རྨོག་རུ་སངས་རྒྱས་རྒྱ་མཚོའི་སྙན་རྩོམ་གསར་པ་ཁག་གཉིས།

རྨོག་རུ་སངས་རྒྱས་རྒྱ་མཚོ།(དྷཱིཿཚ།) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2022-08-14

༄༅། །གངས་ལྗོངས་ཡུལ་ལ་བསྔགས་པ་སྙན་ཚིག་འཕང་འགྲོའི་སྒྲ་དབྱངས།

གདོད་ནས་དག་པའི་ཤེལ་དཀར་ལྷུན་པོའི་མཚར་སྡུག་འབུམ་གྱི་སྣང་བ་ཡིས།།
འཛིན་མའི་གཞོངས་ལ་དཀར་དམར་མེ་ཏོག་ལེགས་མཛེས་བཀྲག་མདངས་རྣམ་པ་རྒྱས།།
བསོད་ནམས་དཔལ་གྱིས་རྣམ་པར་ཕྱུག་པའི་ཕན་བདེའི་གྲིབ་བསིལ་སྤྲིན་དཀར་འོག།
ལས་འབྲས་སྤྱོད་པའི་འཛུམ་ཟེར་རྒྱས་པའི་གངས་རིའི་མཛེས་སྡུག་བརྟན་ཅིང་བརླིང་།།
 
རྒྱལ་བསྟན་ལུང་རྟོགས་རིན་ཆེན་སྤུངས་པའི་གྲུ་འཛིན་ནོར་བུའི་འགྱིང་འགྲོས་ཀྱིས།།
གཞན་རིགས་སྟོབས་འབྱོར་དྲེགས་པས་ཁེངས་པའི་སྲིད་གསུམ་ར་བ་དབང་དུ་བསྡུས།།
ཟབ་རྒྱས་ཆོས་ཀྱིས་རྒྱ་ཆེར་སྐྱོང་བའི་ཁ་བའི་ཆོས་ཀྱི་གླིང་གའི་ལྗོངས།།
ལྷུན་གྲུབ་བཀོད་པས་འབྱམས་སུ་ཀླས་པའི་བྱིན་རླབས་མཛོད་ཀྱི་མཚོ་ཆེན་ལྟེམས།།
 
རྣམ་དག་མདོ་སྔགས་བསྟན་པའི་ཡང་སྙིང་གཞི་གསུམ་དཔལ་གྱིས་རབ་རྒྱན་པའི།།
ཟུང་འཇུག་ལམ་རིམ་མགུར་གྱིས་གྱེར་བའི་ཟག་མེད་བདེ་ཆེན་རོལ་བའི་གར།།
གངས་རིའི་ཕྲེང་བར་ཚར་དུ་མངོན་པའི་ངེས་དོན་གུར་ཀུམ་གཞོན་ནུའི་དཔུང་།།
དགྲ་ཉོན་གཡུལ་ངོ་ཐལ་བར་བཅོམ་པའི་བཀའ་གདམས་བསྟན་འཛིན་བཞིན་དུ་འཕགས།།
 
བཀྲ་ཤིས་གནམ་སྔོན་དབང་གཞུས་རྒྱན་པའི་ཀུན་ཡིད་དབང་མེད་འགུགས་པའི་ལྗོངས།།
རྒྱལ་བསྟན་བྱིན་རླབས་ཁུར་གྱིས་བརྗིད་པའི་ཐེག་ཆེན་གྲུ་ཆར་འཇོ་བའི་ཞིང་།།
གཅིག་ཏུ་འདྲེས་པའི་བློ་དཀར་གཞུང་དྲང་རང་རིགས་སྐྱེས་འགྲོའི་གཞིས་ཁམས་འདི།།
ལེགས་བྲིས་གྲོང་ལའང་འཛུམ་པ་སྟེར་བའི་འགྲན་མེད་འཛམ་གླིང་རྒྱན་དུ་ཆེ།།
 
