མཚོ་སྐྱེས་རྡོ་རྗེ།

རྣོ་གྲི།(གསེར་རྟ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2022-02-16
     ----  ༧ ཨོ་རྒྱན་ཆེན་པོ་རྗེས་སུ་དྲན་པ།
 
དོན་བརྒྱུད་གསུམ་གྱི་ཉི་མ་སྙིང་ལ་ཤར་ཞིང་། །
ཆོས་གདམས་ཟབ་ཀྱི་བདུད་རྩི་བོད་ལ་འདྲེན་པའི། །
སྔགས་རིག་འཛིན་གྱི་ཁྱུ་མཆོག་པདྨ་ཀ་ར། །
སེམས་སྐྱེ་མེད་ཀྱི་དབྱིངས་ན་རྟག་ཏུ་བཞུགས་ཀྱང་། །
རྐྱེན་གློ་བུར་གྱི་རྟོག་པའི་ཡོལ་བ་སྲབ་མོས། །
ཕ་བླ་མ་ཡི་གསེར་ཞལ་སྒྲིབ་འདི་སྐྱོ་འང་། །
 
ལུས་འཆི་མེད་ཀྱི་ཚེ་མདུད་གཡས་སུ་འཁྱིལ་ཞིང་། །
ངག་འཁྲུལ་གྲོལ་གྱི་བརྡ་ལུང་བོད་ལ་ཕབ་པའི། །
གནས་མཁའ་སྤྱོད་ཀྱི་ཚོགས་དཔོན་ཧེ་རུ་ཀ་དཔལ། །
དོན་ཡིན་ལུགས་ལ་གཤེགས་བཞུད་ལར་ནས་མེད་ཀྱང་། །
སེམས་གཉིས་འཛིན་གྱི་རྟོག་ངན་བཟློག་པའི་ཆེད་དུ། །
ནུབ་སྲིན་ཡུལ་ལ་སྲིན་ཚོགས་འདུལ་དུ་བྱོན་སྐད། །
 
ཚེ་འདི་ཉིད་ལ་འཇའ་ལུས་འཕོ་ཆེན་གྲུབ་ཅིང་། །
གདང་སྐུ་བཞི་ཡི་ངོ་སྤྲོད་བོད་ལ་ཕུལ་བའི། །
དཔལ་བསམ་ཡས་ཀྱི་གྲུབ་པའི་སློབ་དཔོན་ཆེན་པོ། །
འཁོར་རྗེ་འབངས་དང་འདུ་འབྲལ་ཡེ་ནས་མེད་ཀྱང་། །
གཤིས་གནས་ལུགས་ཀྱི་རྩལ་ཁ་མུན་པས་བསྒྲིབས་ནས། །
གངས་ཉི་ཤར་གྱི་བླ་མ་མ་མཐོང་སྐྱོ་འང་། །
 
གཤིས་འགག་མེད་ཀྱི་རྒྱལ་སར་རང་ནས་འབྱོར་ཞིང་། །
ཆོས་འཛད་མེད་ཀྱི་ཟབ་གཏེར་བོད་ལ་གནང་བའི། །
བོད་གངས་ཅན་གྱི་འདྲེན་པ་མཚོ་སྐྱེས་རྡོ་རྗེ། །
གྲོགས་མཚོ་རྒྱལ་དང་འཁོར་འབངས་ཤུལ་དུ་བསྐྱུར་ནས། །
གནས་སྲིན་ཡུལ་ལ་རྟ་མཆོག་ཁ་ལོ་བསྒྱུར་དུས། །
འཁོར་སློབ་ཚོགས་ཀྱི་གདུང་བའི་སྨྲེ་སྔགས་གསན་ནམ། །
 
ལུས་རྫུ་འཕྲུལ་གྱིས་ལྷ་འདྲེ་བྲན་དུ་བཀོལ་ཞིང་། །
བརྡ་འགྱུར་མེད་ཀྱི་གཏེར་སྒྲོམ་བྲག་ལ་སྦས་ནས། །
གནས་གངས་ལྡན་གྱི་རི་བྲག་བྱིན་གྱིས་བརླབས་པའི། །
ཕ་བརྒྱུད་གསུམ་གྱི་བྱིན་རླབས་སེམས་ལ་དྲན་ནས། །
ཡིད་མོས་གུས་ཀྱིས་གདུང་བའི་ཤུགས་ཀྱིས་འབོད་དོ། །
 
                     ༢༠༢༢ལོའི་ཟླ་༢ཚེས་༡༤ཉིན་རྒྱལ་དབང་ཨོ་རྒྱན་ཆེན་པོར་མོས་གུས་ཀྱི་དད་འདུན་མི་དམན་པ་རྣོ་གྲི་ནས་བྲིས།
 
རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

མཚོ་སྐྱེས་རྡོ་རྗེ།

2022-02-16 རྣོ་གྲི།(གསེར་རྟ) ཀློག་གྲངས། མཆན ཡོད།
     ----  ༧ ཨོ་རྒྱན་ཆེན་པོ་རྗེས་སུ་དྲན་པ།
 
དོན་བརྒྱུད་གསུམ་གྱི་ཉི་མ་སྙིང་ལ་ཤར་ཞིང་། །
ཆོས་གདམས་ཟབ་ཀྱི་བདུད་རྩི་བོད་ལ་འདྲེན་པའི། །
སྔགས་རིག་འཛིན་གྱི་ཁྱུ་མཆོག་པདྨ་ཀ་ར། །
སེམས་སྐྱེ་མེད་ཀྱི་དབྱིངས་ན་རྟག་ཏུ་བཞུགས་ཀྱང་། །
རྐྱེན་གློ་བུར་གྱི་རྟོག་པའི་ཡོལ་བ་སྲབ་མོས། །
ཕ་བླ་མ་ཡི་གསེར་ཞལ་སྒྲིབ་འདི་སྐྱོ་འང་། །
 
ལུས་འཆི་མེད་ཀྱི་ཚེ་མདུད་གཡས་སུ་འཁྱིལ་ཞིང་། །
ངག་འཁྲུལ་གྲོལ་གྱི་བརྡ་ལུང་བོད་ལ་ཕབ་པའི། །
གནས་མཁའ་སྤྱོད་ཀྱི་ཚོགས་དཔོན་ཧེ་རུ་ཀ་དཔལ། །
དོན་ཡིན་ལུགས་ལ་གཤེགས་བཞུད་ལར་ནས་མེད་ཀྱང་། །
སེམས་གཉིས་འཛིན་གྱི་རྟོག་ངན་བཟློག་པའི་ཆེད་དུ། །
ནུབ་སྲིན་ཡུལ་ལ་སྲིན་ཚོགས་འདུལ་དུ་བྱོན་སྐད། །
 
ཚེ་འདི་ཉིད་ལ་འཇའ་ལུས་འཕོ་ཆེན་གྲུབ་ཅིང་། །
གདང་སྐུ་བཞི་ཡི་ངོ་སྤྲོད་བོད་ལ་ཕུལ་བའི། །
དཔལ་བསམ་ཡས་ཀྱི་གྲུབ་པའི་སློབ་དཔོན་ཆེན་པོ། །
འཁོར་རྗེ་འབངས་དང་འདུ་འབྲལ་ཡེ་ནས་མེད་ཀྱང་། །
གཤིས་གནས་ལུགས་ཀྱི་རྩལ་ཁ་མུན་པས་བསྒྲིབས་ནས། །
གངས་ཉི་ཤར་གྱི་བླ་མ་མ་མཐོང་སྐྱོ་འང་། །
 
གཤིས་འགག་མེད་ཀྱི་རྒྱལ་སར་རང་ནས་འབྱོར་ཞིང་། །
ཆོས་འཛད་མེད་ཀྱི་ཟབ་གཏེར་བོད་ལ་གནང་བའི། །
བོད་གངས་ཅན་གྱི་འདྲེན་པ་མཚོ་སྐྱེས་རྡོ་རྗེ། །
གྲོགས་མཚོ་རྒྱལ་དང་འཁོར་འབངས་ཤུལ་དུ་བསྐྱུར་ནས། །
གནས་སྲིན་ཡུལ་ལ་རྟ་མཆོག་ཁ་ལོ་བསྒྱུར་དུས། །
འཁོར་སློབ་ཚོགས་ཀྱི་གདུང་བའི་སྨྲེ་སྔགས་གསན་ནམ། །
 
ལུས་རྫུ་འཕྲུལ་གྱིས་ལྷ་འདྲེ་བྲན་དུ་བཀོལ་ཞིང་། །
བརྡ་འགྱུར་མེད་ཀྱི་གཏེར་སྒྲོམ་བྲག་ལ་སྦས་ནས། །
གནས་གངས་ལྡན་གྱི་རི་བྲག་བྱིན་གྱིས་བརླབས་པའི། །
ཕ་བརྒྱུད་གསུམ་གྱི་བྱིན་རླབས་སེམས་ལ་དྲན་ནས། །
ཡིད་མོས་གུས་ཀྱིས་གདུང་བའི་ཤུགས་ཀྱིས་འབོད་དོ། །
 
                     ༢༠༢༢ལོའི་ཟླ་༢ཚེས་༡༤ཉིན་རྒྱལ་དབང་ཨོ་རྒྱན་ཆེན་པོར་མོས་གུས་ཀྱི་དད་འདུན་མི་དམན་པ་རྣོ་གྲི་ནས་བྲིས།
 
རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།