གཙུག་ཏུ་སྙིམ་ཏེ་སྟོན་པར་འཛིན། །
༥༡
ཐལ་བྱུང་ཨེ་ཡིག་བརྡ་ཐབས་ལས། །
གང་ཞིག་རྟེན་ཅིང་འབྲེལ་འབྱུང་གི །
སྒྱུ་མ་འཇའ་ཚོན་སྤྲུལ་པའི་གཟུགས། །
བས་མཐའི་ནགས་ནས་སླར་ཡང་གསུངས། །
༥༢
མཐའ་བྲལ་མོས་པའི་ཡིད་མཁའ་རུ། །
བྱིན་རླབས་ཉེ་རིང་མི་མངའ་བ། །
ལུང་རྟོགས་བཤད་སྒྲུབ་རྒྱ་མཚོའི་ནོར། །
བདེ་བའི་ལོངས་སྤྱོད་ཅི་ཡང་འབབ། །
༥༣
བདེན་བཞིའི་དཔྱིད་ཀྱི་ཞིང་ས་རུ། །
ས་ལམ་སྙེ་མ་འབུམ་གྱིས་ཀྱང་། །
འགྲོ་དྲུག་ཕངས་པ་བསྐྱབ་པའི་ཕྱིར། །
འཚོ་བ་བཏང་ནས་གཞན་ཕན་བརྩོན། །
༥༤
ཚོགས་གཉིས་ཆུ་གཏེར་ཚོམ་བུ་ཀློང་། །
རང་རིག་ཤེལ་དཀར་ཆར་འབྲུ་ཅན། །
གསུང་གི་དབྱར་རྔ་བརྡུངས་པ་ལ། །
མོས་བློའི་མདོངས་མཐའ་རྩེ་དགར་རྒྱུ། །
༥༥
གསང་གསུམ་རྩལ་ཆེན་རྫོགས་པའི་ཤུལ། །
དབེན་པའི་གནས་སུ་རི་དྭགས་བཞིན། །
ཏིང་འཛིན་སྒོམ་པའི་རྩྭ་ཆུ་ཡིས། །
བསམ་གཏན་ཟས་ཅན་ངང་གིས་རོལ། །
༥༦
ཕ་རོལ་ཕྱིན་བཅུའི་མེ་ལོང་གི །
ཉམས་ཀྱི་བྱད་གཟུགས་དྭངས་པའི་འོག །
ཀུན་ཀྱང་མགུ་བའི་སྤྱན་རས་ཀྱི། །
ཆོས་ཀྱི་ཟློས་གར་བག་ཏུ་ཕེབས། །
༥༧
རིན་ཅེན་དཀར་མེའི་མཛེས་པ་ཅན། །
འཁོར་བ་གསལ་བྱེད་ཐུབ་པ་དེ། །
དང་བའི་ཐིག་ལེ་འཛུམ་པ་ཡིས། །
སླར་ཡང་རབ་ཏུ་བྱུང་དེ་དྲན། །
༥༨
ཐུབ་པའི་བརྩེ་ཆེན་གངས་རིའི་ཞོལ། །
སྙིང་རྗེའི་དལ་འབབ་གཙང་བོ་ཆུ། །
བརྟེན་ཞེས་བསླབ་པ་མི་དགོས་པར། །
ཀུན་ཀྱང་ངང་གིས་འདུ་ལ་ལྟོས། །
༥༩
སྲིད་པའི་རྒྱ་མཚོ་ཟབ་མོ་ལས། །
མྱུར་བར་བརྒལ་ལ་མཐུ་ལྡན་པ། །
རྐང་གཉིས་གཙོ་བོའི་ཕྲིན་ལས་འདི། །
སུ་ཡི་དྲན་པར་ཤོང་ངམ་ཅི། །
༦༠
འདུས་བྱས་ཆོས་རྣམས་མི་རྟག་དང་། །
ཟག་པ་དང་བཅས་སྡུག་བསྔལ་བ། །
ཆོས་རྣམས་སྟོང་ཞིང་བདག་མེད་པ། །
མྱ་ངན་འདས་པ་གསུངས་དེ་འཛིན། །
 
ཁྱད་པར་བསྟོད་པའི་ལེའུ་སྟེ་གསུམ་པའོ། །
 
༈རིག་པའི་དཔལ།
༦༡
འཚེ་བ་མེད་དང་གནོད་མེད་པ། །
ལུང་རྟོགས་བསྟན་པ་རབ་བསྟན་ཏེ། །
བསོད་ནམས་ཡེ་ཤེས་ཚོགས་གཉིས་ཀྱིས། །
ཚུལ་ཁྲིམས་མཐའ་རུ་ཕྱིན་ཁྱེད་རྒྱལ། །
༦༢
ཡིད་བྱེད་འཕྲུལ་གྱི་བདུད་བཞི་དང་། །
སྲིད་པའི་ཉོན་མོངས་རྡེག་འཆའ་བ། །
གང་གི་བློ་གྲོས་མཁྱེན་པའི་གཏེར། །
ཞི་བའི་གནས་ལ་སྦྱོར་བཞིན་བྲེལ། །
༦༣
གཏི་མུག་དབྱར་གྱི་ལོ་མ་ཡི། །
ལང་ཚོ་སྣང་བ་ཙམ་བཞིན་དུ། །
དེ་བཞིན་ཀུན་རྫོབ་ཆོས་རྣམས་ཀྱང་། །
བདེན་པ་མེད་ལ་ཅི་ཡང་གསུངས། །
༦༤
ལྷིང་འཇགས་བས་མཐའི་ནགས་ཚལ་དུ། །
འཁོར་རྣམས་ཡོངས་སུ་བཏང་བ་ལ། །
ཞི་བའི་ཏིང་འཛིན་རབ་ཞུགས་ནས། །
བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར། །
༦༥
མཚན་གྱི་བ་དན་གཡོ་བའི་རྩེར། །
ཕྲིན་ལས་རྒྱལ་མཚན་རྡེག་བཞིན་དུ། །
བརྩེ་བའི་དྲི་བཞོན་འཇམ་པོ་ཡིས། །
ཕྱོགས་ཀྱི་གླིང་ཕྲན་དུ་མར་དགེ །
༦༦
ཟང་ཟིང་རྣམ་རྟོག་རླུང་བུ་ཡིས། །
སྤུར་བའི་སྲིད་འདིའི་སྐྱེ་བོའི་སེམས། །
ཡོངས་སུ་འདུལ་བའི་ཁ་ལོ་པ། །
ཐུབ་པ་མཆོག་འདི་རྗེ་བོར་བཀུར། །
༦༧
འདི་སྣང་ཕུན་ཚོགས་རབ་རིབ་ཀྱིས། །
བསླུ་བ་ལས་གཞན་མ་མཆིས་པར། །
ཡེ་ཤེས་ཟབ་མོས་གཟིགས་པ་ཡིས། །
བག་ཡོད་གནས་པ་ཉེར་བར་བཀུར། །
༦༨
ལེགས་གསུང་ཞལ་གྱི་ཞིང་ས་རུ། །
ལེགས་པར་རྣམ་དཀར་ས་བོན་བཏབ། །
ལེགས་བཤད་སྙེ་མའི་ཕོན་པོ་ནི། །
ལེགས་པའི་བུ་ཡིས་མྱོང་བར་བྱས། །
༦༩
ངུར་སྨྲིག་བླ་གོས་གསར་པའི་འོག །
དྲན་དབང་ཟླ་བ་གཞོན་ནུ་ནི། །
ལུགས་གཉིས་རྒྱ་མཚོའི་འཇུག་ངོགས་སུ། །
མཉན་པའི་གྲུ་སྐྱ་རབ་ཏུ་འཛིན། །
༧༠
ཞབས་སྐྱེས་གེ་སར་མཛེས་པའི་དབུས། །
དཀྱིལ་འཁོར་རེ་ཁ་དུད་དེ་མངོན། །
མི་ཟད་བཅུད་ཀྱི་ཉིང་ཁུ་ནི། །
སྐལ་ལྡན་དར་དིར་ཅན་གྱིས་གཞིབ། །
༧༡
བརྩོན་པ་དབེན་དང་སྒོམ་མེད་པར། །
མངོན་པར་རྫོགས་པར་མི་འགྱུར་བའི། །
ཀུན་སྦྱོར་འཆིང་བ་བཅད་གྱུར་པའི། །
ཡང་དག་བརྩེ་བས་སྐྱོང་ཞིང་སངས། །
༧༢
གཟུར་གནས་དཔྱོད་ལ་རབ་ཞུགས་ཏེ། །
དགེ་ལེགས་བྱེ་བའི་མ་ལ་ཡའི། །
ངད་ཀྱིས་གོས་པའི་རྡུལ་དག་ལ། །
རྨོངས་པའི་སྙིགས་མའི་ཐིག་ལེ་བྲལ། །
༧༣
ཁམས་གསུམ་དུག་གི་མཚོ་མོ་རུ། །
ཉོན་མོངས་གྲུ་ཡིས་རྐྱལ་གྱུར་པའི། །
མ་རིག་འདུ་བྱེད་ལས་དག་ལས། །
གྲོལ་ཞིང་གྲོལ་བའི་ཐབས་ལ་མཁས། །
༧༤
དོན་དམ་ཆོས་དབྱིངས་ནོར་འཛིན་མའི། །
འགྲམ་པར་གཉུག་སེམས་ཨུཏྤལ་མཛེས། །
སྐྱེ་བོ་སུ་ཡིས་མཐོང་བ་ན། །
མགུ་བའི་ཡིད་རྣམས་རང་དབང་ཅི། །
༧༥
རྟེན་འབྲེལ་ཆོས་ཀྱི་འཆར་ཀ་ཡི། །
ལི་ཁྲིའི་མདངས་ཀྱིས་བཟི་བའི་གོས། །
ལྷན་སྐྱེས་དྲང་སྲོང་དགྱེས་པའི་གཏམ། །
གདོད་ནས་སྙིང་ལ་དལ་གྱིས་ཕབ། །
༧༦
རྣམ་རྟོག་བདུད་ཀྱི་སྤྲུལ་པ་ཡིས། །
ཕལ་ཆེར་ལོག་པའི་གནས་སུ་བཏང་། །
ཐུབ་པ་ཁྱེད་ནི་དེ་དག་ལ། །
གཞན་དུ་སྒྱུར་བའི་ནུས་པ་ལྡན། །
༧༧
ཤེས་རབ་ཁྲབ་ཀྱི་གོ་ཆ་ཡིས། །
མདའ་ལྔ་པ་དག་འགོག་པར་བྱས། །
མུ་སྟེགས་སྡེ་ཡི་སྟོན་པ་རྣམས། །
དགྲ་བོར་འཛིན་པ་ནམ་ཡང་མིན། །
༧༨
གཉེན་དང་དགྲ་ཡི་ཕྱོགས་ཀྱི་དྲུང་། །
རྟག་ཏུ་ལྷུང་བ་མ་ཡིན་པའི། །
དེ་བཞིན་ཐབས་ལ་མཁས་གྱུར་ནས། །
སྲིད་ཞིའི་གདུང་བ་ནོར་གྱིས་ཕུལ། །
༧༩
ཡིད་འོང་མཚན་དཔེའི་ཆུ་འཛིན་ནི། །
གཟི་བྱིན་བསིལ་བའི་ཡོལ་བ་ཅན། །
ཕན་བདེས་འགྲོ་བའི་པད་མའི་ཚལ། །
སྐྱོང་བའི་དམ་པ་ཁྱེད་མིན་སུ། །
༨༠
ཐེག་གསུམ་ངག་གི་རོལ་རྩེད་ལས། །
ཟབ་རྒྱས་ཆོས་ཀྱི་གདངས་ཤར་བ། །
མཉམ་མེད་ཏིང་ངེ་འཛིན་པ་ཡིས། །
གྲོལ་བའི་གཡུང་དྲུང་རི་མོ་འཁྱིལ། །
      འཕྲིན་ལས་བསྟན་པའི་ལེའུ་སྟེ་བཞི་པའོ། །
 
༈ཞི་བའི་དཔལ།

༨༡
བསམ་གཏན་ཟས་ལ་སྤྱོད་བཞིན་དུ། །
བརྟུན་བསྐྱེད་གོམས་པའི་ལམ་ཡངས་པོར། །
ལྷག་པའི་རྔ་ཡབ་དཀར་པོ་ཡི། །
བསིལ་བར་བརྟེན་པ་ཡོད་རེ་སྐན། །
༨༢
ཨེ་མ་དངུལ་དཀར་དྲིལ་ཆུང་གི །
ཉེར་བར་འགྲོགས་པའི་སྐད་ལྡན་པ། །
བྱམས་བརྩེ་དྲ་བའི་འཇོ་སྒེག་ལས། །
འཕྱང་བའི་འདོམས་པ་སྙན་འདི་ཨང་། །
༨༣
ཆེས་ཆེར་མནར་བའི་དུཿཁ་རུ། །
ལྷུང་ནས་ཕམ་པའི་སྐྱེ་བོ་ཀུན། །
ཀྱེ་ཧུད་མེ་ཏོག་དཔལ་གྱིས་ནི། །
ཞི་ཞིང་དུལ་བའི་ལམ་ལ་ཁྲིད། །
༨༤
སྙིང་སྟོབས་མཁའ་ཡི་མཐོངས་བ་ལས། །
ལུང་རིགས་གློག་གི་འགྱུ་བའི་གསེང་། །
བདེན་པའི་ཐོག་གི་མདའ་མོ་ཡིས། །
ཕས་ཀྱི་བྲག་དཀར་ཅི་ཡང་བསྙིལ། །
༨༥
ས་གསུམ་ལྗོན་པའི་ཡལ་ག་ཀུན། །
སྤྲིན་གྱི་ཚོམ་བུས་སྐྱོང་བ་བཞིན། །
དེ་བཞིན་ཐུབ་པའི་ཞི་བའི་བློས། །
འགྲོ་བའི་ཡིད་དག་རབ་ཏུ་གསོལ། །
༨༦
མང་ཐོས་གངྒཱ་འབབ་པའི་རྒྱུན། །
སེམས་ཀྱི་ནོར་འཛིན་བུ་མོའི་ལྟོར། །
སྐད་ཅིག་འཁྱིལ་བའི་རྣམ་དཀར་གྱི། །
འཆི་མེད་བདུད་རྩི་སླར་ཡང་བཞུར། །
༨༧
དུག་ལྔའི་ལས་ཀྱིས་ཕལ་མོ་ཆེར། །
གླང་ཆེན་འདམ་ལ་རྒྱུ་བ་བཞིན། །
འདོད་པའི་རོ་ཡིས་མི་ཚིམ་པའི། །
བདེ་བ་ཆུང་ལ་ཐམས་ཅད་ཐིམ། །
༨༨
རྣ་བའི་ཆོས་ཀྱི་ཁང་བཟང་ནང་།།
འཇུག་པའི་མཉམ་ཟླ་མེད་པའི་དཔྱོད། །
ཀུན་ཉོན་ཁྲི་ལས་ཕབ་པའི་ཤུལ། །
མི་རྟོག་ཏིང་འཛིན་རྒྱལ་ཐབས་བླངས། །
༨༩
རབ་ཏུ་རྒོད་པའི་འདུ་འཛིན་གྱི། །
རྟ་ཕོའི་ཁ་ལོ་ཐུབ་མིན་ལགས། །
འཁོར་བའི་འདམ་ལ་མ་བྱིང་བའི། །
གཞོན་ནུ་དོན་ཀུན་འགྲུབ་པས་བཏུལ། །
༩༠
ཤེས་བྱའི་རྒྱ་མཚོའི་རླབས་ཕྲེང་གི །
བར་ན་ཅི་དགར་རོལ་གྱུར་པའི། །
བདག་ཅག་ཤྰཀྱའི་ངང་བ་སེར། །
མགྲིན་པའི་གསུང་ཡང་སྙན་པ་ལ། །
༩༡
དབེན་གནས་ཉམས་དགའི་ནགས་དྲུང་དུ། །
ཆུ་ཀླུང་དྭངས་མོས་སྙན་པ་སྒྲོག །
བྱ་ཚོགས་དབྱངས་ལ་གློད་པའི་སར། །
ངེས་འབྱུང་ཀུ་ཤུའི་བདུད་རྩི་སྒྲུབས། །
༩༢
ཅི་མཛད་ལེགས་པའི་ཤང་དྲིལ་གྱི། །
ངད་ལ་བག་མེད་ཁྱུ་ཚོགས་ཀྱང་། །
མཐོང་བ་དོན་ལྡན་ཉི་མའི་གཉེན། །
ཐིམ་པའི་ཚུལ་གྱིས་གྲལ་ལ་ཞུགས། །
༩༣
ཉམས་རྟོགས་ཆུ་ཡི་རྫིང་བུ་རུ། །
ཁྲུས་ལ་རོལ་བའི་ཐུན་མཚམས་གསར། །
ལྷུང་ན་འཛུམ་པའི་འོད་ཟེར་གྱིས། །
རིང་ནས་གྲགས་དཀར་མུ་ཁྱུད་མཛེས། །
༩༤
རྨ་བྱའི་རི་མོའི་བཀྲག་མདངས་ལ། །
རེས་འགའ་ཟོལ་གྱིས་བརྫུས་པའི་འོག །
ལོངས་སྤྱོད་ལྕགས་ནི་ཁབ་ལེན་མིག །
འཕྲད་པའི་ཚེ་ན་བསླུ་བར་བྱེད། །
༩༥
བྱམས་དང་བརྩེ་བའི་རི་མོ་ཙམ། །
མཐོང་ན་དགའ་བ་འཕེལ་གྱུར་ན། །
དེ་ལྟར་དངོས་སུ་བདོག་པ་ཡི། །
ཐུབ་པ་ལ་ནི་སུ་མི་མགུ། །
༩༦
བདག་མེད་ལྟ་བའི་གངས་ཀྱི་སྤོར། །
འགྱིང་བའི་སེངྒེ་སྟོབས་བཅུ་པ། །
སྡེར་ཆགས་ཀུན་དང་མ་འཕྲད་ཀྱང་། །
རང་བཞིན་ཟིལ་གྱིས་གནོན་པར་གྱུར། །
༩༧
ངེས་པ་ལྔ་ཡི་ཕུན་ཚོགས་ཀྱིས། །
སྐྱེ་རྒུའི་སྣང་བ་འདྲེན་ལགས་ན། །
ཡོན་ཏན་རྡུལ་གྱི་ཟེགས་མ་ཙམ། །
མ་ལུས་བཅས་པ་ཁྱེད་ནི་རྒྱལ། །
༩༨
ནོར་བུ་བྱེ་བ་ལས་འགོངས་པའི། །
ཁྱོད་ཀྱི་བསྟན་པའི་ལུགས་གཉིས་ནི། །
རིན་ཅེན་ཤིང་རྟ་སྟོང་ཕྲག་གིས། །
དྲངས་ཀྱང་བསྒྲུན་པ་མི་མངའ་འོ། །
༩༩
བྱང་ཆུབ་ཤིང་གི་ཉེ་དྲུང་དུ། །
སྲིད་པའི་ཕུན་ཚོགས་བཏང་བྱས་ཏེ། །
སངས་རྒྱས་ས་རུ་བདག་མེད་ཀྱི། །
ལྟ་བས་ཡོངས་སུ་འཕགས་པར་གྱུར། །
༡༠༠
རང་གཞན་བདེ་ལ་གནས་པའི་སླད། །
གནོད་མི་བྱ་ལ་ཕན་པར་སྒྲུབ། །
དེ་བཞིན་ཐུབ་པ་འཇིག་རྟེན་འདིར། །
བརྩེ་བའི་བདག་པོའི་ཚུལ་དུ་བྱོན། །
     མཐུ་སྟོབས་བརྗོད་པའི་ལེའུ་སྟེ་ལྔ་པའོ། །
 
༈ཐར་བའི་དཔལ།

༡༠༡
སྒྲིབ་པའི་མུན་སྟུག་ཡོ་ལང་གིས། །
བདེ་བཤེགས་སྙིང་པོ་མི་མཐོང་ཡང་། །
བདག་གི་སྟོན་པ་ཉི་མའི་གཉེན། །
གསལ་ཞིང་གསལ་བར་ཅི་ཡང་མཁས། །
༡༠༢
རྒྱུ་སྐར་མཐའ་དག་མཛེས་མིན་ལ། །
ཁྱེད་ནི་ཆུ་སྟོད་ཟླ་དཀར་ཏེ། །
སྙིང་པོས་སྟོང་བའི་ཀུ་ད་ལ། །
འཛུམ་པའི་རྣམ་པ་གྲོལ་བ་སྦྱིན། །
༡༠༣
ཚོགས་གཉིས་གངས་ཀྱི་ཞུན་མ་ལས། །
བདེན་གཉིས་ཤེལ་གྱི་མུ་ཏིག་ཆུ། །
དོན་གཉིས་ངང་ནས་བཞུར་བའི་འགྲོས། །
བསྟན་གཉིས་མཚོ་རུ་ལེགས་པར་འཁྱིལ། །
༡༠༤
ཐར་འདོད་སྙིང་གི་པདྨོའི་ལྟོར། །
ཆོས་ཀྱི་གེ་སར་རྡུལ་མང་བྱིན། །
བློ་ལྡན་སྦྲང་རྩི་ཟས་ཅན་ནི། །
འཚོ་བྱེད་གཞིས་ཀྱི་རྟེན་པ་བསྐྲུན། །
༡༠༥
རིག་འཛིན་མཐོ་རིས་ཡངས་པ་ན། །
ངེས་གསང་གླུ་དབྱངས་ལེན་པའི་ཞོར། །
ཞབས་པད་བཀོད་པའི་ཁང་བཟང་དབུས། །
ཐུན་མཚམས་དུམ་བུར་ལྷུང་བ་བཞིན། །
༡༠༦
སྲོག་ལ་གཟན་པའི་དམུ་རྒོད་ཀྱི། །
ཤ་ཁྲག་རྔུབ་པའི་སྲིན་པོ་ཚོགས། །
གདུག་ཅན་འཁོར་ལས་འདས་གྱུར་ཏེ། །
སྙིང་བརྩེའི་ལུགས་ལ་གུས་པ་བྱས། །
༡༠༧
ཆོས་དབྱིངས་ཨེ་ཡིག་སྟོང་པའི་བརྡས། །
ཐེ་ཚོམ་དྲྭ་ཕྱེད་དལ་གྱིས་བཅད། །
ཚུལ་མིན་སྤྱོད་པའི་རིགས་རྣམས་ཀྱི། །
ས་བོན་དག་ཀྱང་སྤངས་ཤིང་གནས། །
༡༠༨
ཟབ་གཏེར་མན་ངག་རྒྱལ་རྔའི་སྒྲས། །
རྨོངས་ཆེན་གཉིད་ལས་བསླངས་བ་ལ། །
བློ་ཡི་རིམ་པའི་ཚངས་ཐིག་བསངས། །
རྟེན་ཅིང་འབྲེལ་བའི་བརྡ་ལས་རྩལ། །
༡༠༩
ནམ་ཡང་བདག་ཉིད་བདག་གི་མགོན། །
གྱུར་ནས་དེའི་ཚེ་སྟོན་པ་ཉིད། །
རང་གིས་རང་ཉིད་བསླུ་བ་ལ། །
སྟོན་པ་ཞེས་ཀྱང་ག་ལ་གྲགས། །
༡༡༠
རང་ངོས་ཟིན་པ་མ་ལགས་ན། །
ཐར་བ་སྟོན་པ་མི་འགྱུར་མོད། །
དེ་ཚེ་ཐུབ་པ་བདག་གིས་ཀྱང་། །
ཡེ་ཤེས་མངོན་དུ་གྱུར་ལ་བརྩོན། །
༡༡༡
འགྲོ་མང་འདུལ་བའི་ཁ་ལོ་ལ། །
གང་གི་དབུ་མའི་གནས་ལུགས་ཀྱི། །
ཚུལ་ལ་དཔྱོད་པའི་ཤེས་རབ་ཀྱིས། །
རྫོགས་སངས་རྒྱས་པ་ཨེ་མ་ཧོ། །
༡༡༢
ཁྲོས་དང་ཆགས་དང་སྡང་བ་ཡིས། །
སྐད་ཅིག་ཉིད་དུ་བདེ་བ་རྣམས། །
ཞོགས་པའི་རྩྭ་ཟིལ་ཆུ་ཐིགས་ནི། །
ཉི་མའི་ཟེར་གྱིས་འཕྲོག་ལ་སྦྱར། །
༡༡༣
འདི་སྣང་སྒྱུ་མ་རྨི་ལམ་དུ། །
དཔེ་རུ་སྦྱར་ནས་གསུངས་གྱུར་ནས། །
བློ་གྲོས་ལྡན་པ་རྣམས་ཀྱིས་ནི། །
སྐྱོན་ཉིད་མཐོང་བ་ག་ལ་འགྱུར། །
༡༡༤
སྦྱིན་སོགས་ཡོན་ཏན་ནོར་བུ་ཡིས། །
འདོད་དགུ་སྩོལ་ལ་མི་ངལ་བ། །
བསོད་ནམས་ཞུགས་པའི་མི་དག་ལ། །
བྱང་ཆུབ་བགྲོད་པའི་བསྐལ་བ་བསྟན། །
༡༡༥
སྟོབས་བཅུ་རྫོགས་ཤིང་གཟུགས་དག་གིས། །
ཚུལ་བཞིན་གོས་པ་མ་ཡིན་ཞིང་། །
མི་ཟད་སྙན་པའི་གསུང་རབ་ཀྱིས། །
ལེགས་པར་འདོམས་ལ་ཇི་ལྟར་ལྟ། །
༡༡༦
སྲིད་པའི་རྒྱ་མཚོ་ལས་བརྒལ་བའི། །
ཐར་བ་འདོད་རྣམས་མགོན་དུ་བཀུར། །
མུ་མེད་སེམས་ཅན་འདུས་པ་ལས། །
ཁྱེད་ནི་མཆོག་དང་དཀོན་པར་གྱུར། །
༡༡༧
གཙོ་བོར་མཛད་པ་བཅུ་གཉིས་ཀྱིས། །
ཐབས་མཁས་སྤྱོད་པ་དཔག་མེད་སྒྲུབ། །
ཉེ་རིང་མེད་པའི་ཐུགས་རྗེ་ཡིས། །
གདུལ་བྱའི་འཛིན་པ་འབྱིད་ལ་གཟིགས། །
༡༡༨
སྲོག་ལ་བྱམས་ཤིང་གཅེས་པ་རུ། །
འཛིན་པའི་གནས་ལུགས་བསྟན་པ་ནི། །
འདི་ཕྱི་བདེ་བའི་མཐར་ཐུག་གི །
འབྲས་བུ་འབྱུང་ལ་ཡང་ཡང་སྨྲས། །
༡༡༩
ཡིད་འོང་གང་གི་མཚན་ཙམ་ནི། །
ཐོས་པས་དད་པའི་སྤུ་ལོང་རྒྱས། །
དོན་གཉིས་ཉི་ཟླའི་སྐ་རགས་ཀྱིས། །
སེམས་འདི་བཅིང་ཚེ་ཐར་བར་རེ། །
༡༢༠
དོན་མེད་ཚིག་ཙམ་མི་སྨྲ་བའི། །
བརྟུལ་ཞུགས་བླངས་ལ་ཞུགས་གྱུར་ཏེ། །
རྣམ་གྲོལ་དཔལ་གྱི་ཞིང་ས་རུ། །
བདེ་བར་གཤེགས་པ་རྟག་ཏུ་བསྙེན། །
      ཆེ་བ་བརྗོད་པའི་ལེའུ་སྟེ་དྲུག་པའོ། །
 