ནོར་ལྡན་གཏེར་གྱི་ཀུན་ཕན་རིན་ཆེན་རྫ་ཕྲེང་རིང་མོའི་མངལ་དུ་སྦྲུམ།།
སྙིང་རྗེ་ཡན་ལག་ཆུ་ལྡན་བཅུད་ཀྱིས་དཔྱིད་གསར་སྨན་རྩྭའི་དྲི་བཞོན་གསོ།།
དབང་མེད་མྱོང་བའི་ཡུལ་དུ་གྲུབ་པའི་རང་རིགས་ཡུལ་གྱི་རྒྱལ་ཁམས་འདི།།
ཀྱེ་མ་རྫོགས་ལྡན་དཔྱིད་དཔལ་གཞོན་ནུས་བདག་ལ་གནང་བའི་བགོ་སྐལ་ལོ།།
 
ངེས་མེད་རང་བྱུང་དཔལ་གྱིས་ལྡང་པའི་མེ་ཏོག་དྲི་བསུང་ཕྱོགས་ཀུན་ཁྱབ།།
མཐའ་བཞིར་དཔག་ཚད་ཚད་ལས་འདས་པའི་རྩྭ་ཐང་ཆེན་པོའི་རྒྱ་ཁྱོན་ཡངས།།
འདབ་བཟང་བྱ་རྒྱལ་རྒོད་པོའི་ཚོགས་ཀྱི་གཤོག་ཟུང་འུར་སྒྲས་མཁའ་ལམ་བརྟོལ།།
ངོ་མཚར་གྲགས་པ་དོན་གྱིས་འཁྲོལ་བའི་འགྲོ་མང་ཡིད་ཀྱི་ལྕགས་ཀྱུ་འགུགས།།
 
རབ་བརྗིད་དག་པ་ལྷུན་པོའི་ཡོངས་བསྐོར་ཐུགས་རྗེ་ལྷ་ཡི་གནས་མཆོག་འདིར།།
རབ་མཛེས་བཅུ་ཕྲག་རིག་པའི་འདབ་མའི་བདེན་བསུང་དྲི་མཆོག་ལེགས་འཐུལ་ཞིང་།།
རབ་སྙན་དྲི་ཟའི་དབྱངས་དང་མཚུངས་པའི་འཆད་རྩོམ་རྩོད་པའི་སེང་གེའི་སྒྲ།།
རབ་དཀོན་རྒྱལ་བའི་བསྟན་པ་སྐྱོང་བའི་དགེ་འདུན་ཚོགས་ཀྱི་ངག་ཏུ་མཆེད།།
 
སུམ་རྩེན་བཀོད་པ་ཁྱད་དུ་མཚར་བའི་དབང་ཕྱོགས་ལྷུན་པོའི་ཡངས་རྩེ་རུ།།
ཉི་མའི་ཁང་བཟང་ཕྱོགས་སུ་འདྲེན་པའི་རྟ་ལྗང་གཞོན་ནུའི་ལང་ཚོ་ངོམས།།
ས་འཛིན་ཕྲེང་བའི་རྒྱན་དུ་བསྟར་བའི་སྲོག་ལྡན་གཡུ་སྦྲང་ཕྱེ་ལེབ་ཚོགས།།
མཛེས་སྡུག་སྤང་ལྗོངས་མངལ་དུ་སྦྲུམ་པའི་ཁྱད་ནོར་བཅུད་ཀྱི་རང་མདངས་སོ།།
 
མེས་པོ་བཟོ་བའི་བློ་གྲོས་སྟོབས་ཀྱིས་ཐགས་བཟང་སྦྲ་གུར་ཕུབ་པའི་འོག།
ཐུབ་བསྟན་ལང་ཚོས་རབ་ཏུ་རྒྱན་པའི་རྣམ་དག་བོད་པའི་གཤིས་ལུགས་ཉིད།།
གང་དུ་སོང་ནའང་ཡིད་སྨོན་འཆོར་བའི་བྱམས་བརྩེ་འཛུམ་གྱིས་རྒྱན་པ་འདི།།
མཐོ་རིས་ཚལ་འདིའི་རྒྱན་དུ་གྱུར་བའི་ལེགས་སྤྱོད་ཕུན་ཚོགས་འབྲས་རྟགས་སོ།།
 
