སྙན་ངག་ཅིག་བཀླགས་རྗེས།(ཞར་བཀོད་གཉིས་ཡོད)
སྟོང་པའི་ངོ་བོ་ནབ་པའི་མཁའ་ནས་འབབ།།
འཁྲུལ་བའི་འཇའ་ཚོན་རྡོལ་བཞིན་མཁའ་ནས་འབབ།།
སྒྱུ་མའི་རང་བཞིན་རྩལ་གྱིས་སྤྲུག་ནས་འབབ།།
རྡུལ་གྱི་ཕུང་པོ་སྣ་ཚོགས་ཆག་ཆག་བཏབ།།
སྐེམ་པའི་རྩད་པ་གྱོང་པོ་ངང་གིས་བརླན།།
སམ་སིམ་འཐོར་ཞིང་ཤག་ཤག་འཇོ་བ་ལ།།
ལོ་ལེགས་སྙེ་མ་སེམས་ཀྱི་གཤིན་སར་ལྡེམ།།
ང་ནི་ཟས་ཀྱིས་འགྲངས་ཀྱང་སྔར་བཞིན་བཀྲེས།།
རྣམ་རྟོག་ཡ་མ་བླ་ཡིས་རྟག་ཏུ་མནར།།
སྡུག་པའི་ཆ་རེ་ནབ་པའི་ཡིག་འབྲུ་རེས།།
བཙལ་བ་གང་ཞིག་བསྩལ་དང་གཉིས་མ་མཆིས།།
མཛེས་པ་དངོས་ནི་ཡིད་ལ་སིམ་དག་མཛེས།།
སྟོང་བའི་འཕལ་ག་གང་ལ་འཕྲོད་དེ་མཛེས།།
མི་ཆེ་མི་ཆུང་ཁྲིག་ཁྲིག་ཚད་དེ་མཛེས།།
ང་ཡི་ཚབ་ཏུ་བྲིས་འདྲའི་ཚིག་དག་མཛེས།།
སྣ་ཚོགས་མཛེས་པ་གཟུགས་སུ་མ་མཆིས་ཀྱང་།།
སེམས་ཀྱི་མིག་ཟུང་དང་པས་བཟི་ནས་འགྲོ།།
གཉུག་མའི་མདངས་དང་བཅོས་མའི་ཉམས་འགྲེལ་བའི།།
སྲོག་གི་ནང་མ་སྐྱོབ་པའི་ཚིག་དག་ཨང་།།
རྙེད་པ།
དོན་ལེགས་སྟོན་གྱི་མཛུབ་མོ་གེར་བར།།
ཚིག་འཁྲུལ་མེད་ཀྱི་སྦྱོར་བ་སྡེབ་བྱེད།།
བརྡ་སྐད་ཆ་ཡི་རུ་བ་ཆུང་ཆུང་།།
མིང“རྙེད་པ”འདིའི་ངོ་གདོང་བསེད་ན།།
རྒྱུ་བདག་མེད་ཅིག་ལག་ཏུ་རག་དང་།།
དངོས་གང་རུང་ཞིག་སྟོར་བ་ལོན་དང་།།
ནོར་ལོངས་སྤྱོད་ཀྱི་དོན་ལ་འཇུག་ཅིང་།།
བགོས་ཐོབ་སྐལ་གྱི་ནོར་ལ་ཡང་འཇུག །
བྱ་ཡངས་དོག་གི་འབྲས་བུ་སྣ་གཉིས།།
ལས་ཐོབ་ཤོར་གྱི་ལེགས་ཆར་འཇུག་གོ །
མཐའ་དཔག་མེད་ཀྱི་ཚིག་གི་རྒྱ་མཚོར།།
འབྲུ་ནས་རྡོག་གི་བོངས་ཙམ་ངེས་པའི།།
བརྡ“རྙེད་པ”ཡི་བརྗོད་བྱའི་དོན་ཉིད།།
དུས་ངེས་མེད་ཀྱི་རླུང་འཚུབ་ནང་བཞིན།།
མི་གང་ཡིན་གྱི་སེམས་ནས་འཚུབ་ཏེ།།