སླར་སྨྲས་པ།

༡༢༡
འདི་ལྟར་སྙན་ཚིག་གསར་བ་ཡིས། །
དམ་པའི་ཡོན་ཏན་བརྗོད་པ་ལ། །
དགེ་བའི་ཡོན་ཏན་མ་ལུས་པ། །
ཤིན་ཏུ་ཡིད་འོང་གནས་སུ་སྨོན། །
༡༢༢
ཨེ་མ་ངག་གི་དབྱངས་ཅན་མའི། །
བྱིན་རླབས་ཕྲ་མོ་ཞུགས་འདིས་ཀྱང་། །
འཇིག་རྟེན་བརྩེ་བས་སྐྱོང་བྱེད་པའི། །
ཟས་གཙང་སྲས་དེ་དྲན་པར་བྱས། །
༡༢༣
ངོ་མཚར་ཚིག་གི་དོ་ཤལ་གྱིས། །
སྡེབ་ལེགས་དབྱངས་སུ་སྤྲས་པ་ན། །
ཚིག་རྒྱན་མེ་ཏོག་སོ་མ་ཡང་། །
མཛེས་པའི་ཆེད་དུ་བཏགས་ལ་སྤྲོ། །
༡༢༤
འཚེ་མེད་བྱམས་བརྩེའི་ལྟ་བའི་གདིང་། །
ཚུལ་བཞིན་འཇུག་པའི་སྐལ་བཟང་བུར། །
བསམ་པའི་དོན་ཀུན་དུས་གསུམ་ལ། །
ཅི་ནས་འགྲུབ་ལ་ཅི་ཡང་སྨོན། །
༡༢༥
དེ་བཞིན་སྙན་ཚིག་ཉལ་འགྲོ་མས། །
རྨོངས་པའི་ཚ་གདུང་སེལ་སླད་དུ། །
དཔྱོད་པའི་གངས་ཀྱི་ར་བ་ལས། །
ཤིན་ཏུ་འབད་པས་འདི་ལྟར་ཐལ། །
༡༢༦
ཐུབ་བསྟོད་དྲི་ཟའི་དབྱངས་སྙན་འདི། །
རང་བྱུང་ངག་ལས་རྡོལ་མིན་ཡང་། །
དད་གསུམ་དབྱངས་ལ་རྒྱུ་བའི་ཉམས། །
སོར་མོའི་འདུ་བྱེད་རྩེ་ནས་ཕབ། །
༡༢༧
སེམས་ཀྱི་ལྷ་རེག་དཀར་པོའི་དར། །
མཆོད་པའི་ཚིག་གིས་འཐེན་པ་ན། །
གཟི་བྱིན་བདུད་རྩི་དྭངས་མོ་ཡིས། །
ཡུན་གྱི་སྡིག་པ་ཅི་ཡང་འདགས། །
༡༢༨
སྙན་ཚིག་ཅོ་ཀ་དྲུག་འགྱུར་འདིས། །
དྲང་སྲོང་དགྱེས་པ་མི་འགྱུར་ཀྱང་། །
སྲས་བཅས་རྒྱལ་བའི་རྣ་བ་རུ། །
ཐོས་ཙམ་བྱུང་ཡང་ཡིད་རབ་འཆིངས། །
༡༢༩
གཙང་བོ་དཀྲུགས་ནས་ཞོ་གསར་གྱི། །
ཁ་དོག་ཙམ་ཡང་མེད་གྱུར་ཀྱང་། །
བསོད་ནམས་དཔལ་གྱི་འོ་མ་ལས། །
ཕན་བདེའི་མར་ལོ་འབྱུང་བ་སྲིད། །
༡༣༠
སྙིང་ནས་ཐལ་བའི་ཚིག་གི་གདངས། །
སྙན་པའི་དབྱངས་དང་འགྲོགས་པའི་ཚེ། །
རྒྱ་ཆེན་ནོར་གྱི་བཀོད་པ་ལས། །
གང་གི་ལེགས་པའི་མན་ངག་རྙེད། །
༡༣༡
ཐུབ་བསྟན་རི་ཡི་ལྷུན་པོའི་རྩེར། །
ཅུང་ཟད་འཛེགས་པའི་ངལ་བ་ཡིས། །
སྙན་ཚིག་སྙན་པའི་ངོ་བོ་རུ། །
ཤར་ཙམ་ཞིག་གི་དོད་དུ་ཤོར། །
༡༣༢
ཨེ་མ་ཐུབ་པའི་ཡོན་ཏན་ཀུན། །
འདི་ཡིས་བརྗོད་པ་ག་ལ་ནུས། །
རྣམ་དག་ཡིད་ཀྱི་དད་པའི་ཚིག །
ལུས་ངག་གང་གིས་ཆ་འདི་བྲིས། །
༡༣༣
འཚེ་མེད་ལྟ་བའི་ངོ་བོ་ལ། །
བསམ་ན་སུ་ཡང་མགུ་བྱེད་ན། །
དེ་བཞིན་སངས་རྒྱས་དྲན་པ་ལ། །
འདི་ཙམ་ཁོ་བོས་འོས་ཤིང་བཞག །
༡༣༤
རྟོགས་བརྗོད་རིག་བྱེད་གྲེ་བའི་དབྱངས། །
ལན་གཅིག་སོར་མོས་འགུགས་གྱུར་པས། །
རྣམ་རྟོག་རོལ་རྩེད་སྒེག་མོ་ལ། །
ཞི་ཞིང་སྙན་པ་ཅུང་ཙམ་སྨོན། །
༡༣༥
སྡིག་པའི་སྲིན་མོ་ཁྲོས་པ་ལས། །
བག་མེད་སྦྱོར་བས་བརྙས་པའི་ཚེ། །
སྐྱོན་བྲལ་ཡོན་ཏན་བཞད་ལྡན་པ། །
སྙན་པའི་ལམ་ནས་ཅི་ཡང་འབོད། །
     ༢༡༤༧.༤.༡༥ ཉིན་མཇུག་པར་བྱས་ཏེ་ཡུལ་འཇང་ནས་དབྱར་གནས་སྐབས་སྦྱར་བའོ། །
ཁག་གཉིས་པ།
༡༣༦
དྲི་ལྡན་པད་དཀར་དགོད་པ་ལས། །
ཚུལ་ཁྲིམས་ངད་པ་རབ་ལྡང་བའི། །
གང་ཞིག་སྐྱོན་ཀུན་མི་མངའ་བས། །
ཐུབ་པ་མཆོག་དེ་སངས་རྒྱས་ཉིད། །
༡༣༧
ཏིང་འཛིན་ཞི་བའི་ལྗོན་པ་དང་། །
དབེན་པའི་ནགས་སུ་བསྟེན་པ་ན། །
གང་གི་དང་པོར་བྱང་ཆུབ་ཀྱིས། །
འབྲས་བུ་ཚོགས་ཀྱང་ལྷུག་པོར་གྲོལ། །
༡༣༨
བསོད་ནམས་ཟླ་བའི་ཆུ་རིས་ཀྱིས། །
འོད་ཀྱི་ཚོམ་བུ་དགོད་པར་བྱས། །
བསམ་གཏན་སྒོམ་པའི་པདྨ་ཡི། །
འདབ་ཀྱི་ཤོག་བུར་ཐེལ་ཙེ་འབུར། །
༡༣༩
བདེན་གཉིས་མེ་ལོང་གསར་བའི་ངོས། །
ཆོས་རབ་རྣམ་པ་འཆར་བ་ཡིས། །
ཇི་ལྟར་སྟོང་ཉིད་དཔག་ཏུ་མེད། །
ཐབས་ལ་མཁས་པས་གཟིགས་འདི་ཨང་། །
༡༤༠
ཕན་བདེ་རྫ་རིའི་ཆབ་ཀྱིས་བྲན། །
དམ་ཆོས་བདུད་རྩི་འདྲེས་པ་ན། །
སྙིང་རྗེ་ཐུལ་བའི་ཤང་དྲིལ་གྱི། །
འགྲོ་བའི་ཡིད་ལ་ཨེ་མ་འོང་། །
༡༤༡
འདུ་འཛི་དབེན་པའི་བས་མཐའ་རུ། །
རྟག་ཆད་སྤྲོས་པའི་མཐའ་བརྒྱད་ཀྱི། །
གནས་ལུགས་ཁོ་ན་གཟིགས་བྱས་ཏེ། །
བདག་ཉིད་མགོན་དུ་རབ་ཏུ་བགྱིས། །
༡༤༢
ཚུལ་གནས་ཐོས་བསམ་སྒོམ་པའི་ངང་། །
རི་དྭགས་བཞིན་དུ་ནགས་སུ་ཉུལ། །
དལ་འབྱོར་དོན་དང་ལྡན་པའི་ཁྲོད། །
ཞི་བར་གཤེགས་ལ་རྫོགས་སངས་རྒྱས། །
༡༤༣
ཆགས་སྡང་ཕག་གི་མགོ་བོ་ཆེ། །
ཤེས་རབ་གྲི་ཡིས་བཅད་གྱུར་ནས། །
སྟོང་ཉིད་ཉི་ཟླའི་གུར་ཁྱིམ་ནང་། །
དབུ་མའི་འཐབ་རྩོད་ཡོངས་སུ་ཞི། །
༡༤༤
རྒྱུ་སྐར་འབུམ་གྱི་ཟེགས་མ་ཡང་། །
འཕྲོས་ཀྱང་ཆུ་གཏེར་ནམ་ཡང་མིན། །
སྟོན་པ་དགྱེས་པའི་བྱ་བ་ཀུན། །
འཚེ་བ་མེད་དང་བྱང་ཆུབ་འདུས། །
༡༤༥
ཡིད་གཅུགས་ཕྱོགས་སུ་མི་ཉེ་བར། །
མདའ་ཅན་དག་ལ་མི་སྡང་ཞིང་། །
ཀུན་ལ་བྱམས་པའི་ཐུབ་པ་ཉིད། །
འཇིག་རྟེན་ཞིང་ན་བརྗིད་ཅིང་བརྟན། །
༡༤༦
མཚན་གྱི་གྲགས་དཀར་མུ་ཁྱུད་ནི། །
གྲོང་དང་གྲོང་ཁྱེར་ཀུན་ན་སྙན། །
གང་ཁྱེད་ཆོས་ཀྱི་སྒྲ་ཙམ་གྱི། །
གཉོམ་པོའི་རླུང་ལ་སྟོབས་དང་ལྡན། །
༡༤༧
སྲིད་གསུམ་ཁྲོས་པའི་ཐེའུ་རང་གིས། །
དུག་གསུམ་ཁ་རླངས་བཏབ་པའི་ཚེ། །
དུས་གསུམ་མཁྱེན་པའི་ཐུབ་པ་ཡིས། །
ཁམས་གསུམ་བརྩེ་བའི་ལམ་དུ་དཀྲི། །
༡༤༨
རྟོག་པའི་དྲྭ་ཕྱེད་བསལ་བའི་ཤུལ། །
ཁྲི་ཕྲག་ངག་གི་མགྲིན་གཅིག་ཏུ། །
ཚངས་དབྱངས་སྙན་པའི་གྲེ་བ་ལས། །
ཁྱེད་ཀྱི་མཚན་ནི་དད་པས་བརྡོལ། །
༡༤༩
བྱིན་རླབས་མེ་ཏོག་འཕགས་པའི་ཡུལ། །
ཅི་མཛད་གྲོལ་བའི་རྣམ་པས་ཀྱང་། །
སྐྱེ་བོ་མགུ་བའི་སྙིང་བརྩེ་ཡིས། །
སྲིད་པའི་སྤྲིན་དཀར་རྒྱུ་ཞིང་འདུས། །
༡༥༠
ཅི་མཛད་ལེགས་པར་སྟོན་པ་ལ། །
ཐབས་མཁས་ཐུགས་རྗེ་ཆེར་ལྡན་པས། །
གདུལ་བྱའི་སྣང་བའི་མོས་པ་བཞིན། །
ཡིད་ཀྱི་བྱམས་པ་ཅི་ཡང་འབུལ། །
༡༥༡
སྲིད་ཞིའི་ས་ལམ་བགྲོད་པའི་མཐུས། །
འཇིག་རྟེན་རྨོངས་པ་བཅོམ་པར་བྱས། །
བློ་གྲོས་བསྟི་བའི་གང་གི་ཐུགས། །
སྐྱོན་བྲལ་ཤེལ་གྱི་བུམ་ལྟར་བརྗིད། །
༡༥༢
གང་གི་དངུལ་དཀར་དྲིལ་བུ་ཡི། །
སྐད་ཀྱང་རྣ་བའི་སྨན་དུ་འགྱུར། །
དེ་ཚེ་དགྲ་བཅོམ་བྱེ་བའི་ཚོགས། །
ཁྱོད་ཀྱི་བསྟན་ལ་དད་ཅིང་གུས། །
༡༥༣
ཉོན་མོངས་སྨུག་སྤྲིན་འཁྲིགས་པའི་ཀློང་། །
འཁོར་བའི་འཇའ་ཡི་མཛེས་པ་ཀུན། །
སྐྱེ་བོ་ཕལ་ཆེར་ཆགས་ན་ཡང་། །
ཁྱོད་ནི་རྟག་ཏུ་དེ་ལྟར་མིན། །
༡༥༤
ཤིན་ཏུ་ཉམ་ང་ཆུང་བ་ཡི། །
འགྲོ་བ་དག་ལ་རབ་ཏུ་བྱམས། །
ཟོལ་རྫུན་ཕུང་པོའི་ཚོམ་བུ་ནི། །
མཐའ་བྲལ་གཉུག་མའི་གཤིས་ནས་སྤངས། །
༡༥༥
གློ་བུར་སྲོག་ཆགས་ཆེ་ཆུང་ཀུན། །
རང་ལྟར་བདེ་བར་བརྩོན་པ་རྟོགས། །
དེ་ཚེ་གཞི་ལམ་འབྲས་གསུམ་གྱི། །
ཐར་བའི་སྒོ་གླེགས་ཕྱེ་བར་མཛད། །
༡༥༦
གང་ཞིག་རྟེན་འབྱུང་རྒྱ་མཚོ་ཆེ། །
ལྟ་བའི་གྲུ་སྐྱས་བསྲུབས་པ་ལས། །
ངེས་འབྱུང་ཆུ་ཤེལ་ནོར་བུ་ཡིས། །
ཕན་བདེའི་འདོད་རྒུ་སྦྱིན་པར་མཛད། །
༡༥༧
དབེན་པར་བསྟེན་པའི་སེམས་ཉིད་ཀྱིས། །
དབྱིངས་རིག་མཁའ་ཡི་མཐོངས་ཕྱེས་ཏེ། །
ཆོས་དབྱིངས་བདེ་ཆེན་རོལ་མོ་ཡི། །
འཁྲོལ་བའི་མཁའ་འགྲོ་བརྡ་གླུ་འཇེབས། །
༡༥༨
སྐྱོན་ལ་ལྟ་ཞིང་རྨོངས་པའི་ཡུལ། །
གློ་བུར་ཆགས་པའི་ལས་ཅན་ནི། །
ཐར་འདོད་མུ་ཏིག་བགྲང་བ་གང་། །
བྱིན་རླབས་མེ་ཏོག་མོད་དེ་མོད། །
༡༥༩
བརྟུལ་ཞུགས་རྡོ་རྗེ་སྐྱིལ་ཀྲུང་ངང་། །
སྲིད་ཞིའི་སུ་ཡང་མི་བརྙེངས་ཁར། །
ཆོས་སྤྱོད་ཐབས་ཀྱི་སྣ་ཚོགས་ལས། །
ཉན་སེམས་སྒོམ་ལ་ཡོངས་སུ་བསྡུས། །
༡༦༠
ཕྱོགས་བཅུར་ལྡེག་པའི་སྙན་པས་ཀྱང་། །
ཡིད་ཀྱི་དང་བ་འདྲེན་ལགས་ན། །
ངེས་པ་ལྔ་ཡི་ཁོར་ཡུག་ནང་། །
གསེར་གྱི་ལྗོན་པ་འཁྲུངས་ལ་བརྩོན། །
༡༦༡
ཅི་གསུངས་བསླུ་བ་མེད་གྱུར་ཅིང་། །
ལེགས་པར་མཛད་པ་ཁྱོད་ལས་སུ། །
གང་དག་འཁོར་འདས་ར་བ་ལས། །
ཕྱིན་བཅུའི་སྟོབས་དང་ལྡན་པ་འབྱོངས། །
༡༦༢
གྲགས་དང་བཀུར་སྟི་ཆེ་བ་སོགས། །
བློ་ལས་རབ་ཏུ་འདས་བྱས་ནས། །
ངུར་སྨྲིག་འཛིན་པའི་མཚན་མ་ཅན། །
སྦྱིན་པའི་དགེ་ལ་བརྩོན་པར་སྤྲོ། །
༡༦༣
ཆགས་དང་སྡང་བ་མི་མངའ་བ། །
སྐྱེ་མེད་རྟོགས་པའི་བརྡ་ཐབས་སུ། །
འཁྲུལ་སྣང་བློ་ཡིས་བཏང་བ་ཡི། །
ཐུབ་པ་ཁྱེད་འདྲ་ཤིན་ཏུ་དཀོན། །
༡༦༤
ཟླ་བྲལ་གསེར་གྱི་པདྨ་ཡིས། །
འཁོར་ཚོགས་བུང་བ་བཟི་བར་བྱས། །
དེ་ཚེ་སྐལ་བཟང་རྒྱལ་བའི་བུར། །
དགེ་སྦྱོང་ཆེན་པོས་ཤིས་པ་སྒྲུབ། །
༡༦༥
བློ་ལྡན་བརྗོད་པ་ཙམ་གྱི་ཏིལ། །
ཞི་བའི་ལྟོ་བ་མི་འགེངས་མོད། །
རྒྱལ་བའི་ཐུགས་ཀྱི་ནུས་མཐུ་ཡིས། །
གང་ཅིའང་ཚེ་རབས་དོན་དུ་གནས། །
༡༦༦
ཞི་བའི་མགོན་དུ་ཁྱེད་ཉིད་ཀྱིས། །
སྲིད་ཞི་བརྩེ་བས་སྐྱོང་གྱུར་པས། །
རྣམ་པར་གྲོལ་བའི་བདུད་རྩི་ནི། །
སྐལ་བཟང་ཅན་ལ་སྙིང་པོ་སྩོལ། །
༡༦༧
ཨེ་མ་ཡོན་ཏན་དཔག་མེད་ཀྱིས། །
བསམ་མི་ཁྱབ་པའི་རང་བཞིན་ལས། །
བདེ་སྟོང་ངག་གི་འཁོར་ལོས་ནི། །
འཇིག་རྟེན་རྣ་བའི་བུ་གར་སྙན། །
༡༦༨
མི་ཟད་ཆོས་དབྱིངས་རོལ་བ་ལ། །
རྨོངས་པའི་ཡུལ་དག་སེལ་བ་དེ། །
སངས་ཤིང་རྒྱས་པའི་བློ་རབ་ཀྱི། །
སྐྱེ་རྒུའི་མཁའ་རུ་འོད་ཀྱང་བདོ། །
༡༦༩
ཐུབ་བསྟན་གསེར་གྱི་མ་ལ་ཡའི། །
སྟོབས་བཅུའི་ངད་པ་ལྡང་བ་སྟེ། །
དྲི་ལྡན་གདུལ་བྱའི་བུང་བ་གན། །
དབང་མེད་ཉེ་བར་ཅི་ཡང་ཕྱོཊ། །
༡༧༠
བསླབ་གསུམ་ཤེལ་གྱི་ཁ་བ་རིར། །
ཚུལ་ཁྲིམས་འོད་ཀྱི་མུ་ཏིག་འཕྲོ། །
ཤེས་རབ་ཉི་ཟེར་འཕྲོས་པ་ལས། །
ཏིང་འཛིན་ཆུ་རྒྱུན་ཨེ་མ་མཚར། །
༡༧༡
ངོ་མཚར་སྟོང་གི་འཕྲིན་ལས་ཀྱི། །
མཛད་པའི་ཨུཏྤལ་གྲོལ་བ་ཡང་། །
ཡེ་ཤེས་སྒྱུ་འཕྲུལ་གསར་བ་ཡིས། །
ཐེག་པའི་མེ་ལོང་ཤར་བར་གྱུར། །
༡༧༢
ཨེ་མ་གཞོན་ནུ་དོན་འགྲུབ་ཀྱིས། །
མཁས་པའི་བྱ་བ་རྫོགས་གྱུར་ཏེ། །
སྐྱོན་མི་མངའ་ལ་ཡོན་ཏན་གྱིས། །
རྒུད་པའི་རྩ་བ་རིང་ནས་སྤངས། །
༡༧༣
བཤད་སྒྲུབ་ནོར་འཛིན་བུ་མོ་ཡི། །
ཕན་བདེའི་ཁོར་ཡུག་སྐྲུན་པ་སྟེ། །
ཤེས་ལྡན་རིག་པའི་སྐྱེད་ཚལ་དུ། །
ལས་བཟང་རྐང་པ་དྲུག་པ་མྱོས། །
༡༧༤
ཁྱེད་ཀྱི་ཆོ་འཕྲུལ་འཛིན་པ་ལས། །
རྨད་བྱུང་གདོང་གི་ངོ་བོ་འཆར། །
ཕར་རོལ་ཕྱིན་པའི་ལྗོན་པ་ཡིས། །
ཡིད་བྱེད་ཚ་བར་བསིལ་བ་རྟེན། །
༡༧༥
རྟོག་པའི་དྲ་བ་བསལ་མཛད་དེ། །
ཞི་བའི་ནགས་ལ་རི་དྭགས་ལྟར། །
བསམ་གཏན་ཟས་ལ་སྤྱོད་པ་ན། །
དེ་བཞིན་བཤེགས་ལ་ཤིན་ཏུ་བ། །
༡༧༦
འཁོར་འདས་རྫ་ཡི་སྤང་གཤོང་གི །
རིང་ནས་ལྷ་ཡི་རི་དྭགས་བཞིན། །
བརྩེ་དུང་རྡུལ་གྱི་དཀྱིལ་འཁོར་ཅན། །
རྒྱལ་བུ་དོན་འགྲུབ་སླར་ཡང་གླེང་། །
༡༧༧
འཆར་ཀ་ལྷན་པའི་ངུར་སྨྲིག་གི །
མདངས་ལ་མིག་སྤུ་ཕྲ་མོས་ཀྱང་། །
ལྟ་བར་འགོག་པའི་སྐད་ཅིག་ཙམ། །
དེ་ཡང་བསོད་ནམས་ཆུང་དུ་ཟད། །
༡༧༨
བྲམ་ཟེ་དང་ནི་མུ་སྟེགས་ཀྱི། །
བླང་དོར་གནས་ལ་མཁས་པ་དག །
ཁྱོད་ཀྱི་ལུང་རྟོགས་རིན་ཅེན་ནོར། །
ཡི་རངས་མེད་པ་ཅང་མ་མཆིས། །
༡༧༩
བདེན་བཞིའི་བདེ་བ་ཆེན་པོའི་ཆར། །
རིག་ཤེས་ཀུན་ནས་གྲོལ་བའི་ཚལ། །
ཚེ་འདིར་འབད་ཀྱང་འུ་ཚོས་མིན། །
ཐུབ་པས་རྩེད་མོའི་ཞོར་དུ་བགྱི། །
༡༨༠
ངོ་བོ་གདོད་ནས་དག་པའི་མཁར། །
མོས་པའི་དགུ་ཚིགས་འཐེན་པ་ན། །
དགོངས་དོན་བླ་ཡི་ཟེགས་མ་ཡིས། །
རླབས་ཆེན་མི་ཡི་ཐོག་མར་འདུད། །
༡༨༡
དད་བརྩོན་ཤེས་རབ་ཟུང་འཇུག་ངང་། །
བརྟེན་འབྱུང་ཆོས་ཀྱིས་རྩྭ་རྩེ་བསྒུལ། །
ཟབ་པའི་བློ་རབ་ཡངས་མོ་རུ། །
འོད་གསལ་སྣང་བའི་མཆོད་པ་སྦྱིན། །
༡༨༢
མཐའ་མེད་སྲིད་པའི་ཟླ་བ་ནི། །
དྲང་སྲོང་ག་པུར་འཛག་གིན་དུ། །
རང་མགོན་རང་ཉིད་གཏད་གྱུར་པའི། །
ཐུབ་པའི་དགོངས་པ་ཨེ་མ་འཕགས། །
༡༨༣
འཁོར་བའི་འདམ་རྫོབ་པདྨ་ནི། །
སྐྱོན་གྱི་དྲི་མས་མ་གོས་པར། །
ཐུབ་བསྟན་ནོར་གྱི་གེ་སར་གྱིས། །
མཆི་མའི་འོད་ཀྱི་ཟེགས་མ་འཐོར། །
༡༨༤
ཀ་དག་ངོ་བོ་འཆར་བའི་རྗེས། །
འབད་མེད་ངག་གི་རང་སྒྲ་ནི། །
དེ་ཚེ་གང་ཞིག་སུ་རྣམས་ཀྱིས། །
ཐོས་ན་གློ་སྙིང་མཆོད་དུ་བགྱི། །
༡༨༥
འཇིག་རྟེན་སྐྱེ་བོ་ཀུན་ཀྱང་ནི། །
སྐྱོན་ལ་ངང་གིས་ཞེན་པར་གྱུར། །
སྒྲིབ་པའི་བཅིངས་ལས་གྲོལ་བ་ནི། །
རྒྱལ་བ་མཆོག་གི་དམ་པ་ཙམ། །
༡༨༦
བསམ་མི་ཕོད་པའི་བདག་མེད་ལྟ། །
གླེང་བར་མི་ནུས་བརྒྱད་ཁྲི་སྟོང་། །
ལྟོས་དྲོས་ལོག་པར་ལྟ་ན་ཡང་། །
འཆི་བའི་ཚེ་ན་སུས་ཀྱང་བསྙེན། །
༡༨༧
བཤད་སྒྲུབ་བདུད་རྩིའི་ཁུ་བ་ཡི། །
སྙིང་པོ་མྱོང་བ་མ་བྱས་པར། །
བློ་དང་ལྡན་པའི་སྐྱེ་བུ་རྣམས། །
ཁྱོད་ཀྱི་བསྟན་ལ་ཞུགས་མ་ལགས། །
༡༨༨
སྤྲོས་བྲལ་ཆོས་ལ་མོས་བྱེད་ཅིང་། །
དད་པའི་སྟོབས་ཀྱིས་ཉེར་བཀུར་ན། །
འཁོས་ཆུང་རྣམ་ཤེས་ཡང་དག་ཏུ། །
ཐར་བའི་ལམ་ནས་འཆུག་མི་སྲིད། །
༡༨༩
གང་ཁྱོད་སྦྲུལ་མདུད་རང་གྲོལ་བཞིན། །
གཤིས་ཀྱི་ངང་ནས་གྲོལ་ཞིང་གྲོལ། །
དེ་ཚེ་ཟག་བཅས་སྨུག་སྤྲིན་གྱི། །
བརྟན་པ་མེད་པའི་ཡུལ་དུ་བསྙད། །
༡༩༠
འཁོར་བའི་ཆོས་ལ་ཉིན་རེ་བཞིན། །
ཞེན་ན་ཐམས་ཅད་བསླུ་བྱེད་པས། །
ཐུབ་པའི་བསྟན་ལ་སྐད་ཅིག་ཙམ། །
གློ་བུར་མོས་ན་འཕེལ་ཞིང་འཕེལ། །
༡༩༡
སྟོན་མཚན་རི་དྭགས་མཚན་མ་ཡི། །
རྗེས་སུ་འབྲངས་པའི་ཀ་དག་གཤིས། །
དབུ་མའི་དབྱིངས་རིག་ཉི་ཟླ་གཉིས། །
འཐབ་པའི་ཕར་ཕྱིན་ཁྱེད་ལས་སུ། །
༡༩༢
གང་སྐུ་གསེར་མདོག་འདྲ་བ་ཡི། །
བྱིན་རླབས་འོད་ཀྱང་བདོ་བའི་ཁམས། །
ཉོན་མོངས་རྡུལ་ཆ་བྱེ་རྡོག་ཙམ། །
སྤངས་ཤིང་ཐམས་ཅད་མཁྱེན་པར་སྒྲུབ། །
༡༩༣
རྟོགས་བཏགས་སྒྱུ་མས་བྲེད་གྱུར་པའི། །
འདི་སྣང་ཟང་ཟིང་ཡོ་ལང་རྣམས། །
མཚོན་གྱི་ཕྱིར་དུ་ཕབ་ན་ཡང་། །
ཁྱོད་ཀྱིས་འཇམ་མཉེན་པདྨར་སྦྱིན། །
༡༩༤
བརྩེ་དུང་ཟགས་པའི་དུས་འདི་རུ། །
མཛད་པའི་རྒྱ་ཆེན་འགྲོ་རྣམས་ལ། །
ཡུན་རིང་གཟིགས་པའི་ལྷ་ཡི་སྲས། །
ཕན་བདེའི་མེ་ཏོག་ཚུལ་དུ་ཕེབས། །
༡༩༥
སྤངས་རྟོགས་དུང་དཀར་འཁྱིལ་བ་ལས། །
བྱུང་བའི་རང་སྒྲ་སྒྲོགས་པའི་ཚེ། །
གཉོམ་པོའི་རླུང་གིས་བཏབ་པའི་སྐད། །
ནུས་པའི་སྟོབས་ཀྱིས་ཡོངས་སུ་འདུལ། །
༡༩༦
ཨེ་མ་ཨེ་མ་ཟས་གཙང་སྲས། །
མཚན་གྱི་ཅོད་པན་ཐོས་པ་ལས། །
དེ་ཚེ་རི་དྭགས་གླུ་དབྱངས་ལ། །
ཞེན་པ་ལྟ་བུ་རབ་ཏུ་ཆགས། །
༡༩༧
ཁྱོད་ཀྱིས་མུ་སྟེགས་གཞན་གྱི་སྡེ། །
བྱམས་དང་བརྩེ་བས་ཡོངས་སུ་འདུལ། །
བྲམ་ཟེ་ཁྲོས་དང་མཚོན་ཆ་ཡིས། །
གཞན་རྣམས་དབང་མེད་ངང་ནས་འདུ། །
༡༩༨
ཐབས་ལ་མཁས་པ་མེད་གྱུར་ན། །
ཐར་བ་བརྩོན་པ་མ་ལགས་ཏེ། །
དེའི་ཕྱིར་རྟེན་འབྱུང་རིག་པ་ཡིས། །
ཁྱོད་ཀྱི་ལྟ་བ་རྟོགས་ལ་བརྩོན། །
༡༩༩
སྟོབས་བཅུའི་གུར་ཀུམ་གཞོན་ནུ་ཡི། །
དྲི་ལ་ཕྱོགས་པའི་སྦྲང་རྩི་ཅན། །
ཞི་ཞིང་བག་ཡོད་ལྡན་གྱུར་པའི། །
དམ་པ་རྣམས་ནི་ཁྱེད་ལ་གུས། །
༢༠༠
དད་བརྩོན་ཤེས་རབ་ཟུང་ལྡན་པའི། །
སྐྱེ་བོ་རྣམས་ནི་རྨོངས་མ་གྱུར། །
ཕྱི་རོལ་པ་ལ་སྲིད་རྩེའི་ཡན། །
ལམ་ཡང་མེད་པ་རབ་ཏུ་བསྟན། །
༢༠༡
འདོད་ཡོན་ལན་ཚྭ་བཏུང་དྲགས་པའི། །
མུ་སྟེགས་འགའ་རེས་མ་ཡང་སྤྱད། །
ཚངས་པར་སྤྱོད་ལ་གནས་པས་ཀྱང་། །
སྲེད་དང་སྡུག་བསྔལ་འཕེལ་མི་འགྱུར། །
༢༠༢
ཕུང་ཁྲོལ་སྐྱེད་པའི་སྲིད་འདིའི་ཆོས། །
མཉམ་པར་བཞག་པས་སྟོང་པ་ན། །
སྤྲོས་བྲལ་འཛིན་མེད་ཏིང་ངེ་འཛིན། །
རང་བཞིན་གཤིས་ཀྱང་དུལ་བར་གནས། །
༢༠༣
འོན་ཏང་སྲིད་མཚོའི་ཉོན་མོངས་ཀྱི། །
རླབས་ཀྱིས་འདེད་པ་མ་ལགས་པའི། །
བདེན་ཞེན་སྤངས་བའི་ཐུབ་མཆོག་ནི། །
རྗེས་ཐོབ་སྐྱེ་མེད་དབྱིངས་སུ་ཞུགས། །
༢༠༤
རྒྱུ་འབྲས་ལས་ལ་ལྟོས་པའི་ཚེ། །
དབང་གི་འབྲས་བུ་མ་འདྲེས་པར། །
ཐམས་ཅད་མཁྱེན་ལ་ཐུགས་རྗེ་ཆེས། །
དུས་གསུམ་ཆོ་འཕྲུལ་ཉིད་དུ་གསུངས། །
༢༠༥
ཡིད་མི་བདེ་དང་འཇིགས་སྣང་དང་། །
མི་དགེའི་ལས་ཀྱི་སྣ་ཚོགས་པ། །
སྡིག་པ་སྤྱོད་པའི་སོལ་བ་ལས། །
དཀར་པོའི་མདངས་ཀྱང་ག་ལ་མཆིས། །
༢༠༦
ཕྱིན་དྲུག་ལྟ་བའི་གངས་ཀྱི་སེང་། །
གཞན་ལྟའི་རི་དྭགས་ངང་གིས་འཇིགས། །
འདི་སྣང་ཟོལ་སྦྱོར་བདུད་ཀྱི་དཔུང་། །
སྤྲུལ་པ་དག་ནི་འཁྲུལ་ཙམ་གསུངས། །
༢༠༧
ཐུབ་པའི་ལུང་རྟོགས་ཚལ་གྱི་དྲུང་། །
བྱང་སེམས་ཨུཏྤལ་རལ་བ་ཡིས། །
ཐར་འདོད་གླུ་དབྱངས་སྐད་ལྡན་པ། །
འཇུས་ནས་སྙིང་རྗེའི་གེ་སར་སྦྱིན། །
༢༠༨
འཁོར་ལོ་གསུམ་གྱི་རེ་ཁཱ་ཡི། །
ཤིན་ཏུ་ཡིད་འོང་སྡུག་གྱུར་པའི། །
ཕན་བདེའི་འོད་ཀྱི་དཔལ་བེའུ་ནི། །
སྤྱན་གྱི་ཡོལ་བ་རབ་མེད་འཕྲོག །
༢༠༩
ཕྱི་རོལ་སྤྱོད་པའི་མཛད་པ་ཡི། །
སྣ་གཅིག་སྟོན་ཡང་གཞན་དག་མགུ། །
དེ་ཚེ་རྒྱལ་བའི་སྤྱོད་མཐའ་ཡས། །
བསོད་ནམས་ལྡན་པས་རྟག་ཏུ་རོལ། །
༢༡༠
འཇིག་རྟེན་རྒུད་པའི་རྩ་བ་ཡང་། །
བླང་དོར་མེད་དང་རྨོངས་ལས་བྱུང་། །
ཁྱོད་ནི་མཁྱེན་གཏེར་རྒྱ་མཚོ་སྟེ། །
ཟབ་ཅིང་བརླིང་ལ་དཔག་དཀའ་བ། །
༢༡༡
ཆགས་པའི་མགོ་བོ་ཁྱོད་ཀྱིས་ནི། །
ཡེ་ཤེས་རལ་གྲི་ཆེན་པོས་བཅད། །
སྡང་བའི་དུག་གི་མཚོ་མོ་ཡང་། །
འཁྲུལ་བར་བལྟ་བའི་མེ་ལྕེས་བསྣུབས། །
༢༡༢
ཟོལ་མེད་དབྱངས་ཀྱི་འདེགས་འཇོག་ལས། །
ཁྱོད་ཀྱི་ཡོན་ཏན་བ་སྤུ་ཙམ། །
བརྗོད་པའི་གཤིས་ཀྱི་ངང་ཚུལ་གྱིས། །
དགྱེས་མིན་བྱིན་རླབས་ཀུན་ཀྱིས་རེ། །
༢༡༣
མདོ་སྔགས་བ་དན་གསར་བའི་རྩེར། །
ཆོས་རབ་རྒྱལ་མཚན་ལྡེག་པ་ཡི། །
ཐེག་ཆེན་རླུང་གི་སྤྲིན་དཀར་ནི། །
ཡོངས་སུ་འདུ་ཞིང་ཆོས་ཆར་འབབ། །
༢༡༤
སྒྲིབ་གཉིས་གཏུམ་མོ་ཁྲོས་པའི་གདོང་། །
ཧ་ཅང་ངོམ་ནག་མཐུག་གྱུར་ན། །
གང་གི་དང་པོ་སངས་རྒྱས་ཀྱིས། །
ཞི་བའི་ལམ་ནས་འཛུམ་པར་བྱས། །
༢༡༥
སུམ་རྩེན་མཐོང་ན་དགའ་བའི་ཚལ། །
མཐོང་བ་དཀོན་ཡང་བདེ་བར་འདོད། །
དེ་ལས་དམ་པའི་ཆོས་རབ་ཀྱང་། །
རིང་དུ་འཕགས་པ་བདེན་པས་གྲུབ། །
༢༡༦
སྟོང་གསུམ་མཁའ་ཡི་དཀྱིལ་འཁོར་ན། །
རྒྱུ་སྐར་རྡུལ་གྱི་ཟེགས་མ་འགའ། །
འཁུ་ཡང་ཆ་གཏེར་ལས་འགོངས་པའི། །
ཉི་མས་འཛམ་གླིང་དྲོད་ཀྱང་སྟེར། །
༢༡༧
མཐའ་ཡས་འགྲོ་བའི་སེམས་ཉིད་ཀྱང་། །
བདེ་བཤེགས་སྙིང་པོར་མོངན་གྱུར་སླད། །
འཁོར་གསུམ་བརྩེ་བས་སྐྱོང་བཞིན་དུ། །
རྣམ་རྫོགས་གོ་འཕང་དང་པོར་བརྙེས། །
༢༡༨
ཅི་མཛད་ལེགས་པར་སྟོན་པ་ཡང་། །
གང་གི་དོན་དུ་ཇི་ལྟར་བརྩམས། །
བྱང་ཆུབ་རིམ་པའི་ལོ་མ་ཡིས། །
དམན་པ་དག་ལ་བསིལ་བར་བརྟེན། །
༢༡༩
འདུ་འཛིས་སུན་པའི་བས་མཐའ་རུ། །
ཐར་འདོད་བློ་ཡིས་རྒྱུ་བའི་སྐབས། །
ངེས་འབྱུང་ལྷ་ཡི་རི་དྭགས་ནི། །
བདེ་མོའི་ངང་ནས་ཅི་ཡང་གནས། །
༢༢༠
འཚེ་མེད་ཞི་བའི་བདུད་རྩིའི་ཆུ། །
བཏུང་ཡང་གང་དག་འཁོན་མི་སྲིད། །
དེ་ནི་ཐུབ་པའི་དམ་ཆོས་ཀྱི། །
ལྟ་བའི་སྙིང་པོས་ཡང་དག་གྲུབ། །
༢༢༡
སྲིད་ཀྱི་ཕུན་ཚོགས་འཇའ་རིས་ཀྱིས། །
མཛེས་ཀྱང་བདེ་བ་སྟེར་བ་མིན། །
ཐར་བ་བགྲོད་པའི་ལམ་མཆོག་ནི། །
སྟོན་པས་སྟོན་པའི་དམ་ཆོས་ཉིད། །
༢༢༢
དད་དང་མོས་དང་འདུན་པ་ཡིས། །
སྙིང་ནས་ཐར་བར་སུས་བརྩོན་ཀྱང་། །
འཁོར་འདས་རྒྱ་མཚོའི་ཕ་རོལ་ཏུ། །
རང་ལ་བརྟེན་ནས་བརྒལ་ནུས་གསུངས། །
༢༢༣
ཤེས་རབ་འདོད་འབྱུང་ནོར་བུའི་འོད། །
དཀོན་མཆོག་སྐྱབས་འགྲོར་བདོ་བ་ན། །
དད་བརྩོན་བྱིན་རླབས་དྲག་གྱུར་པས། །
མཐར་ཐུག་ལོངས་སྤྱོད་རྟག་པར་མོད། །
༢༢༤
མཁྱེན་གཉིས་དབྱིངས་རིག་ཉི་ཟླ་ཡིས། །
ཚོགས་གཉིས་ག་པུར་འཛག་བཞིན་དུ། །
དོན་གཉིས་མཐར་ཕྱིན་ཀུ་མུད་ཀྱི། །
བདེན་གཉིས་འདབ་བརྒྱ་རབ་ཏུ་གྲོལ། །
༢༢༥
གང་དག་བསླབ་གསུམ་ལྡན་གྱུར་པས། །
སྡུག་བསྔལ་བསྒྲལ་ཞིང་ཡོན་ཏན་འཕེལ། །
གཉིས་མེད་བདེ་ཆེན་ལྷུན་འགྲུབ་ལས། །
ཁྱོད་ནི་སངས་ཤིང་རྒྱས་པར་གྱུར། །
༢༢༦
མེ་དང་འཕྲད་པའི་ཁ་བ་བཞིན། །
མི་དགེའི་སྡིག་པ་ཡོངས་སུ་སྤངས། །
བྱང་ཆུབ་སྤྱོད་ལ་འཇུག་པའི་དུས། །
འཇིག་རྟེན་སངས་རྒྱས་ཉིད་དུ་ཁྱབ། །
༢༢༧
འདི་སྣང་འཁོར་བའི་ཤལ་མ་ལིས། །
བདེ་དགའ་བསྐྱེད་པར་མི་བྱེད་ན། །
སྲིད་པའི་མེ་འོབས་ཁྲེས་རྡོག་གན། །
ཁུར་ནས་འཆེལ་ཡང་བདེ་བ་མིན། །
༢༢༨
མ་བཅོས་གཉུག་མའི་རང་བཞིན་ལས། །
གཅིག་ཀྱང་ཡོད་མེད་མཐའ་དང་བྲལ། །
བདེན་བཞིའི་འཇུག་ལྡོག་ཟབ་མོ་ཆེ། །
འཁོར་འདས་རོ་སྙོམ་ངང་ནས་སྐྱིན། །
༢༢༩
བྱང་ཆུབ་ལྗོན་པའི་གྲིབ་བསིལ་འོག །
བདུན་ཕྲག་འགའ་ལ་སྤྱན་རས་ཀྱང་། །
ཅུང་མི་ལྡེག་པའི་ཏིང་འཛིན་ཀློང་། །
མཚན་གྱིས་རྣ་བའི་བཅུད་ལེན་ཡོད། །
༢༣༠
ཐ་མལ་འདུ་འཛིའི་བྱིང་རྨུགས་ཀྱིས། །
བག་དང་ལྡན་རྣམས་རབ་ཏུ་བྲན། །
ཤེས་རབ་གསུམ་གྱི་སྣང་བ་ཡི། །
གཤིས་ལུགས་ཅན་རྣམས་རྟག་ཏུ་རྒྱལ། །
༢༣༡
ཐུན་མཚམས་འཆར་ཀའི་བླ་གོས་ཀྱི། །
མདངས་ཙམ་མཐོང་བས་དད་པ་ཡིས། །
འཁོས་ཆུང་རྣམ་ཤེས་ཉེ་བ་རུ། །
ཕྱོགས་ཏེ་གློ་སྙིང་མཆོད་པར་བྱས། །
༢༣༢
གང་འདུལ་བརྩེ་བས་རབ་ཏུ་འདུལ། །
གང་མཛད་བྱམས་པས་ཤིན་ཏུ་མཛད། །
སྐལ་བ་ལྡན་དང་བསོད་ནམས་ཅན། །
ཁྱོད་ཀྱི་ཆོ་འཕྲུལ་བསམ་མི་ཁྱབ། །
༢༣༣
ཡིད་འོང་བགྲང་ཕྲེང་གསར་པ་རུ། །
ཆོས་ཀྱི་འཁོར་ལོའི་གཟི་བྱིན་ཞུགས། །
གང་དག་ཕྱོགས་བཅུའི་རབ་འབྱམས་ཀྱི། །
མཆོད་པའི་མེ་ཏོག་རྩེ་དགས་འཁྱུད། །
༢༣༤
རྡུལ་བྲལ་རྐང་གཉིས་ལྷ་ཡི་ལྷ། །
རྟེན་འདིར་བལྟམས་པའི་ཆེ་བས་ནི། །
གང་དག་ཁ་ལོ་སྒྱུར་བ་པོ། །
ཞི་བདེའི་ཉམས་ཀྱིས་ཨེ་མ་མཚར། །
༢༣༥
རྒྱ་ཆེན་འཁོར་ཚོགས་བྱེ་བ་ཡིས། །
ཁྱོད་ཀྱི་བསྟན་ལ་ཡིད་དབང་ཤོར། །
ཤིན་ཏུ་དམན་པའི་ལས་ཅན་རྣམས། །
ཉམ་ངའི་ཁྲོད་ནས་ཁྱེད་ཙམ་མགོན། །
༢༣༦
མང་ཐོས་རལ་བའི་ཀླུང་ཆེན་ལས། །
རྣམ་དཀར་ཛ་ཧུའི་བུ་མོའི་རྒྱུན། །
འགྲོ་བློའི་མོས་པའི་རྒྱ་མཚོ་ཆེར། །
འཇུག་པའི་མཛད་པ་ཅིས་མི་མཚར། །
༢༣༧
མཁྱེན་རབ་མཚོ་ལས་སྐྱེས་པའི་སྙིང་། །
སྙིམ་པའི་སྦྲང་རྩིའི་དོག་པ་ཅན། །
རྒྱན་དུ་ངོམས་པའི་མགོ་བོས་ཀྱང་། །
མི་ཕྱེད་གེ་སར་དུད་ཅིང་དགོད། །
༢༣༨
ཐུགས་རྗེའི་ཆུ་གཏེར་འཛིན་པ་ལས། །
ལེགས་བཤད་གྲུ་ཆར་འཇོ་བའི་དཔྱིད། །
མི་ཟད་བསུང་ཞིམ་ཐུལ་བའི་དྲིས། །
སྐལ་བཟང་བུང་བ་ཉེར་འཚོའི་གཞི། །
༢༣༩
ཕྲིན་ལས་དབྱངས་ཀྱི་ཏམ་བུ་ར། །
གཟུར་གནས་ཡོངས་ཀྱིས་བདུངས་པ་ན། །
ཆོས་དོན་སྙན་དབྱངས་ཟབ་མོའི་གདངས། །
ལུས་ཅན་ཐོས་འཛིན་བུ་གར་འཇེབས། །
༢༤༠
ཕན་བདེའི་ཨུཏྤལ་རྩ་ལག་མཆོག །
ཐུབ་བསྟན་སྙིགས་མའི་དུས་ཀྱི་ལྟོར། །
མནལ་ཐབས་ཆགས་པའི་དྲན་པ་ཡང་། །
དུས་ལས་ཡོལ་བ་ག་ལ་ཉུང་། །
༢༤༡
འགྲོ་ལ་ཕན་པ་བཞེད་པའི་སྡེས། །
སྙིང་བརྩེས་དང་བ་འདྲེན་པའི་མཐུས། །
མི་སྡུག་སྲིན་མོ་གཏུམ་པའི་གླིང་། །
འགྲོ་རྣམས་ཐར་བའི་དབུགས་དབྱུང་མཛོད། །
༢༤༢
ས་གསུམ་འཕྱན་པའི་སྐྱེ་བོ་ཡི། །
ཡིད་ཀྱི་མངོན་པར་མཐོ་བའི་ཁྲིར། །
ཞབས་མཐིལ་ཆུ་སྐྱེས་འཁོར་ལོ་ཅན། །
གཡུང་དྲུང་ཚུལ་དུ་ཞི་བར་གནས། །
༢༤༣
བྱམས་བརྩེའི་ཆུ་ལྡན་ཕང་བ་ལས། །
ཤེས་རབ་གློག་གི་རྩེད་འཇོ་ཡིས། །
དོན་བཟང་ཞལ་སྙན་རྔ་བོ་ཆེ། །
རྣ་བའི་བཅུད་དུ་རྡུང་བར་བྱས། །
༢༤༤
འཁོར་དང་ཁྱིམ་ལ་ཡིད་ཕྱུང་སྟེ། །
བས་མཐའི་གནས་མལ་རིང་དུ་བརྟེན། །
མི་རྟག་དུཿཁའི་མྱུ་གུས་ཀྱང་། །
རང་སེམས་ཞི་བའི་ཏིང་འཛིན་བྲིས། །
༢༤༥
དེ་སྐད་ཚངས་དབྱངས་བྱ་མ་རྟ། །
སྲིད་ནས་མཐོ་རིས་ཉེ་དྲུང་དུ། །
མར་གད་གསེར་གྱིས་གོས་པའི་སྐུ། །
གང་དེར་དྲན་པས་ཕུལ་ཅིག་ཀྱེ། །
༢༤༦
འཁོར་གསུམ་མྱ་ངམ་བྱེ་ཐང་གི །
མེ་ཏོག་ཚ་བས་རྙིད་ན་ཡང་། །
ཁྱོད་ཀྱི་ཞི་བའི་སྤྲིན་དཀར་ནི། །
བསིལ་བའི་རྒྱལ་མཚན་ཚུལ་དུ་སྤྲུལ། །
༢༤༧
གསུང་རབ་ཀ་ལ་པིང་ཀའི་དབྱངས། །
སྐྱེ་བོ་གང་གིས་ཐོས་གྱུར་ན། །
དེ་ལ་རྣ་བའི་བདུད་རྩིའི་དཔལ། །
བསྐལ་བ་དུ་མར་བཅུད་ལེན་ཡོད། །
༢༤༨
མཚན་དཔེའི་དུང་དཀར་འཁྱིལ་བ་ལས། །
བྱུང་བའི་ཁྲི་ཕྲག་སྟོང་གི་ཆོས། །
ཤིན་ཏུ་ཡིད་འོང་ལྡན་པའི་བུས། །
མགྲིན་གྱི་ལམ་ནས་ངང་གིས་ཐལ། །
༢༤༩
ཇི་སྙེད་ཤེས་བྱའི་ཕར་མཐའ་ཡང་། །
འཇིག་རྟེན་བྱེད་པོ་ཞེས་གྲགས་པའི། །
ཚངས་དང་ཁྱབ་འཇུག་རྨོངས་ལགས་ཀྱང་། །
མི་མཆོག་རྒྱལ་བས་སྐད་ཅིག་ཙམ། །
༢༥༠
ས་ལམ་རིན་ཅེན་ཐེམ་སྐས་ལ། །
འཛེགས་པའི་གཞོན་ནུ་དོན་གྲུབ་ནི། །
དུས་གསུམ་བློ་གྲོས་ཆེ་བ་ཀུན། །
གཅིག་ཏུ་བསྡུས་ཏེ་བགྲོད་པ་འདྲ། །
༢༥༡
ཨེ་མ་གང་ཁྱོད་ཡོན་ཏན་རྡུལ། །
ཤེས་བྱའི་མཁའ་རུ་ཤོང་དོགས་ནས། །
ཡིད་འཕྲོག་འཆི་མེད་ལྷ་ཡི་ཚལ། །
གྱ་གཅིག་སོན་དུས་ཕེབས་སམ་སྙམ། །
༢༥༢
ཀུན་རྟོག་ཚང་ཚིང་སྟུག་པའི་ནགས། །
དངོས་འཛིན་འཇའ་ཡིས་ཀླུབ་པའི་ཚེ། །
སྲེག་བྱེད་སྤྲོས་བྲལ་ཆོས་དབྱིངས་མེས། །
འཇག་མའི་ཕུང་པོ་བཞིན་དུ་སྲེག །
༢༥༣
ཀུན་གཞིའི་དྲ་བའི་རི་ཐང་ནས། །
ཕལ་ཆེར་ཉོན་མོངས་རྟ་ཕོས་ཁྱེར། །
ཐབས་མཁས་ལྕག་ཚན་རིང་མོ་ཡང་། །
ཁྱོད་ཀྱིས་བྲབས་ནས་ཁ་ལོ་བཏུལ། །
༢༥༤
ཐེག་དམན་རི་དྭགས་བྱེ་བ་དང་། །
ཚན་རྩལ་ཁྱུང་ཆེན་སྟོང་གིས་ཀྱང་། །
བསྒྲུན་མེད་སྟོང་ཉིད་སེངྒེའི་སྒྲ། །
ཏི་སེ་གངས་ཀྱི་ལྟོངས་སུ་བརྗིད། །
༢༥༥
ངེས་དོན་གཞུང་བཟང་ལྟོ་བ་རུ། །
ཁོ་བོའི་མི་ཕྱེད་དད་པའི་བུ། །
འདབ་བརྒྱ་པ་དང་ཉི་མ་བཞིན། །
མི་འབྲལ་སྐལ་བཟང་རེ་བ་ཉལ། །
༢༥༦
བདུད་བཞི་ལ་རྩེའི་དར་གདང་ནི། །
ངོམ་མེད་ཡུན་རིང་གཡུགས་པ་ན། །
རྣམ་པར་གྲོལ་བའི་རླུང་བུ་ཡང་། །
དེ་ཚེ་ཐུབ་པས་ལམ་དུ་ཁྱེར། །
༢༥༦
བསོད་ནམས་དཔལ་གྱི་འོ་མཚོ་ལས། །
བྱུང་བའི་ཕྲིན་ལས་མར་དཀར་གྱིས། །
འགྲོ་མང་འདུལ་བའི་སྣུམ་ཞག་གིས། །
ཡིད་ཀྱི་མཆོད་མེ་གཟིམས་པ་མེད། །
༢༥༧
ཐེག་ཆེན་དཔག་བསམ་ལྗོན་པའི་ཤིང་། །
ཡུན་རིང་བརྟེན་པའི་འབྲས་བུས་ཀྱང་། །
ཞི་དུལ་ཡལ་ག་ཕྱོགས་རྫོགས་པའི། །
འདུལ་བའི་མེ་ཏོག་དགོད་ཅིང་དགོད། །
༢༥༨
བྱད་ལེགས་ངག་གི་གངྒྰ་མ། །
བློ་གཏེར་རྒོད་མ་ཁ་ཡི་ལྟོར། །
ངོམས་མེད་འཐུང་བའི་རེ་བ་ཡང་། །
མི་འགྱུར་སྐལ་བ་སྟོང་གིས་འཆང་། །
༢༥༩
ཨུ་ཧུ་ལེགས་སྤྱད་པདྨའི་ཚལ། །
མི་གཙང་དྲི་ཡིས་ཁྱབ་གྱུར་པའི། །
དེང་དུས་ཐུབ་པའི་མཛད་པ་ཀུན། །
ཨེ་མ་རྒྱལ་ཞིང་མཆོག་ཏུ་སྣང་། །
༢༦༠
ཀྱེ་ཧུད་གང་ཁྱེད་མྱ་ངན་དུ། །
འདས་པའི་ཚུལ་གྱི་མ་དྲོས་མཚོར། །
སྔོན་གྱི་ལེགས་བཤད་རླབས་ཀྱི་ཕྲེང་། །
མཛད་པའི་བྱ་ཁྱུས་ཅི་ཡང་འདེད། །
༢༦༡
སྙིང་སྟོབས་འཇུག་པ་བཅུ་བ་ཡི། །
ཤེས་རབ་ཟིལ་གྱིས་མི་ནོན་པ། །
དབྱངས་སྙན་འོད་ཀྱི་རྩེ་དགའ་ཡིས། །
རྒྱལ་བུ་དོན་འགྲུབ་འདི་ནས་དྲན། །
༢༦༢
ཐར་བའི་ཉི་མའི་རྡུལ་ཟེར་གྱི། །
དགེ་ལེགས་འཕྲོག་པའི་བདུད་རྣམས་ཀྱང་། །
ཁྱོད་ཀྱི་བྱམས་པའི་ལྕགས་ཀྱུ་ཡིས། །
ངོ་མཚར་འབུམ་གྱིས་སླར་ཡང་འཛིན། །
༢༦༣
ཡང་དག་ཕྲིན་ལས་སྣང་བ་འདི། །
ས་གསུམ་བྲིས་པའི་ཆ་རེར་ཡང་། །
མུ་མེད་བཀྲ་ཤིས་རེ་ཁྰའི་མདངས། །
ཀུན་གྱི་སྤྱན་ལ་ཡངས་ཤིང་སྨན། །
༢༦༤
གསུང་གི་མཐིང་རིལ་ངུར་བ་ལས། །
ཆོས་དོན་སྐལ་བཟང་སྒྲུབ་པ་ལ། །
ཉན་པར་བྲེལ་བའི་མཁས་པའི་ཚོགས། །
ངང་བའི་འགྲོས་ཀྱིས་ལེགས་པར་འདུ། །
༢༦༥
རྣམ་རྟོག་བག་ཆགས་ན་བུན་ཕོན། །
མི་དགེའི་རླུང་གིས་ཐེག་པ་ན། །
བརྟུལ་ཞུགས་ཅན་གྱི་ནམ་མཁའ་ནས། །
མཐོང་རེག་མེད་པར་ངང་གིས་ཡལ། །
༢༦༦
ཁྲིམས་ལྡན་དགེ་སྦྱོང་འབུམ་ཕྲག་གིས། །
ཁྱོད་ཀྱི་ལུང་རྟོགས་ཆོ་ག་རྫོགས། །
ཕྱི་ནང་མཁས་པས་ཁྱོད་ཀྱི་བསྟན། །
དཔྱད་ན་གུས་པས་འཇུག་པར་བགྱི། །
༢༦༧
གདོད་མའི་དྲང་སྲོང་ཤྰཀྱའི་སྲས། །
སྒྱུ་འཕྲུལ་ཐབས་སུ་ཞུགས་པའི་དུས། །
སྙིང་གར་འཁྱིལ་བའི་པདྨོ་ཡང་། །
སྐྱོན་བྲལ་ཐུགས་ཀྱི་ཉི་མས་གྲོལ། །
༢༦༨
གཉིས་མེད་ཐིག་ལེ་འོད་གསལ་གྱི། །
གྲང་བའི་བསིལ་ཡབ་བརྟེན་པ་ན། །
མི་ཕྱེད་རྡོ་རྗེའི་གཡུང་དྲུང་གི །
དད་པའི་སྤུ་ཡང་རབ་ཏུ་ལངས། །
༢༦༩
སྙིང་རྗེ་གངས་ཀྱི་རྡུལ་བརྩེགས་ཀྱིས། །
ཕན་བདེའི་ཉི་འོད་འཕྲོས་པའི་ཟེར། །
ངོམས་མེད་བཞེས་པ་ཁྱོད་ཀྱིས་ནི། །
ཐམས་ཅད་ཡིད་བདེའི་ཆུ་རྒྱུན་འབེབ། །
༢༧༠
མི་རྟོག་དོན་ལས་ཕ་རོལ་ཏུ། །
འབྱོངས་པའི་ཐབས་མཁས་ཉི་ཟླ་ཡི། །
རྣ་ཆ་ལྷུང་བའི་སེམས་ཉིད་དུ། །
འོད་ཀྱི་བླ་བྲེ་ཀུན་ནས་འཕགས། །
༢༧༡
ཧེ་རུ་ཀ་ཡི་ཆོས་དབྱིངས་ཀྱི། །
གནས་ལུགས་ཚུལ་ལ་མི་རྨོངས་པའི། །
ཀུན་རྟོགས་བློ་གྲོས་རབ་དྭངས་པ། །
བསྒྲུན་མེད་འདི་ཀོ་ཨེ་མ་མཚར། །
༢༧༢
མཐའ་ཡས་བཟང་པོ་སྤྱོད་པའི་མཚོར། །
འཇུག་པའི་སྟོབས་བཅུ་འོད་དཀར་གྲུ། །
ཡུན་རིང་ཞུགས་པའི་དཀའ་ཐུབ་ཀྱིས། །
དགེ་སྦྱོར་ནོར་བུའི་དཔལ་ཡང་བླངས། །
༢༧༣
གང་ཞིག་མཚན་མོ་དཔག་མེད་ཀྱིས། །
ཐར་བའི་ལམ་བཟང་འགོག་གྱུར་ན། །
སྣང་བའི་དཔལ་འདི་སྦྱིན་གྱུར་པའི། །
དཀོན་མཆོག་སྒྲོན་མེ་གསར་བ་ཙམ། །
༢༧༤
མི་མཆོག་རྒྱལ་བའི་མཚན་དཔེའི་རིས། །
སྐྱེ་བོ་ཕལ་བས་ཚེ་རབས་ཀུན། །
སྐད་ཅིག་ཙམ་ལ་མཐོང་རིག་གི །
སྦྱོར་བ་བྱུང་ན་བསོད་ནམས་མང་། །
༢༧༥
སྐྱོན་བྲལ་མཚན་དཔེ་བཞད་པའི་སྐུ༵། །
ཐུན་མཚམས་མདངས་ལྡན་ངུར་སྨྲིག་གི །
ཆོས་གོས་གསུམ་གྱིས་བཀླུབས་པའི་ཚེ། །
མཐོང་བས་བསོད་ནམས་དཔག་ཏུ་མེད། །
༢༧༦
དབྱངས་བདུན་འགག་མེད་རོལ་བའི་གསུ༵ང་། །
ཚངས་དབྱངས་དྲུག་ཅུས་ཉེར་བཀུར་ཏེ། །
གང་ཞིག་བསྒྲགས་པའི་སྐད་ཀྱང་ནི། །
ཆོས་དོན་མགྲིན་པའི་རྒྱན་དུ་འབར། །
༢༧༧
སྤྲོས་ཞིང་འགྲོ་འོང་མཁྱེན་པའི་ཐུ༵གས། །
རྒྱ་ཆེན་ཤེས་བྱ་འབྱོངས་པས་ཀྱང་། །
མི་ཟད་འཁོར་ལོ་གསུམ་པ་ཡི། །
བདེན་བཞིའི་འཇུག་པ་ཨེ་མ་སྐྱིལ། །
༢༧༨
ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་ནོར། །
སྐྱོན་གྱི་དྲི་མས་བཤོལ་བས་ཀྱང་། །
གང་དག་འཇིག་རྟེན་མ་ལུས་པའི། །
ས་ལམ་ཐེག་པའི་མགོན་ཉིད་བགྱི། །
༢༧༩
སྲིད་ཀྱི་ལོངས་སྤྱོད་ཕྲ་མོས་ཀྱང་། །
སྐྱེ་བོ་ཕལ་ཆེར་ཆགས་ཤིང་བསླུས། །
ཚངས་པར་སྤྱོད་ལ་རབ་གནས་པས། །
བདག་གིར་མེད་ཅིང་འཛིན་པ་བྲལ། །
༢༨༠
ཤ་ཡི་མིག་ཁུང་དད་པ་ཡི། །
མཆི་མའི་འོད་ཀྱིས་བརླན་གྱུར་ཏེ། །
ལུང་རིགས་ཐོས་པས་ཁྲག་གི་མགྲིན། །
བངས་ནས་དམན་བརྩེའི་ངག་ཀྱང་བྱུང་། །
༢༨༡
དཀོན་མཆོག་རིན་ཆེན་བཻཌྰུརྱ། །
གདོད་ནས་ངོ་བོ་བྱི་དོར་ཅི། །
དལ་རྟེན་སྐུ་བཞིའི་ལྗོན་བཟང་ལ། །
ཆོས་བྲེད་གྲང་བས་ནམ་ཡང་མིན། །
༢༨༢
མཆོག་དམན་སྐྱེ་བོ་སུ་ཡིས་ནི། །
བྲམ་ཟེ་དག་ལ་བསྟེན་ནུས་མིན། །
གང་གིས་བརྟེན་ན་བྱམས་པ་དང་། །
བརྩེ་བས་གཅེས་པ་ཐུབ་པ་ཙམ། །
༢༨༣
འདི་སྣང་འཁོར་བའི་ཕུན་ཚོགས་དག །
ཐར་བའི་གེགས་སུ་གཉོད་མེད་པ། །
འོན་ཏང་བཞི་བརྒྱ་རྩ་བཞིའི་ཁྲིམས། །
ལྡན་པའི་སྟོན་པས་ལམ་དུ་ཁྱེར། །
༢༨༤
དུག་གསུམ་ཉོན་མོངས་རལ་གྲི་ཡི། །
མཚོན་གྱི་སོ་ཁ་མཉེན་དུ་བསྒྱུར། །
འོར་ཆེ་ཏིལ་ཙམ་མི་བྱེད་ཅིང་། །
སངས་རྒྱས་མངོན་དུ་དོལ་ཆོད་ཨ། །
 