གངས་རི་ཁ་བའི་རྡུལ་མང་འཐོར་བའི་འཛད་མེད་གཏེར་གྱི་རི་ལུང་ཀུན།།
རྨིག་བཞིའི་ཚོགས་ཀྱིས་ཡོངས་སུ་ཁྱབ་པའི་མཐར་བཞིར་སྒེག་པའི་རྒྱན་དུ་གྲུབ།།
དྭངས་གཙང་ཆུ་གཏེར་མཚོ་དང་མཚེའུ་དལ་གྱིས་འབབ་པའི་འགྲོས་འགྱུར་གྱིས།།
འཆི་མེད་ལྷ་ཡི་སྲས་མོའི་ཚོགས་ཀྱང་ཁྲུས་ལ་རོལ་བའི་སྟ་གོན་བསུ།།
 
མར་གད་གཡུ་ཡི་རི་གླིང་བཀོད་པའི་ནོར་འཛིན་ལྷ་ཡི་དགའ་ཚལ་དུ།།
མདོག་ལེགས་སྣོད་བཅུད་རིན་ཆེན་ཚོམ་བུས་ཡིད་ཀྱི་བརྟན་པ་ཅིག་ཅར་འཕྲོག།
སྲིད་འབྱོར་སྟོན་ཟླ་དྭངས་གསལ་ལྟེང་ཀའི་མཚོ་གཞོན་པདྨོ་འཛུམ་པའི་དཔལ།།
མངོན་དགའ་རབ་མཛེས་གངས་རིའི་ཞིང་གི་ངོ་མཚར་རྒྱན་གྱི་ངོས་སུ་འཕོས།།
 
ཨེ་མ་མཉེན་གཤིན་བྱམས་བརྩེ་འོད་ཀྱིས་བྱིན་རླབས་ཞུགས་པའི་དཔལ་རྫོགས་པ།།
བདེ་ལེགས་འདོད་རྒུ་ནོར་བུའི་སྦྲང་ཆར་ཟམ་ཟིམ་འཕྱོ་བའི་ཁང་བཟང་སྟེ།།
མ་ཡུམ་གངས་ལྗོངས་གསེར་སྦྱངས་དུལ་མ་ཐང་ལ་བརྡལ་བའི་ལང་ཚོ་ཉིད།།
སྲིད་གསུམ་དགྱེས་པའི་རབ་དཀར་གངས་ཀྱི་མེ་ཏོག་འཛུམ་པའི་མཆོད་སྤྲིན་འདྲ།།
 
འདི་རུ་ཐེག་ཆེན་ཟབ་རྒྱས་ཆོས་ཀྱི་སྔོན་མེད་བཤད་སྒྲུབ་རོལ་རྩེད་ཀྱིས།།
མ་ལུས་ཕྱོགས་ཀྱི་འགྲོ་ལྡན་དཔལ་མོའི་མངོན་དགའི་འཛུམ་པ་རྒྱན་དུ་བསྟར།།
ཐུབ་བསྟན་གདུགས་དཀར་ཡོལ་བས་ཁྱབ་པའི་མཐོ་རིས་སུམ་རྩེན་གངས་རིའི་ལྗོངས།།
ལུགས་གཉིས་འཕྲིན་ལས་ཉི་ཟླའི་ཞགས་པས་དངོས་གྲུབ་མཛོད་ཀྱི་གཏེར་དུ་བསྒྱུར།།
 
སྔོན་བྱོན་པཎ་གྲུབ་རིམ་པར་བྱོན་པའི་བསྟན་འཛིན་སྐྱེས་བུའི་ཐུགས་རྗེ་ལས།།
སྲིད་འདིར་དཀོན་པའི་ལེགས་མཛད་གཙུག་ལག་གང་གཱའི་ཀླུང་གི་བྱེ་མའི་གྲངས།།
འགྲོ་བ་བློ་ཡི་སྐྱེད་ཚལ་དོ་རར་རྣམ་པར་དྲངས་པའི་བྱིན་མཐུ་ཡིས།།
འཇིག་རྟེན་ལེགས་ཚོགས་དཔལ་དུ་གྱུར་བའི་ཐུ་བྷོད་རིག་གནས་ཀུན་གྱིས་བསྔགས།།
 