དོན་རགས་ཞིབ་ཀྱི་ཀ་དག་བསྒྲུབ་སོང་།།
ཚོན་སྡེབ་འཕྱུག་གི་རི་མོ་ནང་བཞིན།།
མདོག་དཀར་ནག་གི་དབྱེ་མཚམས་རུབས་ནས།
ལུགས་ཡོ་འཛོལ་གྱི་ལམ་བུ་བཏོད་བྱུང་།།
རླུང་འཇགས་མེད་ཀྱི“རྙེད་པས”བསྒུལ་བའི།།
ཁམས་སྣོད་བཅུད་ཀྱི་ཆོས་ཀུན་ཡམ་ཡོམ།།
༢༠༢༠–༨–༥ཉིན་གྲུབ།
མཛེས་པའི་གཏན་བྲལ་འདི་དག
མཇུག་མཐའི་ཉི་ནུབ་འདི་ཡང་མོ་རླུང་བཞིན་ལྕི།།
སྣང་བའི་ལྡེབ་ངོས་སུ་གྲང་མོ་ཆུ་བཞིན་ལྷུང་།།
སཱ་ཧཱའི་བྱེ་ཐང་དུ་སྐྱེས་པའི་མེ་ཏོག་ལྟར ། །
མཐའ་མེད་ཁེར་རྐྱང་གི་མཛེས་པ་རབ་སྲུང་བའི།།
ང་ཡི་སྒྲུང་ནང་གི་བུ་མོ་འདས་ནས་ཐལ།།
ཁོ་མོས་ཞེན་ཆགས་ཀྱི་ཕྱིར་མིག་སེམས་ནས་འཕངས།།
སེམས་པའི་ཕྱི་ནང་གི་ཉེ་རིང་ཀུན་ལ་འཕངས།།
ཞེ་ཡིས་མ་ཐེག་པའི་སྐད་ཆ་ཤོག་གུར་སྤུངས་།།
དྲན་པ་གནས་མེད་ཀྱི་གདུང་བའི་ཁལ་ཁུར་བའི།།
སྲབ་མོའི་ཤོག་ལྷེ་དེ་གོར་མོ་རྡོ་ལས་ལྕི།།
སྲོད་ཀྱི་ཡོལ་བ་འདི་དུས་ཀྱིས་འཐེན་ནས་འོང་།།
རེ་བའི་སང་ལོ་ཞིག་ཁད་ཀྱིས་བསུ་དགོས་བྱུང་།།
ཚིག་དང་བརྩེ་བ་ཡི་སྒྱུ་མའི་འཕྲུལ་མཛེས་པའི།།
སྒྲུང་འདིའི་སྡེབ་བུ་གཅིག་ཕར་ལ་བསྒྱུར་བའི་རྗེས།།
ལོ་མགོའི་སྐྱ་རེངས་དང་རྟོགས་འཆར་མཉམ་གསལ་ཤོག།
མཇུག་མཐའི་ཉི་ནུབ་དང་ས་སྲོད་གཉོམ་པོ་འདི།།
སྒྲུང་ནང་བུ་མོ་ཡི་ཚེ་སྲོག་ནང་བཞིན་དུ།།
སེམས་ཀྱི་ག་ཤེད་དུ་སྟོན་མཐའི་མེ་ཏོག་ལྟར།།
མཛེས་པའི་ཆ་ཀུན་གྱིས་ཕངས་པའི་རླབས་བསྐྱིལ་བཞིན།།
དུས་ཀྱི་གཙང་གཞུང་དུ་སྤྲིན་བཞིན་དྭངས་ཤིང་རྫོགས།།
༢༠༡༩-༡༢-༣༠ཉིན《ཇ་ཤིང་མེ་ཏོག་མ》ཀློག་གིན་ལོ་མཇུག་གི་ཉི་ནུབ་སྐྱེལ་སྐབས་སུ་ཤར་མར་བྲིས།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།