         སླར་སྨོན།

༢༨༥
འདི་ལྟར་ཐུབ་བསྟོད་པད་དཀར་དྲི། །
དད་གསུམ་སྣ་དབང་ལ་ཁྱབ་ནས། །
མི་ཕྱེད་དབྱངས་ཀྱི་བྷྲ་མ་རས། །
སྲིད་པའི་ཁམས་ནས་ལན་གཅིག་མྱོང་། །
༢༨༦
བདག་གཞན་ཀུན་རྟོག་དྲ་བ་ལས། །
མི་དགེའི་ཉོན་མོངས་རྡོ་བ་ཡིས། །
སྐྱེ་བ་སྔོན་ནས་ད་ལྟའི་བར། །
འཁོར་བའི་མཚོ་ལ་བྱིངས་པས་ན། །
༢༨༧
ད་ནི་ཟབ་ཆོས་མཁའ་དབྱིངས་སུ། །
ཚོགས་གཉིས་གཤོག་ཟུང་རྐྱོང་པ་ལ། །
རྣམ་དག་སེམས་ཀྱི་དད་པའི་རླུང་། །
ཡང་ཡང་རྒྱུད་ལ་ཉེ་བར་བསྐུལ། །
༢༨༨
གང་ཁྱེད་དྲན་པའི་མེ་ལོང་ངོས། །
བྱིན་རླབས་བརྙན་རིས་འཆར་ཕྱིར་དུ། །
མོས་གུས་ཡོལ་བའི་ལྷ་རེག་གིས། །
ཐལ་སྦྱར་དང་བཅས་ཡང་ཡང་ཕྱིས། །
༢༨༩
དེ་སླད་ཚངས་དབྱངས་ཁུ་བྱུག་གླུ། །
ཆོས་རིག་ནགས་ཀླུང་སྟུག་པོ་ཡི། །
སྙན་ངག་ལྗོན་པའི་འདབ་སྟེང་ནས། །
ཐུབ་བསྟོད་སྐད་སྙན་འདི་ལྟར་ཐལ། །
༢༩༠
སྐྱོན་བྲལ་བློ་གྲོས་གསར་བའི་མིག །
སྙིགས་དུས་སྐྱེ་བོར་ཡོད་མིན་ན། །
གང་གི་ཕུན་ཚོགས་རྡུལ་གྱི་ཆའི། །
ལེགས་ཉེས་རི་མོ་གསལ་ནུས་ཅི། །
༢༩༡
དེ་སྐད་དྲང་སྲོང་སྨྲ་བའི་གཏམ། །
མཆོག་གི་དམ་པས་མྱང་འོས་ཅན། །
མེད་ཕྱིར་དད་བརྩོན་རོ་མངར་འདི། །
མ་བཅོས་ཨ་མྲའི་སེམས་ལ་སྨིན། །
༢༩༢
ལྷ་མོར་མཆོད་པའི་དྲི་བཞོན་གྱིས། །
ཀེང་ཤུ་ཀ་ཡི་ནགས་ཀྱི་ལྗོངས། །
ལན་ཚར་ཅུང་ཟད་བསྐྱོད་པས་ཀྱང་། །
མཆོག་གི་འབྲས་བུ་ཕྱོགས་ཀུན་ཉེ། །
༢༩༣
གང་གི་ལེགས་ཚོགས་དབྱར་གྱི་མཚོ། །
སོས་ཀའི་དཔལ་གྱིས་བོས་པ་ན། །
ཕྲ་ཚོམ་འཇིགས་མེད་མེ་ཏོག་ཚོགས། །
ཁོ་བོའི་བློ་ཡི་ལྗོངས་སུ་བཞད། །
༢༩༤
སྙན་པའི་ཚིག་གི་བདུད་རྩིའི་ཆར། །
འབེབས་ལ་མཁས་པ་མ་གྱུར་ཀྱང་། །
མོས་གུས་ཆུ་ལྡན་ཕང་བ་ལས། །
བཟོད་མེད་གཤིས་ཀྱི་ངང་ནས་འཇོ། །
༢༩༥
ཐུབ་པ་མཆོག་དེས་ལེགས་མཛད་ཀྱིས། །
མཁས་རྣམས་ཡིད་ལ་དགའ་བ་བསྐྱེད། །
སྤྲིན་སྔོན་འདུས་པའི་རྔ་གསེང་གིས། །
གཙུད་ཕུད་ཅན་ནི་སྐལ་བཟང་བཏམས། །
༢༩༦
དེ་ཕྱིར་ཐུབ་བསྟོད་སྒེག་མོའི་གཟུགས། །
ཟླ་བྲལ་ངག་གི་དཎྜི་ཡི། །
རིག་ཤེས་ཚོན་མང་འཐུང་བ་ལས། །
མཛེས་བྱེད་པིར་གྱིས་འདི་ལྟར་བྲིས། །
༢༩༧
ཉན་འོས་གཏམ་གྱི་དྲི་ཟའི་དབྱངས། །
ངོ་མཚར་ཚིག་གི་བཀོད་པ་ཅན། །
ཕྱོགས་ཀྱི་དཔལ་མོའི་རྣ་བ་ལ། །
སྒྲོག་པར་འོས་པ་འབད་པས་སྒྲུབ། །
༢༩༨
སྙན་པའི་འཆར་ཀ་ལྷུང་བ་ཡིས། །
དཔྱོད་ལྡན་བཞིན་རས་སྐྱེངས་མིན་ན། །
སོར་རྩེས་བཏབ་པའི་ཡིད་འོང་ཚལ། །
བློ་གསར་རྐང་དྲུག་རྩེན་པར་རིགས། །
༢༩༩
ཚིག་སྦྱོར་རབ་གསལ་ངག་དབང་མའི། །
རྒྱུད་མངས་ཆོས་དོན་སྙིང་བཅུད་ཅན། །
འདི་ཡང་ལེགས་པར་གོ་མིན་ན། །
དེ་ནི་བ་ལང་རྣ་བའི་ཟླ། །
༣༠༠
དེས་ན་སྡེབ་ལེགས་གསར་བ་འདིར། །
ཕུན་ཚོགས་བརྒྱན་གྱིས་རབ་སྤུད་ནས། །
ཐུབ་བསྟོད་བཀྲ་ཤིས་དཔལ་བེའུ་ཡི། །
ལང་ཚོའི་མཛེས་པ་འདི་ནས་རྫོགས། །
 
ཞེས་བོད་ལྕགས་བྱི་ལོ་ཡི་སྣྲོན་ཟླ་བའི་དམར་ཕྱོགས་རྫོགས་པ་གསུམ་པའི་ཉིན་རྒྱབ་རི་དུང་དཀར་གཡས་འཁྱིལ་ལམ་བྲག་ཆེན་པདྨ་ཤེལ་རྫོང་གི་ས་འཛིན་ཆེན་པོའི་ལྷ་ཞོལ། གནས་མཆོག་སྔོན་མོ་གནམ་རྫོང་གི་གཡས་ངོགས། དར་ཀླུང་ཆུ་བོ་དལ་གྱིས་འབབ་པའི་ཉེ་འགྲམ་དབེན་གནས་དྲུང་དགོན་ཐུབ་བསྟན་གསང་སྔགས་སྨིན་གྲོལ་དར་རྒྱས་གླིང་གི་ཆོས་སྡིངས་ནས། ཁྲིམས་ལྡན་གྱི་ཤཱཀྱའི་དགེ་སྦྱོང་དུ་མ་ཞིག་དང་ལྷན་དུ་ཆོས་འཆད་ཉན་དང་ཆོ་ག་ཕྱག་ལེན་ཟུང་འབྲེལ་གྱིས་དབྱར་གནས་པའི་དུས་སུ། སྐབས་དེ་དང་བསྟུན་ནས་སྲིད་ཞིའི་ལམ་སྟོན་ཆེན་མོ་དཔལ་རྒྱལ་བུ་གཞོན་ནུ་དོན་ཀུན་གྲུབ་པ་མཆོག་ལ་དགའ་བ་དང་དད་མོས་ཀྱིས་ཀུན་སློང་བཟང་པོས་རྒྱུད་ཉེ་བར་བསྐུལ་ཏེ་ཕྲན་དྲུང་རམས་པ་བརྩོན་འགྲུས་རྒྱ་མཚོའམ་ཐུབ་བསྟན་ཤཱཀྱ་སེངྒེས་གུས་པ་ཆེན་པོས་ཕུལ་བའོ། །  དགེའོ། ། དགེའོ། ། དགེའོ། །
རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དཔལ་གྱིས་དུད་པའི་སྙན་ཚིག་སུམ་བརྒྱ་པ་ཐུབ་བསྟོད་མེ་ཏོག་ཕྲེང་མཛེས་ཞེས་བྱ་བ།

2020-12-31 སད་མ།(འཇོ་མདའ) ཀློག་གྲངས། མཆན ཡོད།
ཁག་དང་པོ།

༈མེ་ཏོག་དཔལ།
རྟག་ཏུ་བརྩེ་བའི་མེ་ཏོག་གིས། །
གདུལ་བྱའི་བུང་བ་ལེགས་སྐྱོང་སྟེ། །
རྟེན་འབྱུང་འདབ་མའི་དྲ་བ་ལས། །
ཆོས་ཀྱི་ངད་པ་ལྡང་དེར་འདུད། །

དབེན་པའི་སུལ་དུ་སྐྱིལ་མོ་ཀྲུང་། །
ཏིང་འཛིན་སྒོམ་ལ་གནས་པ་ཡི། །
ཞི་དུལ་ངང་གིས་འཁོར་བ་ལ། །
སྙིང་པོ་མེད་པར་གཟིགས་དེར་བཏུད། །

སྣ་ཚོགས་ཐབས་ཀྱི་ཆོ་འཕྲུལ་ལས། །
བདེ་སྟོང་ཉི་ཟླའི་གུར་ཁྱིམ་འཁྱིལ། །
གཉིས་མེད་འཇའ་ཡི་རྡུལ་དག་ལ། །
སྒྱུ་མར་གསུང་དེར་གུས་ཤིང་གུས། །

གདོད་ནས་དྲི་ཡིས་མ་གོས་པའི། །
ཆུ་ཤེལ་དྭངས་མས་བཀྲུས་པ་བཞིན། །
བདག་ཅག་ཐུབ་པའི་མེ་ལོང་གིས། །
ཀུན་ཀྱང་མཁྱེན་དེར་ཕྱག་བགྱིའོ། །

ནགས་ཀྱི་ཡོལ་བའི་གྲིབ་བསིལ་དུ། །
ཆོས་ཉིད་སྟོང་པའི་བདག་མེད་ལྟ། །
ལོངས་སུ་སྤྱོད་པའི་བསམ་གཏན་གྱི། །
ཉིང་ཁུ་བཏུང་པ་དེ་ལ་དད། །

དགེ་ལེགས་ཡོན་ཏན་བྱེ་བ་ཡིས། །
མཐོ་རིས་ཆ་ནི་རྫོགས་གྱུར་པའི། །
ཀ་དག་ཆོས་དབྱིངས་ཟབ་མོ་རུ། །
ངོ་བོ་གཉིས་མེད་དེ་ལ་འདུད། །

གང་གི་རྨད་བྱུང་བརྩོན་པའི་མཐུས། །
བསླུ་མེད་ཕན་བདེ་བསྩལ་བ་ན། །
ཤེས་རབ་ནོར་གྱི་འོད་ཕུང་གིས། །
བདག་བློའི་མུན་སྟུག་སེལ་དེར་བསྟོད། །

མི་རྟོག་མཁའ་འགྲོའི་བརྡ་གླུ་ལས། །
སྟོབས་བཅུའི་ང་རོ་གྱེར་བའི་དབྱངས། །
ཐོས་འཛིན་བུ་ཡི་རྣ་བ་རུ། །
བཀྲ་ཤིས་གསོས་སུ་སྨིན་དེར་བསྟོད། །

མཚན་དཔེ་བྱུ་རུའི་ཕྲ་ཚོམ་ནི། །
ངེས་པ་ལྔ་དང་ལྡན་པའི་སྐུར། །
ལེགས་པར་ཡོངས་སུ་བརྒྱན་པ་ཡི། །
བཅོམ་ལྡན་འདས་དེར་ཕྱག་འཚལ་ལོ། །
༡༠
ངེས་དོན་གསུང་གི་ཚད་མ་ཡིས། །
ཐར་བའི་ལམ་དུ་བསྒྱུར་བ་ན། །
དུས་ལ་བཏབ་པའི་རྩེ་དགས་ཀྱང་། །
རྣམ་གྲོལ་འབྲས་བུ་སྨིན་དེར་སྙིམ། །
༡༡
ཁྱོད་ཀྱི་བསྟན་པའི་སྐྱེད་མོས་ཚལ། །
ལེགས་པར་བཤད་པའི་མེ་ཏོག་ཕོན། །
དལ་གྱིས་སྤྱན་རས་གཡོ་བའི་ཚོགས། །
རིང་དུ་འཚོ་བར་བྱེད་དེར་བསྔགས། །
༡༢
ཤིན་ཏུ་ཕུལ་བྱུང་ཡིད་འཕྲོག་པའི། །
རྒྱལ་བས་ཅི་མཛད་ལེགས་པ་སྟེ། །
སྙིང་པོ་བྲལ་བའི་རང་སེམས་འདི། །
ཡོངས་སུ་འདུལ་བ་དེ་ལ་ཕྱོགས། །
༡༣
ལུང་རིགས་བ་དན་གསར་བའི་རྩེར། །
གཙུག་ལག་རྒྱལ་མཚན་སྒྲེང་བ་ཡི། །
རབ་འབྱམས་གསང་བ་འཁོར་ལོས་ཀྱང་། །
བདུད་བཞི་ཕམ་མཛད་དེ་ལ་འདུད། །
༡༤
བཤད་སྒྲུབ་འཕོས་པའི་ས་ཡི་རྩེར། །
ཐུབ་བསྟན་གངས་ཀྱི་ཐིག་ལེ་ཆགས། །
ཕན་བདེའི་དངོས་པོ་དཔག་མེད་པའི། །
བསླབ་གསུམ་མཆོག་དེར་བཏུད་ཅིང་མོས། །
༡༥
ཐབས་ཚུལ་ར་བ་བརྟན་པོས་ནི། །
ཁམས་དང་མོས་པའི་སེམས་ཉིད་སྲུང་། །
དུག་གསུམ་ཉོན་མོངས་རྟ་རྒོད་ཀྱི། །
ཁ་ལོ་བཏུལ་དེར་བདག་གིས་བསྙེན། །
༡༦
དྲང་སྲོང་ཨུཏྤལ་རྒྱས་པའི་ཚལ། །
ཁྱེད་ནི་ཨུ་དུམ་བཱ་ར་སྟེ། །
འབྱུང་བ་དཀོན་ལ་མཐུ་ལྡན་པ། །
ཞིང་གི་དམ་པ་ཉིད་ལ་མཆོད། །
༡༧
ཟབ་གཞི་སྤྲོས་བྲལ་ནམ་མཁའ་རུ། །
བདེ་ཆེན་ཉི་ཟླ་འཛུམ་པའི་དཔལ། །
ཡིད་བྱེད་དྲ་བའི་སྨག་རུམ་གྱི། །
རྩ་བ་འཕྲོག་དེར་སྐྱབས་སུ་མཆི། །
༡༨
འཁོར་བར་མཛེས་པའི་གདུ་བུ་ཅན། །
ཤིན་ཏུ་སྙིང་ལ་སྡུག་པ་རྣམས། །
སྐད་ཅིག་ཁྲོས་པའི་སྲིན་མོ་རུ། །
རྟག་ཏུ་འདོད་པ་གང་ལ་གཟེངས། །
༡༩
ཞི་ཞིང་ཞི་བའི་མཆོག་གྱུར་པའི། །
ཤཱཀྱའི་རིགས་ཀྱི་སྲས་པོ་མཆོག །
དུས་གསུམ་ཀུན་ཏུ་སྤྱི་བོ་རུ། །
མེ་ཏོག་ཚུལ་དུ་ལེན་དེར་རྒྱལ། །
༢༠
གསེར་གྱི་ཕུང་པོའི་རི་བོ་ལས། །
ཕུན་ཚོགས་འདོད་དགུ་དུ་མས་ཀྱང་། །
མཐའ་ཡས་སྐྱེ་བོའི་སེམས་ཀྱི་དབུལ། །
མེད་པར་མཛད་དེར་མགོས་ཕྱག་བགྱི། །
        གུས་འདུད་ཞུས་པའི་ལེའུ་སྟེ་དང་པོའོ། །
 