ཕུན་ཚོགས་སྡེ་བཞིའི་མཁའ་ལས་འགོངས་པའི་འོད་འདུས་འཇའ་ཚོན་འཛུམ་རིས་ཀྱིས།།
ཕྱོགས་ཀུན་བརྒྱན་པའི་མཛེས་སྡུག་བཀྲ་བ་བསྔགས་བརྗོད་རོལ་མོའི་གདངས་སུ་འདྲེས།།
དྲེགས་པ་བསིལ་ལྡན་སྣོད་བཅུད་འབྱོར་བའི་བདེ་སྐྱིད་ཉི་མའི་དཀྱིལ་འཁོར་ནང་།།
ནང་སེམས་འདུལ་བའི་ཞི་འཇགས་སྒོམ་པ་སྡོམ་བརྩོན་དཔལ་གྱིས་སྙོམས་པར་ཞུགས།།
 
ཕོངས་སེལ་གཡང་ལྡན་སྟོབས་འབྱོར་ཟས་གོས་འབྲུ་རིགས་དཔལ་གྱིས་འདོད་དགུ་འཕེལ།།
གང་བསམ་བསམ་དོན་ལྷུན་གྱིས་འགྲུབ་པའི་ཀླུང་རྟའི་དངོས་གྲུབ་ཆར་བཞིན་འབབ།།
ལྷ་ཡི་དཔལ་དང་ཀླུ་ཡི་སྟོབས་ལ་འགྲན་བཟོད་ཉམས་དགའི་དཔལ་སྦྱིན་པ།།
མི་ཟད་བདེ་ལེགས་དཔལ་དུ་འབར་བའི་རང་རིགས་བདེ་སྐྱིད་ཀུན་གྱིས་བསྔགས།།
 
འཕྱོར་སྒེག་རབ་ཡངས་མཛེས་པར་ཆགས་པའི་བསོད་ནམས་དཔལ་གྱི་སྦྲམ་བུའི་ཞིང་།།
ངེས་དོན་གཏན་གྱི་འདུན་མའི་བ་དན་རིན་ཆེན་ཟ་འོག་དར་གྱིས་གཡོ།།
ཆོས་སྤྱོད་ལེགས་མཛད་ནོར་བུ་བརྩེགས་པའི་སྟོབས་ལྡན་རྒུད་པའི་མུན་སེལ་བ།།
གྲགས་སྙན་དུང་དཀར་ཕྱོགས་སུ་ཁྱབ་པའི་མ་ཡུམ་གངས་ལྗོངས་ལས་གཞན་སུ།།
 
དེ་ལྟར་སྲིད་འབྱོར་སྟོབས་སུ་རྫོགས་པའི་མངོན་སྒེག་མཐོ་རིས་སྐྱེད་མོས་ཁམས།།
འཕྲལ་ཡུན་རྣམ་དཀར་ལེགས་བྱས་དོ་ཤལ་འཕྱར་གཡེང་ཉམས་ཀྱིས་རབ་རྒྱན་ནས།།
བཅུ་ཕྲག་རིག་པའི་ནོར་བུའི་འཛུམ་རིས་ལུགས་གཉིས་བརྟན་གཞིས་དཔལ་གྱུར་ཏེ།།
འབྱུང་བོ་འཛིན་མའི་ལྟེ་བར་གྱུར་བའི་རབ་དཀར་གངས་ལྗོངས་མཛེས་གྱུར་ཅིག།
   ཅེས་པ་འདི་ནི་བོད་རབ་བྱུང་བཅུ་བདུན་པའི་བགྲང་བྱ་སོ་དྲུག་པ་དགེ་བྱེད་ཅེས་པ་ཆུ་ཕོ་སྟག་གི་ལོའི་ནག་པའི་ཉ་ལ་སྙན་ཚིག་གི་ཕྲེང་བ་བརྒྱུས་པར་རབ་ཏུ་སྤྲོ་བ་རྨོག་རུ་སངས་རྒྱས་རྒྱ་མཚོར་འབོད་པས་རང་ཉིད་བསྟུད་མར་བོད་ཁམས་ཀྱི་གནས་ཡུལ་མང་པོར་གནས་མཇལ་སྤྲོ་གསེང་དུ་སོང་སྐབས་ཀྱི་མཐོང་ཐོས་དྲན་རེག་གི་ཡུལ་དུ་གྱུར་བ་རེ་འགའ་བརྗོད་གཞིར་བྱས་ནས་བྲིས་པ་འདིས་ཕྱོགས་ཀུན་བཀྲ་ཤིས་དགེ་མཚན་འབར་གྱུར་ཅིག།