༈དད་པའི་དཔལ།

༢༡
ཐམས་ཅད་མཁྱེན་པར་ཕྱག་བྱས་ཏེ། །
འདས་དང་མ་འོངས་ད་ལྟ་དང་། །
སྐྱབས་སུ་བདག་ཉིད་ལ་ཞུགས་ནས། །
མགོན་པོ་གང་གི་ཉེ་དྲུང་དུ། །
༢༢
ད་ནས་བྱང་ཆུབ་སྙིང་པོའི་བར། །
མི་འབྲལ་དམ་བཅའ་བཀོད་པ་ན། །
མ་ལུས་བྱམས་པས་སྐྱོང་མཛད་པ། །
ཐུབ་པ་མཆོག་གིས་བདག་སྐྱོངས་ཤིག །
༢༣
དྲེགས་ལྡན་གཙུག་གི་མེ་ཏོག་གིས། །
ཡིད་ཀྱི་བརྟན་པ་འཕྲོག་གྱུར་པས། །
དེ་ཚེ་ཆོས་བརྒྱད་སྤྲིན་ཚོགས་ཀྱིས། །
འཛིངས་པ་མེད་པའི་རྗེས་སུ་ཞུཊ། །
༢༤
ཆོས་སྤྱོད་ནོར་བུའི་དོ་ཤལ་གྱི། །
འཛུམ་པའི་དཔལ་དུ་ལྷུང་བ་ནི། །
འཇིག་རྟེན་རྒུད་པ་སེལ་གྱུར་པའི། །
སྟོན་པ་ཞེས་གྲགས་སྐྱབས་སུ་འཇུག །
༢༥
འཇིག་རྟེན་ཚངས་དང་ཁྱབ་འཇུག་ནི། །
བདག་གི་སྟོན་པ་ཡོངས་དོར་ནས། །
ཤིན་ཏུ་དགེ་ལེགས་དང་ལྡན་པའི། །
ཡོན་ཏན་མངའ་ལ་སྐྱབས་སུ་བསྟེན། །
༢༦
ལོངས་སྤྱོད་སྟོབས་ཀྱང་མི་དད་པ། །
བདག་ནི་འགྱུར་བ་མ་ལགས་པས། །
གང་གི་སྐྱོན་བྲལ་མཁྱེན་པའི་ནོར། །
སྙིང་ནས་མོས་པའི་ཚུལ་གྱིས་ལེན། །
༢༧
རི་དང་ནགས་ཀླུང་གཞི་བདག་དང་། །
གཏན་གྱི་སྐྱབས་མཆོག་འདོད་མིན་པར། །
སྒོ་གསུམ་བག་མེད་ཇི་ལྟར་རུང་། །
སེམས་ཀྱིས་བདག་ཉིད་རྗེས་སུ་འབྲང་། །
༢༨
ཤེས་རབ་བྲན་པའི་ལྟ་བ་ཡིས། །
སྲིད་ཞིའི་གནས་ལུགས་བྲུས་པ་ན། །
ཟག་བཅས་ཟག་པ་མེད་པའི་ཆོས། །
གྲོལ་ཞིང་གྲོལ་བ་གང་དེ་བསྟེན། །
༢༩
རབ་འབྱམས་མཁའ་ཡི་དཀྱིལ་འཁོར་གྱི། །
ཡེ་ནས་གྲོལ་བའི་སྤྲིན་དཀར་པོས། །
བྱིན་རླབས་ཡོན་ཏན་ཆར་གྱི་བཅུད། །
འབབ་པར་མཛད་དེ་སྐྱབས་སུ་འབོད། །
༣༠
གནས་སྐབས་གྲོགས་སུ་གྱུར་པ་ཡིས། །
ཐར་བའི་ལམ་སྟོན་མ་ངེས་པས། །
སྲིད་པ་ལས་བརྒལ་བདེ་བར་གཤེགས། །
མི་འབྲལ་དད་པའི་མཐར་ཐུག་འདོད། །
༣༡
འཁོར་བའི་ཆོས་རྣམས་མཛེས་པ་རུ། །
ཅི་ཙམ་སྣང་ཡང་བསླུ་ཞིང་བྲིད། །
དེ་ཚེ་ཐུབ་པའི་དབང་པོ་ཡིས། །
སྨྲ་བ་ཚད་མར་ཉེར་བར་ཕྱོགས། །
༣༢
ཞི་བའི་མེ་ཏོག་གསར་བའི་དྲིས། །
གདུལ་བྱའི་བུང་བ་ངང་གིས་སྐྱོང་། །
ཐབས་ཤེས་གེ་སར་རྡུལ་མང་ལ། །
དལ་བུར་འཁོར་རྣམས་འཚོ་བར་བྱེད། །
༣༣
ལོག་རྟོག་སྟུག་ལྡན་ནགས་ཀྱི་ཀླུང་། །
ཡེ་ཤེས་མེ་ཡིས་བསྲེགས་གྱུར་པའི། །
ཐར་བའི་ལམ་གྱི་འཇུག་ངོགས་ནི། །
ཡངས་ཤིང་ཁོད་པ་བྱེད་ལ་འཇུག །
༣༤
སྟོང་ཉིད་སྤྲོས་བྲལ་ཕར་མཐའ་རུ། །
སྙིང་རྗེའི་ཆུ་ཁུར་འཁྲིགས་པ་ན། །
ཉོན་མོངས་ཚ་བའི་གདུང་བ་ལ། །
བསིལ་བའི་གཉེན་པོ་སྦྱིན་དེ་གང་། །
༣༥
མུ་མེད་འཁོར་འདས་ལྕགས་རི་ཡི། །
ར་བ་ལས་ལས་བརྒལ་གྱུར་ཚེ། །
ཞབས་ཀྱི་ཆུ་སྐྱེས་ལ་ཆགས་པའི། །
སྟོན་པ་ཉག་གཅིག་སྐྱབས་སུ་བསྙེན། །
༣༦
སྣ་ཚོགས་ཆོ་འཕྲུལ་འདུས་པ་ལས། །
ཐབས་ཀྱིས་འགྲོ་མང་འདུལ་བ་ན། །
ཕན་བདེའི་ངག་གི་རོལ་མཚོ་ལས། །
ས་ལམ་ཡངས་བ་དེས་ཟུངས་ཤིག །
༣༧
འགྲོ་བའི་སྡུག་བསྔལ་སེལ་གྱུར་པའི། །
ཞིང་གི་དམ་པའི་ལེགས་པར་བཤད། །
ཇི་བཞིན་ཐོས་པའི་སྐལ་བཟང་བུར། །
ད་ནས་བྱང་ཆུབ་སེམས་པར་འདོད། །
༣༨
སྒྲིབ་པ་ཆུང་ངུ་ལྡན་གྱུར་ཀྱང་། །
དེ་ཚེ་མ་རིག་ཞུགས་པ་ཡིན། །
སྐྱོན་ནི་ཏིལ་ཙམ་མི་མངའ་བའི། །
དཀོན་ཅོག་དེ་ནི་སྤྱི་བོས་བཏེགས། །
༣༩
ཡིད་འོང་དམར་སེར་སྐུ་ཡི་མདངས། །
མཐོང་བས་ཡིད་རབ་དགའ་འདི་ཡང་། །
ཕུན་ཚོགས་དཔལ་གྱི་ཡོན་ཏན་གྱིས། །
ཐུགས་རྗེ་ཕྱུག་པ་ནམ་ཡང་གུས། །
༤༠
ཞབས་བསིལ་མེ་ཏོག་པདྨའི་རྩི། །
འགྲོ་བློ་ཚིམས་ལ་ནགས་སུ་གཤེགས། །
དེ་ཚེ་འཁོར་རྣམས་དོར་བྱས་ནས། །
མི་གཡོ་གཡུང་དྲུང་བརྟེན་དེར་བསྟེན། །
      སྐྱབས་སུ་ཞུགས་པའི་ལེའུ་སྟེ་གཉིས་པའོ། །
 
༈སེམས་ཀྱི་དཔལ།
༤༡
སྤངས་རྟོགས་བུམ་པའི་བདུད་རྩི་ལ། །
འཆེལ་ཡང་བྱེ་ཐང་ལས་ཅན་ནི། །
ཟིན་པའི་ཐབས་དང་བྲལ་གྱུར་པས། །
ཐུབ་པ་ཁྱེད་ནི་དེ་ལྟར་མིན། །
༤༢
ཨེ་མ་དྲུག་ཅུ་དབྱངས་ཀྱིས་ནི། །
གླུ་ལ་ཆགས་པའི་རི་དྭགས་བཞིན། །
སྲིད་དང་ཞི་བའི་སྐྱེ་བོ་ཀུན། །
སྨྲ་རྣམས་སྙན་འཇེབས་ལམ་དུ་དྲངས། །
༤༣
ལི་ཁྲིའི་མདངས་ལྡན་ཆོས་གོས་གསུམ། །
སྐུ་ལ་གསོལ་ཞིང་གཟི་བྱིན་གྱིས། །
ཡེ་ཤེས་རོ་མཉམ་གཅིག་བསྡུས་པའི། །
བྲེད་འཐོམས་དང་བྲལ་སྐྱོན་མ་མཆིས། །
༤༤
རྟེན་གྱི་ཡོན་ཏན་མ་ལུས་པ། །
བྱེད་པོས་ལྷན་དུ་བསྡུས་མིན་ཡང་། །
ཁྱོད་ཀྱི་མཁྱེན་པའི་མཐར་ཐུག་གིས། །
སྐད་ཅིག་ཉིད་ལ་འཕྲོག་ཅེས་གདའ། །
༤༥
རྣམ་པར་དག་པའི་ཁྱོད་ཀྱི་ཆོས། །
ལེགས་པར་བརྟགས་ནས་ཆུད་བྱས་ཏེ། །
ཁམས་དང་མོས་པའི་དབང་གིས་ནི། །
ཚུལ་བཞིན་མཐུན་པར་ཉིད་དུ་བསྟན། །
༤༦
ཚངས་དང་ཁྱབ་འཇུག་དབང་ཕྱུག་དང་། །
རྟག་ཞི་སོགས་ཀྱི་ཐར་བ་ལ། །
གཏན་གྱི་མཐར་ཐུག་མེད་ཕྱིར་ན། །
མཆོག་གི་དམ་པ་ཁྱེད་ལ་མིན། །
༤༧
རང་བྱུང་དྲི་ཡིས་མ་གོས་པའི། །
སྐྱོན་བྲལ་མཚན་དཔེ་བཞད་ལྡན་པ། །
ཐེག་གསུམ་ལྷོ་ཕྱོགས་མ་ལ་ཡས། །
ཆོས་ཀྱི་ངད་ལྡང་ཨེ་མ་ཧོ། །
༤༨
ངོ་བོ་ཀ་ནས་དག་པའི་སར། །
ཕྲིན་ལས་ལྷུན་གྱིས་མདངས་ཤར་བ། །
དོན་གཉིས་བཀྲ་ཤིས་རེ་ཁ་ཡི། །
ཁ་དོག་གསར་པ་ལེགས་འདི་ཅི། །
༤༩
དགྲ་བོ་ཕམ་པར་མི་བྱེད་ཅིང་། །
གཉེན་ཡང་ཁེ་རུ་མི་ཕྱོགས་པའི། །
འགྲོ་རྣམས་ཕན་བདེའི་ཉི་མ་ཡིས། །
རྟག་ཏུ་སྐྱོང་བ་གཞན་ཡོད་མིན། །
༥༠
གང་ལ་བྱམས་དང་བརྩེ་བ་ཡིས། །
ཕྱུག་ཅིང་སྐྱོན་མི་མངའ་གྱུར་ན། །
དེ་ཚེ་བདག་ཅག་གུས་བྱས་ནས། །
གཙུག་ཏུ་སྙིམ་ཏེ་སྟོན་པར་འཛིན། །
༥༡
ཐལ་བྱུང་ཨེ་ཡིག་བརྡ་ཐབས་ལས། །
གང་ཞིག་རྟེན་ཅིང་འབྲེལ་འབྱུང་གི །
སྒྱུ་མ་འཇའ་ཚོན་སྤྲུལ་པའི་གཟུགས། །
བས་མཐའི་ནགས་ནས་སླར་ཡང་གསུངས། །
༥༢
མཐའ་བྲལ་མོས་པའི་ཡིད་མཁའ་རུ། །
བྱིན་རླབས་ཉེ་རིང་མི་མངའ་བ། །
ལུང་རྟོགས་བཤད་སྒྲུབ་རྒྱ་མཚོའི་ནོར། །
བདེ་བའི་ལོངས་སྤྱོད་ཅི་ཡང་འབབ། །
༥༣
བདེན་བཞིའི་དཔྱིད་ཀྱི་ཞིང་ས་རུ། །
ས་ལམ་སྙེ་མ་འབུམ་གྱིས་ཀྱང་། །
འགྲོ་དྲུག་ཕངས་པ་བསྐྱབ་པའི་ཕྱིར། །
འཚོ་བ་བཏང་ནས་གཞན་ཕན་བརྩོན། །
༥༤
ཚོགས་གཉིས་ཆུ་གཏེར་ཚོམ་བུ་ཀློང་། །
རང་རིག་ཤེལ་དཀར་ཆར་འབྲུ་ཅན། །
གསུང་གི་དབྱར་རྔ་བརྡུངས་པ་ལ། །
མོས་བློའི་མདོངས་མཐའ་རྩེ་དགར་རྒྱུ། །
༥༥
གསང་གསུམ་རྩལ་ཆེན་རྫོགས་པའི་ཤུལ། །
དབེན་པའི་གནས་སུ་རི་དྭགས་བཞིན། །
ཏིང་འཛིན་སྒོམ་པའི་རྩྭ་ཆུ་ཡིས། །
བསམ་གཏན་ཟས་ཅན་ངང་གིས་རོལ། །
༥༦
ཕ་རོལ་ཕྱིན་བཅུའི་མེ་ལོང་གི །
ཉམས་ཀྱི་བྱད་གཟུགས་དྭངས་པའི་འོག །
ཀུན་ཀྱང་མགུ་བའི་སྤྱན་རས་ཀྱི། །
ཆོས་ཀྱི་ཟློས་གར་བག་ཏུ་ཕེབས། །
༥༧
རིན་ཅེན་དཀར་མེའི་མཛེས་པ་ཅན། །
འཁོར་བ་གསལ་བྱེད་ཐུབ་པ་དེ། །
དང་བའི་ཐིག་ལེ་འཛུམ་པ་ཡིས། །
སླར་ཡང་རབ་ཏུ་བྱུང་དེ་དྲན། །
༥༨
ཐུབ་པའི་བརྩེ་ཆེན་གངས་རིའི་ཞོལ། །
སྙིང་རྗེའི་དལ་འབབ་གཙང་བོ་ཆུ། །
བརྟེན་ཞེས་བསླབ་པ་མི་དགོས་པར། །
ཀུན་ཀྱང་ངང་གིས་འདུ་ལ་ལྟོས། །
༥༩
སྲིད་པའི་རྒྱ་མཚོ་ཟབ་མོ་ལས། །
མྱུར་བར་བརྒལ་ལ་མཐུ་ལྡན་པ། །
རྐང་གཉིས་གཙོ་བོའི་ཕྲིན་ལས་འདི། །
སུ་ཡི་དྲན་པར་ཤོང་ངམ་ཅི། །
༦༠
འདུས་བྱས་ཆོས་རྣམས་མི་རྟག་དང་། །
ཟག་པ་དང་བཅས་སྡུག་བསྔལ་བ། །
ཆོས་རྣམས་སྟོང་ཞིང་བདག་མེད་པ། །
མྱ་ངན་འདས་པ་གསུངས་དེ་འཛིན། །
 
ཁྱད་པར་བསྟོད་པའི་ལེའུ་སྟེ་གསུམ་པའོ། །
 
༈རིག་པའི་དཔལ།
༦༡
འཚེ་བ་མེད་དང་གནོད་མེད་པ། །
ལུང་རྟོགས་བསྟན་པ་རབ་བསྟན་ཏེ། །
བསོད་ནམས་ཡེ་ཤེས་ཚོགས་གཉིས་ཀྱིས། །
ཚུལ་ཁྲིམས་མཐའ་རུ་ཕྱིན་ཁྱེད་རྒྱལ། །
༦༢
ཡིད་བྱེད་འཕྲུལ་གྱི་བདུད་བཞི་དང་། །
སྲིད་པའི་ཉོན་མོངས་རྡེག་འཆའ་བ། །
གང་གི་བློ་གྲོས་མཁྱེན་པའི་གཏེར། །
ཞི་བའི་གནས་ལ་སྦྱོར་བཞིན་བྲེལ། །
༦༣
གཏི་མུག་དབྱར་གྱི་ལོ་མ་ཡི། །
ལང་ཚོ་སྣང་བ་ཙམ་བཞིན་དུ། །
དེ་བཞིན་ཀུན་རྫོབ་ཆོས་རྣམས་ཀྱང་། །
བདེན་པ་མེད་ལ་ཅི་ཡང་གསུངས། །
༦༤
ལྷིང་འཇགས་བས་མཐའི་ནགས་ཚལ་དུ། །
འཁོར་རྣམས་ཡོངས་སུ་བཏང་བ་ལ། །
ཞི་བའི་ཏིང་འཛིན་རབ་ཞུགས་ནས། །
བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར། །
༦༥
མཚན་གྱི་བ་དན་གཡོ་བའི་རྩེར། །
ཕྲིན་ལས་རྒྱལ་མཚན་རྡེག་བཞིན་དུ། །
བརྩེ་བའི་དྲི་བཞོན་འཇམ་པོ་ཡིས། །
ཕྱོགས་ཀྱི་གླིང་ཕྲན་དུ་མར་དགེ །
༦༦
ཟང་ཟིང་རྣམ་རྟོག་རླུང་བུ་ཡིས། །
སྤུར་བའི་སྲིད་འདིའི་སྐྱེ་བོའི་སེམས། །
ཡོངས་སུ་འདུལ་བའི་ཁ་ལོ་པ། །
ཐུབ་པ་མཆོག་འདི་རྗེ་བོར་བཀུར། །
༦༧
འདི་སྣང་ཕུན་ཚོགས་རབ་རིབ་ཀྱིས། །
བསླུ་བ་ལས་གཞན་མ་མཆིས་པར། །
ཡེ་ཤེས་ཟབ་མོས་གཟིགས་པ་ཡིས། །
བག་ཡོད་གནས་པ་ཉེར་བར་བཀུར། །
༦༨
ལེགས་གསུང་ཞལ་གྱི་ཞིང་ས་རུ། །
ལེགས་པར་རྣམ་དཀར་ས་བོན་བཏབ། །
ལེགས་བཤད་སྙེ་མའི་ཕོན་པོ་ནི། །
ལེགས་པའི་བུ་ཡིས་མྱོང་བར་བྱས། །
༦༩
ངུར་སྨྲིག་བླ་གོས་གསར་པའི་འོག །
དྲན་དབང་ཟླ་བ་གཞོན་ནུ་ནི། །
ལུགས་གཉིས་རྒྱ་མཚོའི་འཇུག་ངོགས་སུ། །
མཉན་པའི་གྲུ་སྐྱ་རབ་ཏུ་འཛིན། །
༧༠
ཞབས་སྐྱེས་གེ་སར་མཛེས་པའི་དབུས། །
དཀྱིལ་འཁོར་རེ་ཁ་དུད་དེ་མངོན། །
མི་ཟད་བཅུད་ཀྱི་ཉིང་ཁུ་ནི། །
སྐལ་ལྡན་དར་དིར་ཅན་གྱིས་གཞིབ། །
༧༡
བརྩོན་པ་དབེན་དང་སྒོམ་མེད་པར། །
མངོན་པར་རྫོགས་པར་མི་འགྱུར་བའི། །
ཀུན་སྦྱོར་འཆིང་བ་བཅད་གྱུར་པའི། །
ཡང་དག་བརྩེ་བས་སྐྱོང་ཞིང་སངས། །
༧༢
གཟུར་གནས་དཔྱོད་ལ་རབ་ཞུགས་ཏེ། །
དགེ་ལེགས་བྱེ་བའི་མ་ལ་ཡའི། །
ངད་ཀྱིས་གོས་པའི་རྡུལ་དག་ལ། །
རྨོངས་པའི་སྙིགས་མའི་ཐིག་ལེ་བྲལ། །
༧༣
ཁམས་གསུམ་དུག་གི་མཚོ་མོ་རུ། །
ཉོན་མོངས་གྲུ་ཡིས་རྐྱལ་གྱུར་པའི། །
མ་རིག་འདུ་བྱེད་ལས་དག་ལས། །
གྲོལ་ཞིང་གྲོལ་བའི་ཐབས་ལ་མཁས། །
༧༤
དོན་དམ་ཆོས་དབྱིངས་ནོར་འཛིན་མའི། །
འགྲམ་པར་གཉུག་སེམས་ཨུཏྤལ་མཛེས། །
སྐྱེ་བོ་སུ་ཡིས་མཐོང་བ་ན། །
མགུ་བའི་ཡིད་རྣམས་རང་དབང་ཅི། །
༧༥
རྟེན་འབྲེལ་ཆོས་ཀྱི་འཆར་ཀ་ཡི། །
ལི་ཁྲིའི་མདངས་ཀྱིས་བཟི་བའི་གོས། །
ལྷན་སྐྱེས་དྲང་སྲོང་དགྱེས་པའི་གཏམ། །
གདོད་ནས་སྙིང་ལ་དལ་གྱིས་ཕབ། །
༧༦
རྣམ་རྟོག་བདུད་ཀྱི་སྤྲུལ་པ་ཡིས། །
ཕལ་ཆེར་ལོག་པའི་གནས་སུ་བཏང་། །
ཐུབ་པ་ཁྱེད་ནི་དེ་དག་ལ། །
གཞན་དུ་སྒྱུར་བའི་ནུས་པ་ལྡན། །
༧༧
ཤེས་རབ་ཁྲབ་ཀྱི་གོ་ཆ་ཡིས། །
མདའ་ལྔ་པ་དག་འགོག་པར་བྱས། །
མུ་སྟེགས་སྡེ་ཡི་སྟོན་པ་རྣམས། །
དགྲ་བོར་འཛིན་པ་ནམ་ཡང་མིན། །
༧༨
གཉེན་དང་དགྲ་ཡི་ཕྱོགས་ཀྱི་དྲུང་། །
རྟག་ཏུ་ལྷུང་བ་མ་ཡིན་པའི། །
དེ་བཞིན་ཐབས་ལ་མཁས་གྱུར་ནས། །
སྲིད་ཞིའི་གདུང་བ་ནོར་གྱིས་ཕུལ། །
༧༩
ཡིད་འོང་མཚན་དཔེའི་ཆུ་འཛིན་ནི། །
གཟི་བྱིན་བསིལ་བའི་ཡོལ་བ་ཅན། །
ཕན་བདེས་འགྲོ་བའི་པད་མའི་ཚལ། །
སྐྱོང་བའི་དམ་པ་ཁྱེད་མིན་སུ། །
༨༠
ཐེག་གསུམ་ངག་གི་རོལ་རྩེད་ལས། །
ཟབ་རྒྱས་ཆོས་ཀྱི་གདངས་ཤར་བ། །
མཉམ་མེད་ཏིང་ངེ་འཛིན་པ་ཡིས། །
གྲོལ་བའི་གཡུང་དྲུང་རི་མོ་འཁྱིལ། །
      འཕྲིན་ལས་བསྟན་པའི་ལེའུ་སྟེ་བཞི་པའོ། །
 
༈ཞི་བའི་དཔལ།

༨༡
བསམ་གཏན་ཟས་ལ་སྤྱོད་བཞིན་དུ། །
བརྟུན་བསྐྱེད་གོམས་པའི་ལམ་ཡངས་པོར། །
ལྷག་པའི་རྔ་ཡབ་དཀར་པོ་ཡི། །
བསིལ་བར་བརྟེན་པ་ཡོད་རེ་སྐན། །
༨༢
ཨེ་མ་དངུལ་དཀར་དྲིལ་ཆུང་གི །
ཉེར་བར་འགྲོགས་པའི་སྐད་ལྡན་པ། །
བྱམས་བརྩེ་དྲ་བའི་འཇོ་སྒེག་ལས། །
འཕྱང་བའི་འདོམས་པ་སྙན་འདི་ཨང་། །
༨༣
ཆེས་ཆེར་མནར་བའི་དུཿཁ་རུ། །
ལྷུང་ནས་ཕམ་པའི་སྐྱེ་བོ་ཀུན། །
ཀྱེ་ཧུད་མེ་ཏོག་དཔལ་གྱིས་ནི། །
ཞི་ཞིང་དུལ་བའི་ལམ་ལ་ཁྲིད། །
༨༤
སྙིང་སྟོབས་མཁའ་ཡི་མཐོངས་བ་ལས། །
ལུང་རིགས་གློག་གི་འགྱུ་བའི་གསེང་། །
བདེན་པའི་ཐོག་གི་མདའ་མོ་ཡིས། །
ཕས་ཀྱི་བྲག་དཀར་ཅི་ཡང་བསྙིལ། །
༨༥
ས་གསུམ་ལྗོན་པའི་ཡལ་ག་ཀུན། །
སྤྲིན་གྱི་ཚོམ་བུས་སྐྱོང་བ་བཞིན། །
དེ་བཞིན་ཐུབ་པའི་ཞི་བའི་བློས། །
འགྲོ་བའི་ཡིད་དག་རབ་ཏུ་གསོལ། །
༨༦
མང་ཐོས་གངྒཱ་འབབ་པའི་རྒྱུན། །
སེམས་ཀྱི་ནོར་འཛིན་བུ་མོའི་ལྟོར། །
སྐད་ཅིག་འཁྱིལ་བའི་རྣམ་དཀར་གྱི། །
འཆི་མེད་བདུད་རྩི་སླར་ཡང་བཞུར། །
༨༧
དུག་ལྔའི་ལས་ཀྱིས་ཕལ་མོ་ཆེར། །
གླང་ཆེན་འདམ་ལ་རྒྱུ་བ་བཞིན། །
འདོད་པའི་རོ་ཡིས་མི་ཚིམ་པའི། །
བདེ་བ་ཆུང་ལ་ཐམས་ཅད་ཐིམ། །
༨༨
རྣ་བའི་ཆོས་ཀྱི་ཁང་བཟང་ནང་།།
འཇུག་པའི་མཉམ་ཟླ་མེད་པའི་དཔྱོད། །
ཀུན་ཉོན་ཁྲི་ལས་ཕབ་པའི་ཤུལ། །
མི་རྟོག་ཏིང་འཛིན་རྒྱལ་ཐབས་བླངས། །
༨༩
རབ་ཏུ་རྒོད་པའི་འདུ་འཛིན་གྱི། །
རྟ་ཕོའི་ཁ་ལོ་ཐུབ་མིན་ལགས། །
འཁོར་བའི་འདམ་ལ་མ་བྱིང་བའི། །
གཞོན་ནུ་དོན་ཀུན་འགྲུབ་པས་བཏུལ། །
༩༠
ཤེས་བྱའི་རྒྱ་མཚོའི་རླབས་ཕྲེང་གི །
བར་ན་ཅི་དགར་རོལ་གྱུར་པའི། །
བདག་ཅག་ཤྰཀྱའི་ངང་བ་སེར། །
མགྲིན་པའི་གསུང་ཡང་སྙན་པ་ལ། །
༩༡
དབེན་གནས་ཉམས་དགའི་ནགས་དྲུང་དུ། །
ཆུ་ཀླུང་དྭངས་མོས་སྙན་པ་སྒྲོག །
བྱ་ཚོགས་དབྱངས་ལ་གློད་པའི་སར། །
ངེས་འབྱུང་ཀུ་ཤུའི་བདུད་རྩི་སྒྲུབས། །
༩༢
ཅི་མཛད་ལེགས་པའི་ཤང་དྲིལ་གྱི། །
ངད་ལ་བག་མེད་ཁྱུ་ཚོགས་ཀྱང་། །
མཐོང་བ་དོན་ལྡན་ཉི་མའི་གཉེན། །
ཐིམ་པའི་ཚུལ་གྱིས་གྲལ་ལ་ཞུགས། །
༩༣
ཉམས་རྟོགས་ཆུ་ཡི་རྫིང་བུ་རུ། །
ཁྲུས་ལ་རོལ་བའི་ཐུན་མཚམས་གསར། །
ལྷུང་ན་འཛུམ་པའི་འོད་ཟེར་གྱིས། །
རིང་ནས་གྲགས་དཀར་མུ་ཁྱུད་མཛེས། །
༩༤
རྨ་བྱའི་རི་མོའི་བཀྲག་མདངས་ལ། །
རེས་འགའ་ཟོལ་གྱིས་བརྫུས་པའི་འོག །
ལོངས་སྤྱོད་ལྕགས་ནི་ཁབ་ལེན་མིག །
འཕྲད་པའི་ཚེ་ན་བསླུ་བར་བྱེད། །
༩༥
བྱམས་དང་བརྩེ་བའི་རི་མོ་ཙམ། །
མཐོང་ན་དགའ་བ་འཕེལ་གྱུར་ན། །
དེ་ལྟར་དངོས་སུ་བདོག་པ་ཡི། །
ཐུབ་པ་ལ་ནི་སུ་མི་མགུ། །
༩༦
བདག་མེད་ལྟ་བའི་གངས་ཀྱི་སྤོར། །
འགྱིང་བའི་སེངྒེ་སྟོབས་བཅུ་པ། །
སྡེར་ཆགས་ཀུན་དང་མ་འཕྲད་ཀྱང་། །
རང་བཞིན་ཟིལ་གྱིས་གནོན་པར་གྱུར། །
༩༧
ངེས་པ་ལྔ་ཡི་ཕུན་ཚོགས་ཀྱིས། །
སྐྱེ་རྒུའི་སྣང་བ་འདྲེན་ལགས་ན། །
ཡོན་ཏན་རྡུལ་གྱི་ཟེགས་མ་ཙམ། །
མ་ལུས་བཅས་པ་ཁྱེད་ནི་རྒྱལ། །
༩༨
ནོར་བུ་བྱེ་བ་ལས་འགོངས་པའི། །
ཁྱོད་ཀྱི་བསྟན་པའི་ལུགས་གཉིས་ནི། །
རིན་ཅེན་ཤིང་རྟ་སྟོང་ཕྲག་གིས། །
དྲངས་ཀྱང་བསྒྲུན་པ་མི་མངའ་འོ། །
༩༩
བྱང་ཆུབ་ཤིང་གི་ཉེ་དྲུང་དུ། །
སྲིད་པའི་ཕུན་ཚོགས་བཏང་བྱས་ཏེ། །
སངས་རྒྱས་ས་རུ་བདག་མེད་ཀྱི། །
ལྟ་བས་ཡོངས་སུ་འཕགས་པར་གྱུར། །
༡༠༠
རང་གཞན་བདེ་ལ་གནས་པའི་སླད། །
གནོད་མི་བྱ་ལ་ཕན་པར་སྒྲུབ། །
དེ་བཞིན་ཐུབ་པ་འཇིག་རྟེན་འདིར། །
བརྩེ་བའི་བདག་པོའི་ཚུལ་དུ་བྱོན། །
     མཐུ་སྟོབས་བརྗོད་པའི་ལེའུ་སྟེ་ལྔ་པའོ། །
 
༈ཐར་བའི་དཔལ།

༡༠༡
སྒྲིབ་པའི་མུན་སྟུག་ཡོ་ལང་གིས། །
བདེ་བཤེགས་སྙིང་པོ་མི་མཐོང་ཡང་། །
བདག་གི་སྟོན་པ་ཉི་མའི་གཉེན། །
གསལ་ཞིང་གསལ་བར་ཅི་ཡང་མཁས། །
༡༠༢
རྒྱུ་སྐར་མཐའ་དག་མཛེས་མིན་ལ། །
ཁྱེད་ནི་ཆུ་སྟོད་ཟླ་དཀར་ཏེ། །
སྙིང་པོས་སྟོང་བའི་ཀུ་ད་ལ། །
འཛུམ་པའི་རྣམ་པ་གྲོལ་བ་སྦྱིན། །
༡༠༣
ཚོགས་གཉིས་གངས་ཀྱི་ཞུན་མ་ལས། །
བདེན་གཉིས་ཤེལ་གྱི་མུ་ཏིག་ཆུ། །
དོན་གཉིས་ངང་ནས་བཞུར་བའི་འགྲོས། །
བསྟན་གཉིས་མཚོ་རུ་ལེགས་པར་འཁྱིལ། །
༡༠༤
ཐར་འདོད་སྙིང་གི་པདྨོའི་ལྟོར། །
ཆོས་ཀྱི་གེ་སར་རྡུལ་མང་བྱིན། །
བློ་ལྡན་སྦྲང་རྩི་ཟས་ཅན་ནི། །
འཚོ་བྱེད་གཞིས་ཀྱི་རྟེན་པ་བསྐྲུན། །
༡༠༥
རིག་འཛིན་མཐོ་རིས་ཡངས་པ་ན། །
ངེས་གསང་གླུ་དབྱངས་ལེན་པའི་ཞོར། །
ཞབས་པད་བཀོད་པའི་ཁང་བཟང་དབུས། །
ཐུན་མཚམས་དུམ་བུར་ལྷུང་བ་བཞིན། །
༡༠༦
སྲོག་ལ་གཟན་པའི་དམུ་རྒོད་ཀྱི། །
ཤ་ཁྲག་རྔུབ་པའི་སྲིན་པོ་ཚོགས། །
གདུག་ཅན་འཁོར་ལས་འདས་གྱུར་ཏེ། །
སྙིང་བརྩེའི་ལུགས་ལ་གུས་པ་བྱས། །
༡༠༧
ཆོས་དབྱིངས་ཨེ་ཡིག་སྟོང་པའི་བརྡས། །
ཐེ་ཚོམ་དྲྭ་ཕྱེད་དལ་གྱིས་བཅད། །
ཚུལ་མིན་སྤྱོད་པའི་རིགས་རྣམས་ཀྱི། །
ས་བོན་དག་ཀྱང་སྤངས་ཤིང་གནས། །
༡༠༨
ཟབ་གཏེར་མན་ངག་རྒྱལ་རྔའི་སྒྲས། །
རྨོངས་ཆེན་གཉིད་ལས་བསླངས་བ་ལ། །
བློ་ཡི་རིམ་པའི་ཚངས་ཐིག་བསངས། །
རྟེན་ཅིང་འབྲེལ་བའི་བརྡ་ལས་རྩལ། །
༡༠༩
ནམ་ཡང་བདག་ཉིད་བདག་གི་མགོན། །
གྱུར་ནས་དེའི་ཚེ་སྟོན་པ་ཉིད། །
རང་གིས་རང་ཉིད་བསླུ་བ་ལ། །
སྟོན་པ་ཞེས་ཀྱང་ག་ལ་གྲགས། །
༡༡༠
རང་ངོས་ཟིན་པ་མ་ལགས་ན། །
ཐར་བ་སྟོན་པ་མི་འགྱུར་མོད། །
དེ་ཚེ་ཐུབ་པ་བདག་གིས་ཀྱང་། །
ཡེ་ཤེས་མངོན་དུ་གྱུར་ལ་བརྩོན། །
༡༡༡
འགྲོ་མང་འདུལ་བའི་ཁ་ལོ་ལ། །
གང་གི་དབུ་མའི་གནས་ལུགས་ཀྱི། །
ཚུལ་ལ་དཔྱོད་པའི་ཤེས་རབ་ཀྱིས། །
རྫོགས་སངས་རྒྱས་པ་ཨེ་མ་ཧོ། །
༡༡༢
ཁྲོས་དང་ཆགས་དང་སྡང་བ་ཡིས། །
སྐད་ཅིག་ཉིད་དུ་བདེ་བ་རྣམས། །
ཞོགས་པའི་རྩྭ་ཟིལ་ཆུ་ཐིགས་ནི། །
ཉི་མའི་ཟེར་གྱིས་འཕྲོག་ལ་སྦྱར། །
༡༡༣
འདི་སྣང་སྒྱུ་མ་རྨི་ལམ་དུ། །
དཔེ་རུ་སྦྱར་ནས་གསུངས་གྱུར་ནས། །
བློ་གྲོས་ལྡན་པ་རྣམས་ཀྱིས་ནི། །
སྐྱོན་ཉིད་མཐོང་བ་ག་ལ་འགྱུར། །
༡༡༤
སྦྱིན་སོགས་ཡོན་ཏན་ནོར་བུ་ཡིས། །
འདོད་དགུ་སྩོལ་ལ་མི་ངལ་བ། །
བསོད་ནམས་ཞུགས་པའི་མི་དག་ལ། །
བྱང་ཆུབ་བགྲོད་པའི་བསྐལ་བ་བསྟན། །
༡༡༥
སྟོབས་བཅུ་རྫོགས་ཤིང་གཟུགས་དག་གིས། །
ཚུལ་བཞིན་གོས་པ་མ་ཡིན་ཞིང་། །
མི་ཟད་སྙན་པའི་གསུང་རབ་ཀྱིས། །
ལེགས་པར་འདོམས་ལ་ཇི་ལྟར་ལྟ། །
༡༡༦
སྲིད་པའི་རྒྱ་མཚོ་ལས་བརྒལ་བའི། །
ཐར་བ་འདོད་རྣམས་མགོན་དུ་བཀུར། །
མུ་མེད་སེམས་ཅན་འདུས་པ་ལས། །
ཁྱེད་ནི་མཆོག་དང་དཀོན་པར་གྱུར། །
༡༡༧
གཙོ་བོར་མཛད་པ་བཅུ་གཉིས་ཀྱིས། །
ཐབས་མཁས་སྤྱོད་པ་དཔག་མེད་སྒྲུབ། །
ཉེ་རིང་མེད་པའི་ཐུགས་རྗེ་ཡིས། །
གདུལ་བྱའི་འཛིན་པ་འབྱིད་ལ་གཟིགས། །
༡༡༨
སྲོག་ལ་བྱམས་ཤིང་གཅེས་པ་རུ། །
འཛིན་པའི་གནས་ལུགས་བསྟན་པ་ནི། །
འདི་ཕྱི་བདེ་བའི་མཐར་ཐུག་གི །
འབྲས་བུ་འབྱུང་ལ་ཡང་ཡང་སྨྲས། །
༡༡༩
ཡིད་འོང་གང་གི་མཚན་ཙམ་ནི། །
ཐོས་པས་དད་པའི་སྤུ་ལོང་རྒྱས། །
དོན་གཉིས་ཉི་ཟླའི་སྐ་རགས་ཀྱིས། །
སེམས་འདི་བཅིང་ཚེ་ཐར་བར་རེ། །
༡༢༠
དོན་མེད་ཚིག་ཙམ་མི་སྨྲ་བའི། །
བརྟུལ་ཞུགས་བླངས་ལ་ཞུགས་གྱུར་ཏེ། །
རྣམ་གྲོལ་དཔལ་གྱི་ཞིང་ས་རུ། །
བདེ་བར་གཤེགས་པ་རྟག་ཏུ་བསྙེན། །
      ཆེ་བ་བརྗོད་པའི་ལེའུ་སྟེ་དྲུག་པའོ། །
 
སླར་སྨྲས་པ།

༡༢༡
འདི་ལྟར་སྙན་ཚིག་གསར་བ་ཡིས། །
དམ་པའི་ཡོན་ཏན་བརྗོད་པ་ལ། །
དགེ་བའི་ཡོན་ཏན་མ་ལུས་པ། །
ཤིན་ཏུ་ཡིད་འོང་གནས་སུ་སྨོན། །
༡༢༢
ཨེ་མ་ངག་གི་དབྱངས་ཅན་མའི། །
བྱིན་རླབས་ཕྲ་མོ་ཞུགས་འདིས་ཀྱང་། །
འཇིག་རྟེན་བརྩེ་བས་སྐྱོང་བྱེད་པའི། །
ཟས་གཙང་སྲས་དེ་དྲན་པར་བྱས། །
༡༢༣
ངོ་མཚར་ཚིག་གི་དོ་ཤལ་གྱིས། །
སྡེབ་ལེགས་དབྱངས་སུ་སྤྲས་པ་ན། །
ཚིག་རྒྱན་མེ་ཏོག་སོ་མ་ཡང་། །
མཛེས་པའི་ཆེད་དུ་བཏགས་ལ་སྤྲོ། །
༡༢༤
འཚེ་མེད་བྱམས་བརྩེའི་ལྟ་བའི་གདིང་། །
ཚུལ་བཞིན་འཇུག་པའི་སྐལ་བཟང་བུར། །
བསམ་པའི་དོན་ཀུན་དུས་གསུམ་ལ། །
ཅི་ནས་འགྲུབ་ལ་ཅི་ཡང་སྨོན། །
༡༢༥
དེ་བཞིན་སྙན་ཚིག་ཉལ་འགྲོ་མས། །
རྨོངས་པའི་ཚ་གདུང་སེལ་སླད་དུ། །
དཔྱོད་པའི་གངས་ཀྱི་ར་བ་ལས། །
ཤིན་ཏུ་འབད་པས་འདི་ལྟར་ཐལ། །
༡༢༦
ཐུབ་བསྟོད་དྲི་ཟའི་དབྱངས་སྙན་འདི། །
རང་བྱུང་ངག་ལས་རྡོལ་མིན་ཡང་། །
དད་གསུམ་དབྱངས་ལ་རྒྱུ་བའི་ཉམས། །
སོར་མོའི་འདུ་བྱེད་རྩེ་ནས་ཕབ། །
༡༢༧
སེམས་ཀྱི་ལྷ་རེག་དཀར་པོའི་དར། །
མཆོད་པའི་ཚིག་གིས་འཐེན་པ་ན། །
གཟི་བྱིན་བདུད་རྩི་དྭངས་མོ་ཡིས། །
ཡུན་གྱི་སྡིག་པ་ཅི་ཡང་འདགས། །
༡༢༨
སྙན་ཚིག་ཅོ་ཀ་དྲུག་འགྱུར་འདིས། །
དྲང་སྲོང་དགྱེས་པ་མི་འགྱུར་ཀྱང་། །
སྲས་བཅས་རྒྱལ་བའི་རྣ་བ་རུ། །
ཐོས་ཙམ་བྱུང་ཡང་ཡིད་རབ་འཆིངས། །
༡༢༩
གཙང་བོ་དཀྲུགས་ནས་ཞོ་གསར་གྱི། །
ཁ་དོག་ཙམ་ཡང་མེད་གྱུར་ཀྱང་། །
བསོད་ནམས་དཔལ་གྱི་འོ་མ་ལས། །
ཕན་བདེའི་མར་ལོ་འབྱུང་བ་སྲིད། །
༡༣༠
སྙིང་ནས་ཐལ་བའི་ཚིག་གི་གདངས། །
སྙན་པའི་དབྱངས་དང་འགྲོགས་པའི་ཚེ། །
རྒྱ་ཆེན་ནོར་གྱི་བཀོད་པ་ལས། །
གང་གི་ལེགས་པའི་མན་ངག་རྙེད། །
༡༣༡
ཐུབ་བསྟན་རི་ཡི་ལྷུན་པོའི་རྩེར། །
ཅུང་ཟད་འཛེགས་པའི་ངལ་བ་ཡིས། །
སྙན་ཚིག་སྙན་པའི་ངོ་བོ་རུ། །
ཤར་ཙམ་ཞིག་གི་དོད་དུ་ཤོར། །
༡༣༢
ཨེ་མ་ཐུབ་པའི་ཡོན་ཏན་ཀུན། །
འདི་ཡིས་བརྗོད་པ་ག་ལ་ནུས། །
རྣམ་དག་ཡིད་ཀྱི་དད་པའི་ཚིག །
ལུས་ངག་གང་གིས་ཆ་འདི་བྲིས། །
༡༣༣
འཚེ་མེད་ལྟ་བའི་ངོ་བོ་ལ། །
བསམ་ན་སུ་ཡང་མགུ་བྱེད་ན། །
དེ་བཞིན་སངས་རྒྱས་དྲན་པ་ལ། །
འདི་ཙམ་ཁོ་བོས་འོས་ཤིང་བཞག །
༡༣༤
རྟོགས་བརྗོད་རིག་བྱེད་གྲེ་བའི་དབྱངས། །
ལན་གཅིག་སོར་མོས་འགུགས་གྱུར་པས། །
རྣམ་རྟོག་རོལ་རྩེད་སྒེག་མོ་ལ། །
ཞི་ཞིང་སྙན་པ་ཅུང་ཙམ་སྨོན། །
༡༣༥
སྡིག་པའི་སྲིན་མོ་ཁྲོས་པ་ལས། །
བག་མེད་སྦྱོར་བས་བརྙས་པའི་ཚེ། །
སྐྱོན་བྲལ་ཡོན་ཏན་བཞད་ལྡན་པ། །
སྙན་པའི་ལམ་ནས་ཅི་ཡང་འབོད། །
     ༢༡༤༧.༤.༡༥ ཉིན་མཇུག་པར་བྱས་ཏེ་ཡུལ་འཇང་ནས་དབྱར་གནས་སྐབས་སྦྱར་བའོ། །
ཁག་གཉིས་པ།
༡༣༦
དྲི་ལྡན་པད་དཀར་དགོད་པ་ལས། །
ཚུལ་ཁྲིམས་ངད་པ་རབ་ལྡང་བའི། །
གང་ཞིག་སྐྱོན་ཀུན་མི་མངའ་བས། །
ཐུབ་པ་མཆོག་དེ་སངས་རྒྱས་ཉིད། །
༡༣༧
ཏིང་འཛིན་ཞི་བའི་ལྗོན་པ་དང་། །
དབེན་པའི་ནགས་སུ་བསྟེན་པ་ན། །
གང་གི་དང་པོར་བྱང་ཆུབ་ཀྱིས། །
འབྲས་བུ་ཚོགས་ཀྱང་ལྷུག་པོར་གྲོལ། །
༡༣༨
བསོད་ནམས་ཟླ་བའི་ཆུ་རིས་ཀྱིས། །
འོད་ཀྱི་ཚོམ་བུ་དགོད་པར་བྱས། །
བསམ་གཏན་སྒོམ་པའི་པདྨ་ཡི། །
འདབ་ཀྱི་ཤོག་བུར་ཐེལ་ཙེ་འབུར། །
༡༣༩
བདེན་གཉིས་མེ་ལོང་གསར་བའི་ངོས། །
ཆོས་རབ་རྣམ་པ་འཆར་བ་ཡིས། །
ཇི་ལྟར་སྟོང་ཉིད་དཔག་ཏུ་མེད། །
ཐབས་ལ་མཁས་པས་གཟིགས་འདི་ཨང་། །
༡༤༠
ཕན་བདེ་རྫ་རིའི་ཆབ་ཀྱིས་བྲན། །
དམ་ཆོས་བདུད་རྩི་འདྲེས་པ་ན། །
སྙིང་རྗེ་ཐུལ་བའི་ཤང་དྲིལ་གྱི། །
འགྲོ་བའི་ཡིད་ལ་ཨེ་མ་འོང་། །
༡༤༡
འདུ་འཛི་དབེན་པའི་བས་མཐའ་རུ། །
རྟག་ཆད་སྤྲོས་པའི་མཐའ་བརྒྱད་ཀྱི། །
གནས་ལུགས་ཁོ་ན་གཟིགས་བྱས་ཏེ། །
བདག་ཉིད་མགོན་དུ་རབ་ཏུ་བགྱིས། །
༡༤༢
ཚུལ་གནས་ཐོས་བསམ་སྒོམ་པའི་ངང་། །
རི་དྭགས་བཞིན་དུ་ནགས་སུ་ཉུལ། །
དལ་འབྱོར་དོན་དང་ལྡན་པའི་ཁྲོད། །
ཞི་བར་གཤེགས་ལ་རྫོགས་སངས་རྒྱས། །
༡༤༣
ཆགས་སྡང་ཕག་གི་མགོ་བོ་ཆེ། །
ཤེས་རབ་གྲི་ཡིས་བཅད་གྱུར་ནས། །
སྟོང་ཉིད་ཉི་ཟླའི་གུར་ཁྱིམ་ནང་། །
དབུ་མའི་འཐབ་རྩོད་ཡོངས་སུ་ཞི། །
༡༤༤
རྒྱུ་སྐར་འབུམ་གྱི་ཟེགས་མ་ཡང་། །
འཕྲོས་ཀྱང་ཆུ་གཏེར་ནམ་ཡང་མིན། །
སྟོན་པ་དགྱེས་པའི་བྱ་བ་ཀུན། །
འཚེ་བ་མེད་དང་བྱང་ཆུབ་འདུས། །
༡༤༥
ཡིད་གཅུགས་ཕྱོགས་སུ་མི་ཉེ་བར། །
མདའ་ཅན་དག་ལ་མི་སྡང་ཞིང་། །
ཀུན་ལ་བྱམས་པའི་ཐུབ་པ་ཉིད། །
འཇིག་རྟེན་ཞིང་ན་བརྗིད་ཅིང་བརྟན། །
༡༤༦
མཚན་གྱི་གྲགས་དཀར་མུ་ཁྱུད་ནི། །
གྲོང་དང་གྲོང་ཁྱེར་ཀུན་ན་སྙན། །
གང་ཁྱེད་ཆོས་ཀྱི་སྒྲ་ཙམ་གྱི། །
གཉོམ་པོའི་རླུང་ལ་སྟོབས་དང་ལྡན། །
༡༤༧
སྲིད་གསུམ་ཁྲོས་པའི་ཐེའུ་རང་གིས། །
དུག་གསུམ་ཁ་རླངས་བཏབ་པའི་ཚེ། །
དུས་གསུམ་མཁྱེན་པའི་ཐུབ་པ་ཡིས། །
ཁམས་གསུམ་བརྩེ་བའི་ལམ་དུ་དཀྲི། །
༡༤༨
རྟོག་པའི་དྲྭ་ཕྱེད་བསལ་བའི་ཤུལ། །
ཁྲི་ཕྲག་ངག་གི་མགྲིན་གཅིག་ཏུ། །
ཚངས་དབྱངས་སྙན་པའི་གྲེ་བ་ལས། །
ཁྱེད་ཀྱི་མཚན་ནི་དད་པས་བརྡོལ། །
༡༤༩
བྱིན་རླབས་མེ་ཏོག་འཕགས་པའི་ཡུལ། །
ཅི་མཛད་གྲོལ་བའི་རྣམ་པས་ཀྱང་། །
སྐྱེ་བོ་མགུ་བའི་སྙིང་བརྩེ་ཡིས། །
སྲིད་པའི་སྤྲིན་དཀར་རྒྱུ་ཞིང་འདུས། །
༡༥༠
ཅི་མཛད་ལེགས་པར་སྟོན་པ་ལ། །
ཐབས་མཁས་ཐུགས་རྗེ་ཆེར་ལྡན་པས། །
གདུལ་བྱའི་སྣང་བའི་མོས་པ་བཞིན། །
ཡིད་ཀྱི་བྱམས་པ་ཅི་ཡང་འབུལ། །
༡༥༡
སྲིད་ཞིའི་ས་ལམ་བགྲོད་པའི་མཐུས། །
འཇིག་རྟེན་རྨོངས་པ་བཅོམ་པར་བྱས། །
བློ་གྲོས་བསྟི་བའི་གང་གི་ཐུགས། །
སྐྱོན་བྲལ་ཤེལ་གྱི་བུམ་ལྟར་བརྗིད། །
༡༥༢
གང་གི་དངུལ་དཀར་དྲིལ་བུ་ཡི། །
སྐད་ཀྱང་རྣ་བའི་སྨན་དུ་འགྱུར། །
དེ་ཚེ་དགྲ་བཅོམ་བྱེ་བའི་ཚོགས། །
ཁྱོད་ཀྱི་བསྟན་ལ་དད་ཅིང་གུས། །
༡༥༣
ཉོན་མོངས་སྨུག་སྤྲིན་འཁྲིགས་པའི་ཀློང་། །
འཁོར་བའི་འཇའ་ཡི་མཛེས་པ་ཀུན། །
སྐྱེ་བོ་ཕལ་ཆེར་ཆགས་ན་ཡང་། །
ཁྱོད་ནི་རྟག་ཏུ་དེ་ལྟར་མིན། །
༡༥༤
ཤིན་ཏུ་ཉམ་ང་ཆུང་བ་ཡི། །
འགྲོ་བ་དག་ལ་རབ་ཏུ་བྱམས། །
ཟོལ་རྫུན་ཕུང་པོའི་ཚོམ་བུ་ནི། །
མཐའ་བྲལ་གཉུག་མའི་གཤིས་ནས་སྤངས། །
༡༥༥
གློ་བུར་སྲོག་ཆགས་ཆེ་ཆུང་ཀུན། །
རང་ལྟར་བདེ་བར་བརྩོན་པ་རྟོགས། །
དེ་ཚེ་གཞི་ལམ་འབྲས་གསུམ་གྱི། །
ཐར་བའི་སྒོ་གླེགས་ཕྱེ་བར་མཛད། །
༡༥༦
གང་ཞིག་རྟེན་འབྱུང་རྒྱ་མཚོ་ཆེ། །
ལྟ་བའི་གྲུ་སྐྱས་བསྲུབས་པ་ལས། །
ངེས་འབྱུང་ཆུ་ཤེལ་ནོར་བུ་ཡིས། །
ཕན་བདེའི་འདོད་རྒུ་སྦྱིན་པར་མཛད། །
༡༥༧
དབེན་པར་བསྟེན་པའི་སེམས་ཉིད་ཀྱིས། །
དབྱིངས་རིག་མཁའ་ཡི་མཐོངས་ཕྱེས་ཏེ། །
ཆོས་དབྱིངས་བདེ་ཆེན་རོལ་མོ་ཡི། །
འཁྲོལ་བའི་མཁའ་འགྲོ་བརྡ་གླུ་འཇེབས། །
༡༥༨
སྐྱོན་ལ་ལྟ་ཞིང་རྨོངས་པའི་ཡུལ། །
གློ་བུར་ཆགས་པའི་ལས་ཅན་ནི། །
ཐར་འདོད་མུ་ཏིག་བགྲང་བ་གང་། །
བྱིན་རླབས་མེ་ཏོག་མོད་དེ་མོད། །
༡༥༩
བརྟུལ་ཞུགས་རྡོ་རྗེ་སྐྱིལ་ཀྲུང་ངང་། །
སྲིད་ཞིའི་སུ་ཡང་མི་བརྙེངས་ཁར། །
ཆོས་སྤྱོད་ཐབས་ཀྱི་སྣ་ཚོགས་ལས། །
ཉན་སེམས་སྒོམ་ལ་ཡོངས་སུ་བསྡུས། །
༡༦༠
ཕྱོགས་བཅུར་ལྡེག་པའི་སྙན་པས་ཀྱང་། །
ཡིད་ཀྱི་དང་བ་འདྲེན་ལགས་ན། །
ངེས་པ་ལྔ་ཡི་ཁོར་ཡུག་ནང་། །
གསེར་གྱི་ལྗོན་པ་འཁྲུངས་ལ་བརྩོན། །
༡༦༡
ཅི་གསུངས་བསླུ་བ་མེད་གྱུར་ཅིང་། །
ལེགས་པར་མཛད་པ་ཁྱོད་ལས་སུ། །
གང་དག་འཁོར་འདས་ར་བ་ལས། །
ཕྱིན་བཅུའི་སྟོབས་དང་ལྡན་པ་འབྱོངས། །
༡༦༢
གྲགས་དང་བཀུར་སྟི་ཆེ་བ་སོགས། །
བློ་ལས་རབ་ཏུ་འདས་བྱས་ནས། །
ངུར་སྨྲིག་འཛིན་པའི་མཚན་མ་ཅན། །
སྦྱིན་པའི་དགེ་ལ་བརྩོན་པར་སྤྲོ། །
༡༦༣
ཆགས་དང་སྡང་བ་མི་མངའ་བ། །
སྐྱེ་མེད་རྟོགས་པའི་བརྡ་ཐབས་སུ། །
འཁྲུལ་སྣང་བློ་ཡིས་བཏང་བ་ཡི། །
ཐུབ་པ་ཁྱེད་འདྲ་ཤིན་ཏུ་དཀོན། །
༡༦༤
ཟླ་བྲལ་གསེར་གྱི་པདྨ་ཡིས། །
འཁོར་ཚོགས་བུང་བ་བཟི་བར་བྱས། །
དེ་ཚེ་སྐལ་བཟང་རྒྱལ་བའི་བུར། །
དགེ་སྦྱོང་ཆེན་པོས་ཤིས་པ་སྒྲུབ། །
༡༦༥
བློ་ལྡན་བརྗོད་པ་ཙམ་གྱི་ཏིལ། །
ཞི་བའི་ལྟོ་བ་མི་འགེངས་མོད། །
རྒྱལ་བའི་ཐུགས་ཀྱི་ནུས་མཐུ་ཡིས། །
གང་ཅིའང་ཚེ་རབས་དོན་དུ་གནས། །
༡༦༦
ཞི་བའི་མགོན་དུ་ཁྱེད་ཉིད་ཀྱིས། །
སྲིད་ཞི་བརྩེ་བས་སྐྱོང་གྱུར་པས། །
རྣམ་པར་གྲོལ་བའི་བདུད་རྩི་ནི། །
སྐལ་བཟང་ཅན་ལ་སྙིང་པོ་སྩོལ། །
༡༦༧
ཨེ་མ་ཡོན་ཏན་དཔག་མེད་ཀྱིས། །
བསམ་མི་ཁྱབ་པའི་རང་བཞིན་ལས། །
བདེ་སྟོང་ངག་གི་འཁོར་ལོས་ནི། །
འཇིག་རྟེན་རྣ་བའི་བུ་གར་སྙན། །
༡༦༨
མི་ཟད་ཆོས་དབྱིངས་རོལ་བ་ལ། །
རྨོངས་པའི་ཡུལ་དག་སེལ་བ་དེ། །
སངས་ཤིང་རྒྱས་པའི་བློ་རབ་ཀྱི། །
སྐྱེ་རྒུའི་མཁའ་རུ་འོད་ཀྱང་བདོ། །
༡༦༩
ཐུབ་བསྟན་གསེར་གྱི་མ་ལ་ཡའི། །
སྟོབས་བཅུའི་ངད་པ་ལྡང་བ་སྟེ། །
དྲི་ལྡན་གདུལ་བྱའི་བུང་བ་གན། །
དབང་མེད་ཉེ་བར་ཅི་ཡང་ཕྱོཊ། །
༡༧༠
བསླབ་གསུམ་ཤེལ་གྱི་ཁ་བ་རིར། །
ཚུལ་ཁྲིམས་འོད་ཀྱི་མུ་ཏིག་འཕྲོ། །
ཤེས་རབ་ཉི་ཟེར་འཕྲོས་པ་ལས། །
ཏིང་འཛིན་ཆུ་རྒྱུན་ཨེ་མ་མཚར། །
༡༧༡
ངོ་མཚར་སྟོང་གི་འཕྲིན་ལས་ཀྱི། །
མཛད་པའི་ཨུཏྤལ་གྲོལ་བ་ཡང་། །
ཡེ་ཤེས་སྒྱུ་འཕྲུལ་གསར་བ་ཡིས། །
ཐེག་པའི་མེ་ལོང་ཤར་བར་གྱུར། །
༡༧༢
ཨེ་མ་གཞོན་ནུ་དོན་འགྲུབ་ཀྱིས། །
མཁས་པའི་བྱ་བ་རྫོགས་གྱུར་ཏེ། །
སྐྱོན་མི་མངའ་ལ་ཡོན་ཏན་གྱིས། །
རྒུད་པའི་རྩ་བ་རིང་ནས་སྤངས། །
༡༧༣
བཤད་སྒྲུབ་ནོར་འཛིན་བུ་མོ་ཡི། །
ཕན་བདེའི་ཁོར་ཡུག་སྐྲུན་པ་སྟེ། །
ཤེས་ལྡན་རིག་པའི་སྐྱེད་ཚལ་དུ། །
ལས་བཟང་རྐང་པ་དྲུག་པ་མྱོས། །
༡༧༤
ཁྱེད་ཀྱི་ཆོ་འཕྲུལ་འཛིན་པ་ལས། །
རྨད་བྱུང་གདོང་གི་ངོ་བོ་འཆར། །
ཕར་རོལ་ཕྱིན་པའི་ལྗོན་པ་ཡིས། །
ཡིད་བྱེད་ཚ་བར་བསིལ་བ་རྟེན། །
༡༧༥
རྟོག་པའི་དྲ་བ་བསལ་མཛད་དེ། །
ཞི་བའི་ནགས་ལ་རི་དྭགས་ལྟར། །
བསམ་གཏན་ཟས་ལ་སྤྱོད་པ་ན། །
དེ་བཞིན་བཤེགས་ལ་ཤིན་ཏུ་བ། །
༡༧༦
འཁོར་འདས་རྫ་ཡི་སྤང་གཤོང་གི །
རིང་ནས་ལྷ་ཡི་རི་དྭགས་བཞིན། །
བརྩེ་དུང་རྡུལ་གྱི་དཀྱིལ་འཁོར་ཅན། །
རྒྱལ་བུ་དོན་འགྲུབ་སླར་ཡང་གླེང་། །
༡༧༧
འཆར་ཀ་ལྷན་པའི་ངུར་སྨྲིག་གི །
མདངས་ལ་མིག་སྤུ་ཕྲ་མོས་ཀྱང་། །
ལྟ་བར་འགོག་པའི་སྐད་ཅིག་ཙམ། །
དེ་ཡང་བསོད་ནམས་ཆུང་དུ་ཟད། །
༡༧༨
བྲམ་ཟེ་དང་ནི་མུ་སྟེགས་ཀྱི། །
བླང་དོར་གནས་ལ་མཁས་པ་དག །
ཁྱོད་ཀྱི་ལུང་རྟོགས་རིན་ཅེན་ནོར། །
ཡི་རངས་མེད་པ་ཅང་མ་མཆིས། །
༡༧༩
བདེན་བཞིའི་བདེ་བ་ཆེན་པོའི་ཆར། །
རིག་ཤེས་ཀུན་ནས་གྲོལ་བའི་ཚལ། །
ཚེ་འདིར་འབད་ཀྱང་འུ་ཚོས་མིན། །
ཐུབ་པས་རྩེད་མོའི་ཞོར་དུ་བགྱི། །
༡༨༠
ངོ་བོ་གདོད་ནས་དག་པའི་མཁར། །
མོས་པའི་དགུ་ཚིགས་འཐེན་པ་ན། །
དགོངས་དོན་བླ་ཡི་ཟེགས་མ་ཡིས། །
རླབས་ཆེན་མི་ཡི་ཐོག་མར་འདུད། །
༡༨༡
དད་བརྩོན་ཤེས་རབ་ཟུང་འཇུག་ངང་། །
བརྟེན་འབྱུང་ཆོས་ཀྱིས་རྩྭ་རྩེ་བསྒུལ། །
ཟབ་པའི་བློ་རབ་ཡངས་མོ་རུ། །
འོད་གསལ་སྣང་བའི་མཆོད་པ་སྦྱིན། །
༡༨༢
མཐའ་མེད་སྲིད་པའི་ཟླ་བ་ནི། །
དྲང་སྲོང་ག་པུར་འཛག་གིན་དུ། །
རང་མགོན་རང་ཉིད་གཏད་གྱུར་པའི། །
ཐུབ་པའི་དགོངས་པ་ཨེ་མ་འཕགས། །
༡༨༣
འཁོར་བའི་འདམ་རྫོབ་པདྨ་ནི། །
སྐྱོན་གྱི་དྲི་མས་མ་གོས་པར། །
ཐུབ་བསྟན་ནོར་གྱི་གེ་སར་གྱིས། །
མཆི་མའི་འོད་ཀྱི་ཟེགས་མ་འཐོར། །
༡༨༤
ཀ་དག་ངོ་བོ་འཆར་བའི་རྗེས། །
འབད་མེད་ངག་གི་རང་སྒྲ་ནི། །
དེ་ཚེ་གང་ཞིག་སུ་རྣམས་ཀྱིས། །
ཐོས་ན་གློ་སྙིང་མཆོད་དུ་བགྱི། །
༡༨༥
འཇིག་རྟེན་སྐྱེ་བོ་ཀུན་ཀྱང་ནི། །
སྐྱོན་ལ་ངང་གིས་ཞེན་པར་གྱུར། །
སྒྲིབ་པའི་བཅིངས་ལས་གྲོལ་བ་ནི། །
རྒྱལ་བ་མཆོག་གི་དམ་པ་ཙམ། །
༡༨༦
བསམ་མི་ཕོད་པའི་བདག་མེད་ལྟ། །
གླེང་བར་མི་ནུས་བརྒྱད་ཁྲི་སྟོང་། །
ལྟོས་དྲོས་ལོག་པར་ལྟ་ན་ཡང་། །
འཆི་བའི་ཚེ་ན་སུས་ཀྱང་བསྙེན། །
༡༨༧
བཤད་སྒྲུབ་བདུད་རྩིའི་ཁུ་བ་ཡི། །
སྙིང་པོ་མྱོང་བ་མ་བྱས་པར། །
བློ་དང་ལྡན་པའི་སྐྱེ་བུ་རྣམས། །
ཁྱོད་ཀྱི་བསྟན་ལ་ཞུགས་མ་ལགས། །
༡༨༨
སྤྲོས་བྲལ་ཆོས་ལ་མོས་བྱེད་ཅིང་། །
དད་པའི་སྟོབས་ཀྱིས་ཉེར་བཀུར་ན། །
འཁོས་ཆུང་རྣམ་ཤེས་ཡང་དག་ཏུ། །
ཐར་བའི་ལམ་ནས་འཆུག་མི་སྲིད། །
༡༨༩
གང་ཁྱོད་སྦྲུལ་མདུད་རང་གྲོལ་བཞིན། །
གཤིས་ཀྱི་ངང་ནས་གྲོལ་ཞིང་གྲོལ། །
དེ་ཚེ་ཟག་བཅས་སྨུག་སྤྲིན་གྱི། །
བརྟན་པ་མེད་པའི་ཡུལ་དུ་བསྙད། །
༡༩༠
འཁོར་བའི་ཆོས་ལ་ཉིན་རེ་བཞིན། །
ཞེན་ན་ཐམས་ཅད་བསླུ་བྱེད་པས། །
ཐུབ་པའི་བསྟན་ལ་སྐད་ཅིག་ཙམ། །
གློ་བུར་མོས་ན་འཕེལ་ཞིང་འཕེལ། །
༡༩༡
སྟོན་མཚན་རི་དྭགས་མཚན་མ་ཡི། །
རྗེས་སུ་འབྲངས་པའི་ཀ་དག་གཤིས། །
དབུ་མའི་དབྱིངས་རིག་ཉི་ཟླ་གཉིས། །
འཐབ་པའི་ཕར་ཕྱིན་ཁྱེད་ལས་སུ། །
༡༩༢
གང་སྐུ་གསེར་མདོག་འདྲ་བ་ཡི། །
བྱིན་རླབས་འོད་ཀྱང་བདོ་བའི་ཁམས། །
ཉོན་མོངས་རྡུལ་ཆ་བྱེ་རྡོག་ཙམ། །
སྤངས་ཤིང་ཐམས་ཅད་མཁྱེན་པར་སྒྲུབ། །
༡༩༣
རྟོགས་བཏགས་སྒྱུ་མས་བྲེད་གྱུར་པའི། །
འདི་སྣང་ཟང་ཟིང་ཡོ་ལང་རྣམས། །
མཚོན་གྱི་ཕྱིར་དུ་ཕབ་ན་ཡང་། །
ཁྱོད་ཀྱིས་འཇམ་མཉེན་པདྨར་སྦྱིན། །
༡༩༤
བརྩེ་དུང་ཟགས་པའི་དུས་འདི་རུ། །
མཛད་པའི་རྒྱ་ཆེན་འགྲོ་རྣམས་ལ། །
ཡུན་རིང་གཟིགས་པའི་ལྷ་ཡི་སྲས། །
ཕན་བདེའི་མེ་ཏོག་ཚུལ་དུ་ཕེབས། །
༡༩༥
སྤངས་རྟོགས་དུང་དཀར་འཁྱིལ་བ་ལས། །
བྱུང་བའི་རང་སྒྲ་སྒྲོགས་པའི་ཚེ། །
གཉོམ་པོའི་རླུང་གིས་བཏབ་པའི་སྐད། །
ནུས་པའི་སྟོབས་ཀྱིས་ཡོངས་སུ་འདུལ། །
༡༩༦
ཨེ་མ་ཨེ་མ་ཟས་གཙང་སྲས། །
མཚན་གྱི་ཅོད་པན་ཐོས་པ་ལས། །
དེ་ཚེ་རི་དྭགས་གླུ་དབྱངས་ལ། །
ཞེན་པ་ལྟ་བུ་རབ་ཏུ་ཆགས། །
༡༩༧
ཁྱོད་ཀྱིས་མུ་སྟེགས་གཞན་གྱི་སྡེ། །
བྱམས་དང་བརྩེ་བས་ཡོངས་སུ་འདུལ། །
བྲམ་ཟེ་ཁྲོས་དང་མཚོན་ཆ་ཡིས། །
གཞན་རྣམས་དབང་མེད་ངང་ནས་འདུ། །
༡༩༨
ཐབས་ལ་མཁས་པ་མེད་གྱུར་ན། །
ཐར་བ་བརྩོན་པ་མ་ལགས་ཏེ། །
དེའི་ཕྱིར་རྟེན་འབྱུང་རིག་པ་ཡིས། །
ཁྱོད་ཀྱི་ལྟ་བ་རྟོགས་ལ་བརྩོན། །
༡༩༩
སྟོབས་བཅུའི་གུར་ཀུམ་གཞོན་ནུ་ཡི། །
དྲི་ལ་ཕྱོགས་པའི་སྦྲང་རྩི་ཅན། །
ཞི་ཞིང་བག་ཡོད་ལྡན་གྱུར་པའི། །
དམ་པ་རྣམས་ནི་ཁྱེད་ལ་གུས། །
༢༠༠
དད་བརྩོན་ཤེས་རབ་ཟུང་ལྡན་པའི། །
སྐྱེ་བོ་རྣམས་ནི་རྨོངས་མ་གྱུར། །
ཕྱི་རོལ་པ་ལ་སྲིད་རྩེའི་ཡན། །
ལམ་ཡང་མེད་པ་རབ་ཏུ་བསྟན། །
༢༠༡
འདོད་ཡོན་ལན་ཚྭ་བཏུང་དྲགས་པའི། །
མུ་སྟེགས་འགའ་རེས་མ་ཡང་སྤྱད། །
ཚངས་པར་སྤྱོད་ལ་གནས་པས་ཀྱང་། །
སྲེད་དང་སྡུག་བསྔལ་འཕེལ་མི་འགྱུར། །
༢༠༢
ཕུང་ཁྲོལ་སྐྱེད་པའི་སྲིད་འདིའི་ཆོས། །
མཉམ་པར་བཞག་པས་སྟོང་པ་ན། །
སྤྲོས་བྲལ་འཛིན་མེད་ཏིང་ངེ་འཛིན། །
རང་བཞིན་གཤིས་ཀྱང་དུལ་བར་གནས། །
༢༠༣
འོན་ཏང་སྲིད་མཚོའི་ཉོན་མོངས་ཀྱི། །
རླབས་ཀྱིས་འདེད་པ་མ་ལགས་པའི། །
བདེན་ཞེན་སྤངས་བའི་ཐུབ་མཆོག་ནི། །
རྗེས་ཐོབ་སྐྱེ་མེད་དབྱིངས་སུ་ཞུགས། །
༢༠༤
རྒྱུ་འབྲས་ལས་ལ་ལྟོས་པའི་ཚེ། །
དབང་གི་འབྲས་བུ་མ་འདྲེས་པར། །
ཐམས་ཅད་མཁྱེན་ལ་ཐུགས་རྗེ་ཆེས། །
དུས་གསུམ་ཆོ་འཕྲུལ་ཉིད་དུ་གསུངས། །
༢༠༥
ཡིད་མི་བདེ་དང་འཇིགས་སྣང་དང་། །
མི་དགེའི་ལས་ཀྱི་སྣ་ཚོགས་པ། །
སྡིག་པ་སྤྱོད་པའི་སོལ་བ་ལས། །
དཀར་པོའི་མདངས་ཀྱང་ག་ལ་མཆིས། །
༢༠༦
ཕྱིན་དྲུག་ལྟ་བའི་གངས་ཀྱི་སེང་། །
གཞན་ལྟའི་རི་དྭགས་ངང་གིས་འཇིགས། །
འདི་སྣང་ཟོལ་སྦྱོར་བདུད་ཀྱི་དཔུང་། །
སྤྲུལ་པ་དག་ནི་འཁྲུལ་ཙམ་གསུངས། །
༢༠༧
ཐུབ་པའི་ལུང་རྟོགས་ཚལ་གྱི་དྲུང་། །
བྱང་སེམས་ཨུཏྤལ་རལ་བ་ཡིས། །
ཐར་འདོད་གླུ་དབྱངས་སྐད་ལྡན་པ། །
འཇུས་ནས་སྙིང་རྗེའི་གེ་སར་སྦྱིན། །
༢༠༨
འཁོར་ལོ་གསུམ་གྱི་རེ་ཁཱ་ཡི། །
ཤིན་ཏུ་ཡིད་འོང་སྡུག་གྱུར་པའི། །
ཕན་བདེའི་འོད་ཀྱི་དཔལ་བེའུ་ནི། །
སྤྱན་གྱི་ཡོལ་བ་རབ་མེད་འཕྲོག །
༢༠༩
ཕྱི་རོལ་སྤྱོད་པའི་མཛད་པ་ཡི། །
སྣ་གཅིག་སྟོན་ཡང་གཞན་དག་མགུ། །
དེ་ཚེ་རྒྱལ་བའི་སྤྱོད་མཐའ་ཡས། །
བསོད་ནམས་ལྡན་པས་རྟག་ཏུ་རོལ། །
༢༡༠
འཇིག་རྟེན་རྒུད་པའི་རྩ་བ་ཡང་། །
བླང་དོར་མེད་དང་རྨོངས་ལས་བྱུང་། །
ཁྱོད་ནི་མཁྱེན་གཏེར་རྒྱ་མཚོ་སྟེ། །
ཟབ་ཅིང་བརླིང་ལ་དཔག་དཀའ་བ། །
༢༡༡
ཆགས་པའི་མགོ་བོ་ཁྱོད་ཀྱིས་ནི། །
ཡེ་ཤེས་རལ་གྲི་ཆེན་པོས་བཅད། །
སྡང་བའི་དུག་གི་མཚོ་མོ་ཡང་། །
འཁྲུལ་བར་བལྟ་བའི་མེ་ལྕེས་བསྣུབས། །
༢༡༢
ཟོལ་མེད་དབྱངས་ཀྱི་འདེགས་འཇོག་ལས། །
ཁྱོད་ཀྱི་ཡོན་ཏན་བ་སྤུ་ཙམ། །
བརྗོད་པའི་གཤིས་ཀྱི་ངང་ཚུལ་གྱིས། །
དགྱེས་མིན་བྱིན་རླབས་ཀུན་ཀྱིས་རེ། །
༢༡༣
མདོ་སྔགས་བ་དན་གསར་བའི་རྩེར། །
ཆོས་རབ་རྒྱལ་མཚན་ལྡེག་པ་ཡི། །
ཐེག་ཆེན་རླུང་གི་སྤྲིན་དཀར་ནི། །
ཡོངས་སུ་འདུ་ཞིང་ཆོས་ཆར་འབབ། །
༢༡༤
སྒྲིབ་གཉིས་གཏུམ་མོ་ཁྲོས་པའི་གདོང་། །
ཧ་ཅང་ངོམ་ནག་མཐུག་གྱུར་ན། །
གང་གི་དང་པོ་སངས་རྒྱས་ཀྱིས། །
ཞི་བའི་ལམ་ནས་འཛུམ་པར་བྱས། །
༢༡༥
སུམ་རྩེན་མཐོང་ན་དགའ་བའི་ཚལ། །
མཐོང་བ་དཀོན་ཡང་བདེ་བར་འདོད། །
དེ་ལས་དམ་པའི་ཆོས་རབ་ཀྱང་། །
རིང་དུ་འཕགས་པ་བདེན་པས་གྲུབ། །
༢༡༦
སྟོང་གསུམ་མཁའ་ཡི་དཀྱིལ་འཁོར་ན། །
རྒྱུ་སྐར་རྡུལ་གྱི་ཟེགས་མ་འགའ། །
འཁུ་ཡང་ཆ་གཏེར་ལས་འགོངས་པའི། །
ཉི་མས་འཛམ་གླིང་དྲོད་ཀྱང་སྟེར། །
༢༡༧
མཐའ་ཡས་འགྲོ་བའི་སེམས་ཉིད་ཀྱང་། །
བདེ་བཤེགས་སྙིང་པོར་མོངན་གྱུར་སླད། །
འཁོར་གསུམ་བརྩེ་བས་སྐྱོང་བཞིན་དུ། །
རྣམ་རྫོགས་གོ་འཕང་དང་པོར་བརྙེས། །
༢༡༨
ཅི་མཛད་ལེགས་པར་སྟོན་པ་ཡང་། །
གང་གི་དོན་དུ་ཇི་ལྟར་བརྩམས། །
བྱང་ཆུབ་རིམ་པའི་ལོ་མ་ཡིས། །
དམན་པ་དག་ལ་བསིལ་བར་བརྟེན། །
༢༡༩
འདུ་འཛིས་སུན་པའི་བས་མཐའ་རུ། །
ཐར་འདོད་བློ་ཡིས་རྒྱུ་བའི་སྐབས། །
ངེས་འབྱུང་ལྷ་ཡི་རི་དྭགས་ནི། །
བདེ་མོའི་ངང་ནས་ཅི་ཡང་གནས། །
༢༢༠
འཚེ་མེད་ཞི་བའི་བདུད་རྩིའི་ཆུ། །
བཏུང་ཡང་གང་དག་འཁོན་མི་སྲིད། །
དེ་ནི་ཐུབ་པའི་དམ་ཆོས་ཀྱི། །
ལྟ་བའི་སྙིང་པོས་ཡང་དག་གྲུབ། །
༢༢༡
སྲིད་ཀྱི་ཕུན་ཚོགས་འཇའ་རིས་ཀྱིས། །
མཛེས་ཀྱང་བདེ་བ་སྟེར་བ་མིན། །
ཐར་བ་བགྲོད་པའི་ལམ་མཆོག་ནི། །
སྟོན་པས་སྟོན་པའི་དམ་ཆོས་ཉིད། །
༢༢༢
དད་དང་མོས་དང་འདུན་པ་ཡིས། །
སྙིང་ནས་ཐར་བར་སུས་བརྩོན་ཀྱང་། །
འཁོར་འདས་རྒྱ་མཚོའི་ཕ་རོལ་ཏུ། །
རང་ལ་བརྟེན་ནས་བརྒལ་ནུས་གསུངས། །
༢༢༣
ཤེས་རབ་འདོད་འབྱུང་ནོར་བུའི་འོད། །
དཀོན་མཆོག་སྐྱབས་འགྲོར་བདོ་བ་ན། །
དད་བརྩོན་བྱིན་རླབས་དྲག་གྱུར་པས། །
མཐར་ཐུག་ལོངས་སྤྱོད་རྟག་པར་མོད། །
༢༢༤
མཁྱེན་གཉིས་དབྱིངས་རིག་ཉི་ཟླ་ཡིས། །
ཚོགས་གཉིས་ག་པུར་འཛག་བཞིན་དུ། །
དོན་གཉིས་མཐར་ཕྱིན་ཀུ་མུད་ཀྱི། །
བདེན་གཉིས་འདབ་བརྒྱ་རབ་ཏུ་གྲོལ། །
༢༢༥
གང་དག་བསླབ་གསུམ་ལྡན་གྱུར་པས། །
སྡུག་བསྔལ་བསྒྲལ་ཞིང་ཡོན་ཏན་འཕེལ། །
གཉིས་མེད་བདེ་ཆེན་ལྷུན་འགྲུབ་ལས། །
ཁྱོད་ནི་སངས་ཤིང་རྒྱས་པར་གྱུར། །
༢༢༦
མེ་དང་འཕྲད་པའི་ཁ་བ་བཞིན། །
མི་དགེའི་སྡིག་པ་ཡོངས་སུ་སྤངས། །
བྱང་ཆུབ་སྤྱོད་ལ་འཇུག་པའི་དུས། །
འཇིག་རྟེན་སངས་རྒྱས་ཉིད་དུ་ཁྱབ། །
༢༢༧
འདི་སྣང་འཁོར་བའི་ཤལ་མ་ལིས། །
བདེ་དགའ་བསྐྱེད་པར་མི་བྱེད་ན། །
སྲིད་པའི་མེ་འོབས་ཁྲེས་རྡོག་གན། །
ཁུར་ནས་འཆེལ་ཡང་བདེ་བ་མིན། །
༢༢༨
མ་བཅོས་གཉུག་མའི་རང་བཞིན་ལས། །
གཅིག་ཀྱང་ཡོད་མེད་མཐའ་དང་བྲལ། །
བདེན་བཞིའི་འཇུག་ལྡོག་ཟབ་མོ་ཆེ། །
འཁོར་འདས་རོ་སྙོམ་ངང་ནས་སྐྱིན། །
༢༢༩
བྱང་ཆུབ་ལྗོན་པའི་གྲིབ་བསིལ་འོག །
བདུན་ཕྲག་འགའ་ལ་སྤྱན་རས་ཀྱང་། །
ཅུང་མི་ལྡེག་པའི་ཏིང་འཛིན་ཀློང་། །
མཚན་གྱིས་རྣ་བའི་བཅུད་ལེན་ཡོད། །
༢༣༠
ཐ་མལ་འདུ་འཛིའི་བྱིང་རྨུགས་ཀྱིས། །
བག་དང་ལྡན་རྣམས་རབ་ཏུ་བྲན། །
ཤེས་རབ་གསུམ་གྱི་སྣང་བ་ཡི། །
གཤིས་ལུགས་ཅན་རྣམས་རྟག་ཏུ་རྒྱལ། །
༢༣༡
ཐུན་མཚམས་འཆར་ཀའི་བླ་གོས་ཀྱི། །
མདངས་ཙམ་མཐོང་བས་དད་པ་ཡིས། །
འཁོས་ཆུང་རྣམ་ཤེས་ཉེ་བ་རུ། །
ཕྱོགས་ཏེ་གློ་སྙིང་མཆོད་པར་བྱས། །
༢༣༢
གང་འདུལ་བརྩེ་བས་རབ་ཏུ་འདུལ། །
གང་མཛད་བྱམས་པས་ཤིན་ཏུ་མཛད། །
སྐལ་བ་ལྡན་དང་བསོད་ནམས་ཅན། །
ཁྱོད་ཀྱི་ཆོ་འཕྲུལ་བསམ་མི་ཁྱབ། །
༢༣༣
ཡིད་འོང་བགྲང་ཕྲེང་གསར་པ་རུ། །
ཆོས་ཀྱི་འཁོར་ལོའི་གཟི་བྱིན་ཞུགས། །
གང་དག་ཕྱོགས་བཅུའི་རབ་འབྱམས་ཀྱི། །
མཆོད་པའི་མེ་ཏོག་རྩེ་དགས་འཁྱུད། །
༢༣༤
རྡུལ་བྲལ་རྐང་གཉིས་ལྷ་ཡི་ལྷ། །
རྟེན་འདིར་བལྟམས་པའི་ཆེ་བས་ནི། །
གང་དག་ཁ་ལོ་སྒྱུར་བ་པོ། །
ཞི་བདེའི་ཉམས་ཀྱིས་ཨེ་མ་མཚར། །
༢༣༥
རྒྱ་ཆེན་འཁོར་ཚོགས་བྱེ་བ་ཡིས། །
ཁྱོད་ཀྱི་བསྟན་ལ་ཡིད་དབང་ཤོར། །
ཤིན་ཏུ་དམན་པའི་ལས་ཅན་རྣམས། །
ཉམ་ངའི་ཁྲོད་ནས་ཁྱེད་ཙམ་མགོན། །
༢༣༦
མང་ཐོས་རལ་བའི་ཀླུང་ཆེན་ལས། །
རྣམ་དཀར་ཛ་ཧུའི་བུ་མོའི་རྒྱུན། །
འགྲོ་བློའི་མོས་པའི་རྒྱ་མཚོ་ཆེར། །
འཇུག་པའི་མཛད་པ་ཅིས་མི་མཚར། །
༢༣༧
མཁྱེན་རབ་མཚོ་ལས་སྐྱེས་པའི་སྙིང་། །
སྙིམ་པའི་སྦྲང་རྩིའི་དོག་པ་ཅན། །
རྒྱན་དུ་ངོམས་པའི་མགོ་བོས་ཀྱང་། །
མི་ཕྱེད་གེ་སར་དུད་ཅིང་དགོད། །
༢༣༨
ཐུགས་རྗེའི་ཆུ་གཏེར་འཛིན་པ་ལས། །
ལེགས་བཤད་གྲུ་ཆར་འཇོ་བའི་དཔྱིད། །
མི་ཟད་བསུང་ཞིམ་ཐུལ་བའི་དྲིས། །
སྐལ་བཟང་བུང་བ་ཉེར་འཚོའི་གཞི། །
༢༣༩
ཕྲིན་ལས་དབྱངས་ཀྱི་ཏམ་བུ་ར། །
གཟུར་གནས་ཡོངས་ཀྱིས་བདུངས་པ་ན། །
ཆོས་དོན་སྙན་དབྱངས་ཟབ་མོའི་གདངས། །
ལུས་ཅན་ཐོས་འཛིན་བུ་གར་འཇེབས། །
༢༤༠
ཕན་བདེའི་ཨུཏྤལ་རྩ་ལག་མཆོག །
ཐུབ་བསྟན་སྙིགས་མའི་དུས་ཀྱི་ལྟོར། །
མནལ་ཐབས་ཆགས་པའི་དྲན་པ་ཡང་། །
དུས་ལས་ཡོལ་བ་ག་ལ་ཉུང་། །
༢༤༡
འགྲོ་ལ་ཕན་པ་བཞེད་པའི་སྡེས། །
སྙིང་བརྩེས་དང་བ་འདྲེན་པའི་མཐུས། །
མི་སྡུག་སྲིན་མོ་གཏུམ་པའི་གླིང་། །
འགྲོ་རྣམས་ཐར་བའི་དབུགས་དབྱུང་མཛོད། །
༢༤༢
ས་གསུམ་འཕྱན་པའི་སྐྱེ་བོ་ཡི། །
ཡིད་ཀྱི་མངོན་པར་མཐོ་བའི་ཁྲིར། །
ཞབས་མཐིལ་ཆུ་སྐྱེས་འཁོར་ལོ་ཅན། །
གཡུང་དྲུང་ཚུལ་དུ་ཞི་བར་གནས། །
༢༤༣
བྱམས་བརྩེའི་ཆུ་ལྡན་ཕང་བ་ལས། །
ཤེས་རབ་གློག་གི་རྩེད་འཇོ་ཡིས། །
དོན་བཟང་ཞལ་སྙན་རྔ་བོ་ཆེ། །
རྣ་བའི་བཅུད་དུ་རྡུང་བར་བྱས། །
༢༤༤
འཁོར་དང་ཁྱིམ་ལ་ཡིད་ཕྱུང་སྟེ། །
བས་མཐའི་གནས་མལ་རིང་དུ་བརྟེན། །
མི་རྟག་དུཿཁའི་མྱུ་གུས་ཀྱང་། །
རང་སེམས་ཞི་བའི་ཏིང་འཛིན་བྲིས། །
༢༤༥
དེ་སྐད་ཚངས་དབྱངས་བྱ་མ་རྟ། །
སྲིད་ནས་མཐོ་རིས་ཉེ་དྲུང་དུ། །
མར་གད་གསེར་གྱིས་གོས་པའི་སྐུ། །
གང་དེར་དྲན་པས་ཕུལ་ཅིག་ཀྱེ། །
༢༤༦
འཁོར་གསུམ་མྱ་ངམ་བྱེ་ཐང་གི །
མེ་ཏོག་ཚ་བས་རྙིད་ན་ཡང་། །
ཁྱོད་ཀྱི་ཞི་བའི་སྤྲིན་དཀར་ནི། །
བསིལ་བའི་རྒྱལ་མཚན་ཚུལ་དུ་སྤྲུལ། །
༢༤༧
གསུང་རབ་ཀ་ལ་པིང་ཀའི་དབྱངས། །
སྐྱེ་བོ་གང་གིས་ཐོས་གྱུར་ན། །
དེ་ལ་རྣ་བའི་བདུད་རྩིའི་དཔལ། །
བསྐལ་བ་དུ་མར་བཅུད་ལེན་ཡོད། །
༢༤༨
མཚན་དཔེའི་དུང་དཀར་འཁྱིལ་བ་ལས། །
བྱུང་བའི་ཁྲི་ཕྲག་སྟོང་གི་ཆོས། །
ཤིན་ཏུ་ཡིད་འོང་ལྡན་པའི་བུས། །
མགྲིན་གྱི་ལམ་ནས་ངང་གིས་ཐལ། །
༢༤༩
ཇི་སྙེད་ཤེས་བྱའི་ཕར་མཐའ་ཡང་། །
འཇིག་རྟེན་བྱེད་པོ་ཞེས་གྲགས་པའི། །
ཚངས་དང་ཁྱབ་འཇུག་རྨོངས་ལགས་ཀྱང་། །
མི་མཆོག་རྒྱལ་བས་སྐད་ཅིག་ཙམ། །
༢༥༠
ས་ལམ་རིན་ཅེན་ཐེམ་སྐས་ལ། །
འཛེགས་པའི་གཞོན་ནུ་དོན་གྲུབ་ནི། །
དུས་གསུམ་བློ་གྲོས་ཆེ་བ་ཀུན། །
གཅིག་ཏུ་བསྡུས་ཏེ་བགྲོད་པ་འདྲ། །
༢༥༡
ཨེ་མ་གང་ཁྱོད་ཡོན་ཏན་རྡུལ། །
ཤེས་བྱའི་མཁའ་རུ་ཤོང་དོགས་ནས། །
ཡིད་འཕྲོག་འཆི་མེད་ལྷ་ཡི་ཚལ། །
གྱ་གཅིག་སོན་དུས་ཕེབས་སམ་སྙམ། །
༢༥༢
ཀུན་རྟོག་ཚང་ཚིང་སྟུག་པའི་ནགས། །
དངོས་འཛིན་འཇའ་ཡིས་ཀླུབ་པའི་ཚེ། །
སྲེག་བྱེད་སྤྲོས་བྲལ་ཆོས་དབྱིངས་མེས། །
འཇག་མའི་ཕུང་པོ་བཞིན་དུ་སྲེག །
༢༥༣
ཀུན་གཞིའི་དྲ་བའི་རི་ཐང་ནས། །
ཕལ་ཆེར་ཉོན་མོངས་རྟ་ཕོས་ཁྱེར། །
ཐབས་མཁས་ལྕག་ཚན་རིང་མོ་ཡང་། །
ཁྱོད་ཀྱིས་བྲབས་ནས་ཁ་ལོ་བཏུལ། །
༢༥༤
ཐེག་དམན་རི་དྭགས་བྱེ་བ་དང་། །
ཚན་རྩལ་ཁྱུང་ཆེན་སྟོང་གིས་ཀྱང་། །
བསྒྲུན་མེད་སྟོང་ཉིད་སེངྒེའི་སྒྲ། །
ཏི་སེ་གངས་ཀྱི་ལྟོངས་སུ་བརྗིད། །
༢༥༥
ངེས་དོན་གཞུང་བཟང་ལྟོ་བ་རུ། །
ཁོ་བོའི་མི་ཕྱེད་དད་པའི་བུ། །
འདབ་བརྒྱ་པ་དང་ཉི་མ་བཞིན། །
མི་འབྲལ་སྐལ་བཟང་རེ་བ་ཉལ། །
༢༥༦
བདུད་བཞི་ལ་རྩེའི་དར་གདང་ནི། །
ངོམ་མེད་ཡུན་རིང་གཡུགས་པ་ན། །
རྣམ་པར་གྲོལ་བའི་རླུང་བུ་ཡང་། །
དེ་ཚེ་ཐུབ་པས་ལམ་དུ་ཁྱེར། །
༢༥༦
བསོད་ནམས་དཔལ་གྱི་འོ་མཚོ་ལས། །
བྱུང་བའི་ཕྲིན་ལས་མར་དཀར་གྱིས། །
འགྲོ་མང་འདུལ་བའི་སྣུམ་ཞག་གིས། །
ཡིད་ཀྱི་མཆོད་མེ་གཟིམས་པ་མེད། །
༢༥༧
ཐེག་ཆེན་དཔག་བསམ་ལྗོན་པའི་ཤིང་། །
ཡུན་རིང་བརྟེན་པའི་འབྲས་བུས་ཀྱང་། །
ཞི་དུལ་ཡལ་ག་ཕྱོགས་རྫོགས་པའི། །
འདུལ་བའི་མེ་ཏོག་དགོད་ཅིང་དགོད། །
༢༥༨
བྱད་ལེགས་ངག་གི་གངྒྰ་མ། །
བློ་གཏེར་རྒོད་མ་ཁ་ཡི་ལྟོར། །
ངོམས་མེད་འཐུང་བའི་རེ་བ་ཡང་། །
མི་འགྱུར་སྐལ་བ་སྟོང་གིས་འཆང་། །
༢༥༩
ཨུ་ཧུ་ལེགས་སྤྱད་པདྨའི་ཚལ། །
མི་གཙང་དྲི་ཡིས་ཁྱབ་གྱུར་པའི། །
དེང་དུས་ཐུབ་པའི་མཛད་པ་ཀུན། །
ཨེ་མ་རྒྱལ་ཞིང་མཆོག་ཏུ་སྣང་། །
༢༦༠
ཀྱེ་ཧུད་གང་ཁྱེད་མྱ་ངན་དུ། །
འདས་པའི་ཚུལ་གྱི་མ་དྲོས་མཚོར། །
སྔོན་གྱི་ལེགས་བཤད་རླབས་ཀྱི་ཕྲེང་། །
མཛད་པའི་བྱ་ཁྱུས་ཅི་ཡང་འདེད། །
༢༦༡
སྙིང་སྟོབས་འཇུག་པ་བཅུ་བ་ཡི། །
ཤེས་རབ་ཟིལ་གྱིས་མི་ནོན་པ། །
དབྱངས་སྙན་འོད་ཀྱི་རྩེ་དགའ་ཡིས། །
རྒྱལ་བུ་དོན་འགྲུབ་འདི་ནས་དྲན། །
༢༦༢
ཐར་བའི་ཉི་མའི་རྡུལ་ཟེར་གྱི། །
དགེ་ལེགས་འཕྲོག་པའི་བདུད་རྣམས་ཀྱང་། །
ཁྱོད་ཀྱི་བྱམས་པའི་ལྕགས་ཀྱུ་ཡིས། །
ངོ་མཚར་འབུམ་གྱིས་སླར་ཡང་འཛིན། །
༢༦༣
ཡང་དག་ཕྲིན་ལས་སྣང་བ་འདི། །
ས་གསུམ་བྲིས་པའི་ཆ་རེར་ཡང་། །
མུ་མེད་བཀྲ་ཤིས་རེ་ཁྰའི་མདངས། །
ཀུན་གྱི་སྤྱན་ལ་ཡངས་ཤིང་སྨན། །
༢༦༤
གསུང་གི་མཐིང་རིལ་ངུར་བ་ལས། །
ཆོས་དོན་སྐལ་བཟང་སྒྲུབ་པ་ལ། །
ཉན་པར་བྲེལ་བའི་མཁས་པའི་ཚོགས། །
ངང་བའི་འགྲོས་ཀྱིས་ལེགས་པར་འདུ། །
༢༦༥
རྣམ་རྟོག་བག་ཆགས་ན་བུན་ཕོན། །
མི་དགེའི་རླུང་གིས་ཐེག་པ་ན། །
བརྟུལ་ཞུགས་ཅན་གྱི་ནམ་མཁའ་ནས། །
མཐོང་རེག་མེད་པར་ངང་གིས་ཡལ། །
༢༦༦
ཁྲིམས་ལྡན་དགེ་སྦྱོང་འབུམ་ཕྲག་གིས། །
ཁྱོད་ཀྱི་ལུང་རྟོགས་ཆོ་ག་རྫོགས། །
ཕྱི་ནང་མཁས་པས་ཁྱོད་ཀྱི་བསྟན། །
དཔྱད་ན་གུས་པས་འཇུག་པར་བགྱི། །
༢༦༧
གདོད་མའི་དྲང་སྲོང་ཤྰཀྱའི་སྲས། །
སྒྱུ་འཕྲུལ་ཐབས་སུ་ཞུགས་པའི་དུས། །
སྙིང་གར་འཁྱིལ་བའི་པདྨོ་ཡང་། །
སྐྱོན་བྲལ་ཐུགས་ཀྱི་ཉི་མས་གྲོལ། །
༢༦༨
གཉིས་མེད་ཐིག་ལེ་འོད་གསལ་གྱི། །
གྲང་བའི་བསིལ་ཡབ་བརྟེན་པ་ན། །
མི་ཕྱེད་རྡོ་རྗེའི་གཡུང་དྲུང་གི །
དད་པའི་སྤུ་ཡང་རབ་ཏུ་ལངས། །
༢༦༩
སྙིང་རྗེ་གངས་ཀྱི་རྡུལ་བརྩེགས་ཀྱིས། །
ཕན་བདེའི་ཉི་འོད་འཕྲོས་པའི་ཟེར། །
ངོམས་མེད་བཞེས་པ་ཁྱོད་ཀྱིས་ནི། །
ཐམས་ཅད་ཡིད་བདེའི་ཆུ་རྒྱུན་འབེབ། །
༢༧༠
མི་རྟོག་དོན་ལས་ཕ་རོལ་ཏུ། །
འབྱོངས་པའི་ཐབས་མཁས་ཉི་ཟླ་ཡི། །
རྣ་ཆ་ལྷུང་བའི་སེམས་ཉིད་དུ། །
འོད་ཀྱི་བླ་བྲེ་ཀུན་ནས་འཕགས། །
༢༧༡
ཧེ་རུ་ཀ་ཡི་ཆོས་དབྱིངས་ཀྱི། །
གནས་ལུགས་ཚུལ་ལ་མི་རྨོངས་པའི། །
ཀུན་རྟོགས་བློ་གྲོས་རབ་དྭངས་པ། །
བསྒྲུན་མེད་འདི་ཀོ་ཨེ་མ་མཚར། །
༢༧༢
མཐའ་ཡས་བཟང་པོ་སྤྱོད་པའི་མཚོར། །
འཇུག་པའི་སྟོབས་བཅུ་འོད་དཀར་གྲུ། །
ཡུན་རིང་ཞུགས་པའི་དཀའ་ཐུབ་ཀྱིས། །
དགེ་སྦྱོར་ནོར་བུའི་དཔལ་ཡང་བླངས། །
༢༧༣
གང་ཞིག་མཚན་མོ་དཔག་མེད་ཀྱིས། །
ཐར་བའི་ལམ་བཟང་འགོག་གྱུར་ན། །
སྣང་བའི་དཔལ་འདི་སྦྱིན་གྱུར་པའི། །
དཀོན་མཆོག་སྒྲོན་མེ་གསར་བ་ཙམ། །
༢༧༤
མི་མཆོག་རྒྱལ་བའི་མཚན་དཔེའི་རིས། །
སྐྱེ་བོ་ཕལ་བས་ཚེ་རབས་ཀུན། །
སྐད་ཅིག་ཙམ་ལ་མཐོང་རིག་གི །
སྦྱོར་བ་བྱུང་ན་བསོད་ནམས་མང་། །
༢༧༥
སྐྱོན་བྲལ་མཚན་དཔེ་བཞད་པའི་སྐུ༵། །
ཐུན་མཚམས་མདངས་ལྡན་ངུར་སྨྲིག་གི །
ཆོས་གོས་གསུམ་གྱིས་བཀླུབས་པའི་ཚེ། །
མཐོང་བས་བསོད་ནམས་དཔག་ཏུ་མེད། །
༢༧༦
དབྱངས་བདུན་འགག་མེད་རོལ་བའི་གསུ༵ང་། །
ཚངས་དབྱངས་དྲུག་ཅུས་ཉེར་བཀུར་ཏེ། །
གང་ཞིག་བསྒྲགས་པའི་སྐད་ཀྱང་ནི། །
ཆོས་དོན་མགྲིན་པའི་རྒྱན་དུ་འབར། །
༢༧༧
སྤྲོས་ཞིང་འགྲོ་འོང་མཁྱེན་པའི་ཐུ༵གས། །
རྒྱ་ཆེན་ཤེས་བྱ་འབྱོངས་པས་ཀྱང་། །
མི་ཟད་འཁོར་ལོ་གསུམ་པ་ཡི། །
བདེན་བཞིའི་འཇུག་པ་ཨེ་མ་སྐྱིལ། །
༢༧༨
ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་ནོར། །
སྐྱོན་གྱི་དྲི་མས་བཤོལ་བས་ཀྱང་། །
གང་དག་འཇིག་རྟེན་མ་ལུས་པའི། །
ས་ལམ་ཐེག་པའི་མགོན་ཉིད་བགྱི། །
༢༧༩
སྲིད་ཀྱི་ལོངས་སྤྱོད་ཕྲ་མོས་ཀྱང་། །
སྐྱེ་བོ་ཕལ་ཆེར་ཆགས་ཤིང་བསླུས། །
ཚངས་པར་སྤྱོད་ལ་རབ་གནས་པས། །
བདག་གིར་མེད་ཅིང་འཛིན་པ་བྲལ། །
༢༨༠
ཤ་ཡི་མིག་ཁུང་དད་པ་ཡི། །
མཆི་མའི་འོད་ཀྱིས་བརླན་གྱུར་ཏེ། །
ལུང་རིགས་ཐོས་པས་ཁྲག་གི་མགྲིན། །
བངས་ནས་དམན་བརྩེའི་ངག་ཀྱང་བྱུང་། །
༢༨༡
དཀོན་མཆོག་རིན་ཆེན་བཻཌྰུརྱ། །
གདོད་ནས་ངོ་བོ་བྱི་དོར་ཅི། །
དལ་རྟེན་སྐུ་བཞིའི་ལྗོན་བཟང་ལ། །
ཆོས་བྲེད་གྲང་བས་ནམ་ཡང་མིན། །
༢༨༢
མཆོག་དམན་སྐྱེ་བོ་སུ་ཡིས་ནི། །
བྲམ་ཟེ་དག་ལ་བསྟེན་ནུས་མིན། །
གང་གིས་བརྟེན་ན་བྱམས་པ་དང་། །
བརྩེ་བས་གཅེས་པ་ཐུབ་པ་ཙམ། །
༢༨༣
འདི་སྣང་འཁོར་བའི་ཕུན་ཚོགས་དག །
ཐར་བའི་གེགས་སུ་གཉོད་མེད་པ། །
འོན་ཏང་བཞི་བརྒྱ་རྩ་བཞིའི་ཁྲིམས། །
ལྡན་པའི་སྟོན་པས་ལམ་དུ་ཁྱེར། །
༢༨༤
དུག་གསུམ་ཉོན་མོངས་རལ་གྲི་ཡི། །
མཚོན་གྱི་སོ་ཁ་མཉེན་དུ་བསྒྱུར། །
འོར་ཆེ་ཏིལ་ཙམ་མི་བྱེད་ཅིང་། །
སངས་རྒྱས་མངོན་དུ་དོལ་ཆོད་ཨ། །
 
         སླར་སྨོན།

༢༨༥
འདི་ལྟར་ཐུབ་བསྟོད་པད་དཀར་དྲི། །
དད་གསུམ་སྣ་དབང་ལ་ཁྱབ་ནས། །
མི་ཕྱེད་དབྱངས་ཀྱི་བྷྲ་མ་རས། །
སྲིད་པའི་ཁམས་ནས་ལན་གཅིག་མྱོང་། །
༢༨༦
བདག་གཞན་ཀུན་རྟོག་དྲ་བ་ལས། །
མི་དགེའི་ཉོན་མོངས་རྡོ་བ་ཡིས། །
སྐྱེ་བ་སྔོན་ནས་ད་ལྟའི་བར། །
འཁོར་བའི་མཚོ་ལ་བྱིངས་པས་ན། །
༢༨༧
ད་ནི་ཟབ་ཆོས་མཁའ་དབྱིངས་སུ། །
ཚོགས་གཉིས་གཤོག་ཟུང་རྐྱོང་པ་ལ། །
རྣམ་དག་སེམས་ཀྱི་དད་པའི་རླུང་། །
ཡང་ཡང་རྒྱུད་ལ་ཉེ་བར་བསྐུལ། །
༢༨༨
གང་ཁྱེད་དྲན་པའི་མེ་ལོང་ངོས། །
བྱིན་རླབས་བརྙན་རིས་འཆར་ཕྱིར་དུ། །
མོས་གུས་ཡོལ་བའི་ལྷ་རེག་གིས། །
ཐལ་སྦྱར་དང་བཅས་ཡང་ཡང་ཕྱིས། །
༢༨༩
དེ་སླད་ཚངས་དབྱངས་ཁུ་བྱུག་གླུ། །
ཆོས་རིག་ནགས་ཀླུང་སྟུག་པོ་ཡི། །
སྙན་ངག་ལྗོན་པའི་འདབ་སྟེང་ནས། །
ཐུབ་བསྟོད་སྐད་སྙན་འདི་ལྟར་ཐལ། །
༢༩༠
སྐྱོན་བྲལ་བློ་གྲོས་གསར་བའི་མིག །
སྙིགས་དུས་སྐྱེ་བོར་ཡོད་མིན་ན། །
གང་གི་ཕུན་ཚོགས་རྡུལ་གྱི་ཆའི། །
ལེགས་ཉེས་རི་མོ་གསལ་ནུས་ཅི། །
༢༩༡
དེ་སྐད་དྲང་སྲོང་སྨྲ་བའི་གཏམ། །
མཆོག་གི་དམ་པས་མྱང་འོས་ཅན། །
མེད་ཕྱིར་དད་བརྩོན་རོ་མངར་འདི། །
མ་བཅོས་ཨ་མྲའི་སེམས་ལ་སྨིན། །
༢༩༢
ལྷ་མོར་མཆོད་པའི་དྲི་བཞོན་གྱིས། །
ཀེང་ཤུ་ཀ་ཡི་ནགས་ཀྱི་ལྗོངས། །
ལན་ཚར་ཅུང་ཟད་བསྐྱོད་པས་ཀྱང་། །
མཆོག་གི་འབྲས་བུ་ཕྱོགས་ཀུན་ཉེ། །
༢༩༣
གང་གི་ལེགས་ཚོགས་དབྱར་གྱི་མཚོ། །
སོས་ཀའི་དཔལ་གྱིས་བོས་པ་ན། །
ཕྲ་ཚོམ་འཇིགས་མེད་མེ་ཏོག་ཚོགས། །
ཁོ་བོའི་བློ་ཡི་ལྗོངས་སུ་བཞད། །
༢༩༤
སྙན་པའི་ཚིག་གི་བདུད་རྩིའི་ཆར། །
འབེབས་ལ་མཁས་པ་མ་གྱུར་ཀྱང་། །
མོས་གུས་ཆུ་ལྡན་ཕང་བ་ལས། །
བཟོད་མེད་གཤིས་ཀྱི་ངང་ནས་འཇོ། །
༢༩༥
ཐུབ་པ་མཆོག་དེས་ལེགས་མཛད་ཀྱིས། །
མཁས་རྣམས་ཡིད་ལ་དགའ་བ་བསྐྱེད། །
སྤྲིན་སྔོན་འདུས་པའི་རྔ་གསེང་གིས། །
གཙུད་ཕུད་ཅན་ནི་སྐལ་བཟང་བཏམས། །
༢༩༦
དེ་ཕྱིར་ཐུབ་བསྟོད་སྒེག་མོའི་གཟུགས། །
ཟླ་བྲལ་ངག་གི་དཎྜི་ཡི། །
རིག་ཤེས་ཚོན་མང་འཐུང་བ་ལས། །
མཛེས་བྱེད་པིར་གྱིས་འདི་ལྟར་བྲིས། །
༢༩༧
ཉན་འོས་གཏམ་གྱི་དྲི་ཟའི་དབྱངས། །
ངོ་མཚར་ཚིག་གི་བཀོད་པ་ཅན། །
ཕྱོགས་ཀྱི་དཔལ་མོའི་རྣ་བ་ལ། །
སྒྲོག་པར་འོས་པ་འབད་པས་སྒྲུབ། །
༢༩༨
སྙན་པའི་འཆར་ཀ་ལྷུང་བ་ཡིས། །
དཔྱོད་ལྡན་བཞིན་རས་སྐྱེངས་མིན་ན། །
སོར་རྩེས་བཏབ་པའི་ཡིད་འོང་ཚལ། །
བློ་གསར་རྐང་དྲུག་རྩེན་པར་རིགས། །
༢༩༩
ཚིག་སྦྱོར་རབ་གསལ་ངག་དབང་མའི། །
རྒྱུད་མངས་ཆོས་དོན་སྙིང་བཅུད་ཅན། །
འདི་ཡང་ལེགས་པར་གོ་མིན་ན། །
དེ་ནི་བ་ལང་རྣ་བའི་ཟླ། །
༣༠༠
དེས་ན་སྡེབ་ལེགས་གསར་བ་འདིར། །
ཕུན་ཚོགས་བརྒྱན་གྱིས་རབ་སྤུད་ནས། །
ཐུབ་བསྟོད་བཀྲ་ཤིས་དཔལ་བེའུ་ཡི། །
ལང་ཚོའི་མཛེས་པ་འདི་ནས་རྫོགས། །
 
ཞེས་བོད་ལྕགས་བྱི་ལོ་ཡི་སྣྲོན་ཟླ་བའི་དམར་ཕྱོགས་རྫོགས་པ་གསུམ་པའི་ཉིན་རྒྱབ་རི་དུང་དཀར་གཡས་འཁྱིལ་ལམ་བྲག་ཆེན་པདྨ་ཤེལ་རྫོང་གི་ས་འཛིན་ཆེན་པོའི་ལྷ་ཞོལ། གནས་མཆོག་སྔོན་མོ་གནམ་རྫོང་གི་གཡས་ངོགས། དར་ཀླུང་ཆུ་བོ་དལ་གྱིས་འབབ་པའི་ཉེ་འགྲམ་དབེན་གནས་དྲུང་དགོན་ཐུབ་བསྟན་གསང་སྔགས་སྨིན་གྲོལ་དར་རྒྱས་གླིང་གི་ཆོས་སྡིངས་ནས། ཁྲིམས་ལྡན་གྱི་ཤཱཀྱའི་དགེ་སྦྱོང་དུ་མ་ཞིག་དང་ལྷན་དུ་ཆོས་འཆད་ཉན་དང་ཆོ་ག་ཕྱག་ལེན་ཟུང་འབྲེལ་གྱིས་དབྱར་གནས་པའི་དུས་སུ། སྐབས་དེ་དང་བསྟུན་ནས་སྲིད་ཞིའི་ལམ་སྟོན་ཆེན་མོ་དཔལ་རྒྱལ་བུ་གཞོན་ནུ་དོན་ཀུན་གྲུབ་པ་མཆོག་ལ་དགའ་བ་དང་དད་མོས་ཀྱིས་ཀུན་སློང་བཟང་པོས་རྒྱུད་ཉེ་བར་བསྐུལ་ཏེ་ཕྲན་དྲུང་རམས་པ་བརྩོན་འགྲུས་རྒྱ་མཚོའམ་ཐུབ་བསྟན་ཤཱཀྱ་སེངྒེས་གུས་པ་ཆེན་པོས་ཕུལ་བའོ། །  དགེའོ། ། དགེའོ། ། དགེའོ། །
རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།