༄༅། །གངས་རི་ལ་ཕུལ་བའི་སྙན་ཚིག

གངས་འདི་མེས་པོའི་སྙིང་སྟོབས་མཚོན་པའི་སྲ་འཁྲེགས་རྡོ་ཡི་རང་གཟུགས་ཡིན།།
གངས་འདི་དམ་པའི་ལྷ་ཆོས་མཚོན་པའི་དད་འདུན་ཤེལ་གྱི་མཆོད་རྟེན་ཡིན།།
གངས་འདི་གཡུང་དྲུང་བོན་གྱིས་བཟོས་པའི་འོད་ཀྱི་རྨུ་ཐག་དཀར་པོ་ཡིན།།
གངས་འདི་འདིར་སྣང་གཞི་བདག་ཚོགས་ཀྱིས་གཉུག་མར་གནས་པའི་ཁང་བཟང་ཡིན།།
གངས་འདི་མཐོར་བརྩེགས་རི་རབ་ཡོངས་ཀྱིས་གཙུག་ཏུ་བཀུར་བའི་རི་རྒྱལ་ཡིན།།
གངས་འདི་སུས་ཀྱང་བརླག་པ་མེད་པའི་རང་བྱུང་ཁམས་ཀྱི་མཛེས་སྡུག་ཡིན།།
གངས་འདི་གདོད་ནས་བྱིན་རླབས་འབར་བའི་སྐྱེ་འགྲོའི་བླ་རི་གསོན་པོ་ཡིན།།
གངས་འདི་རིན་ཆེན་སྟོང་གིས་གྲུབ་པའི་འཛམ་གླིང་སྐྱེ་རྒུའི་ནོར་བུ་ཡིན།།
གངས་འདི་དུས་བཞིར་འགྱུར་ལྡོག་མེད་པའི་ཁྱད་མཚར་རྟག་པ་རང་བྱུང་ཡིན།།
གངས་འདི་དམ་ཆོས་སྣང་བས་ཁྱབ་པའི་གླིང་བཞིའི་མུན་འཇོམས་ནོར་བུ་ཡིན།།
གངས་འདི་བསླབ་གསུམ་ཁྲིམས་ཀྱིས་བརྒྱན་པའི་ཡིད་འོང་ངུར་སྨྲིག་རྟགས་ཚན་ཡིན།།
གངས་འདི་ལྷ་ཆེན་སྟོང་གི་གནས་རི་སྲ་འཁྲེགས་ནོར་བུའི་དགའ་ཚལ་ཡིན།།
གངས་འདི་ཁ་བ་ཅན་ཞེས་བརྗོད་པའི་མི་རིགས་དེ་ཡི་ཁྱད་ནོར་ཡིན།།
གངས་འདི་ངོ་མཚར་གྲགས་པས་ཁྱབ་པའི་རབ་གཡང་བཀྲ་ཤིས་གནས་རི་ཡིན།།
གངས་འདི་ཚེ་དང་བསོད་ནམས་ཚོགས་ཀྱི་་མཁོ་རྒུ་སྦྱིན་པའི་ལྷ་རི་ཡིན།།
གངས་འདི་འཛམ་གླིང་ཆུ་བོ་ཡོངས་ཀྱི་ཚེ་སྲོག་བསྐྲུན་པའི་འབྱུང་གནས་ཡིན།།
གངས་འདི་འཛད་མེད་རིན་ཆེན་སྤུངས་པའི་འཛམ་གླིང་ཡོངས་ཀྱི་མཛེས་རྒྱན་ཡིན།།
གངས་འདི་བི་ཤྭ་ཀརྨའི་ལག་པའི་འདུ་བྱེད་རྩལ་གྱི་མཛེས་རིས་ཡིན།།
གངས་འདི་དཔའ་མཛངས་རྟུལ་ཕོད་ལྡན་པའི་སྟག་ཤར་སྟོང་གི་ཆོད་སེམས་ཡིན།།
གངས་འདི་རབ་དཀར་སེམས་པ་མཚོན་པའི་མཛའ་བརྩེ་དྲོད་མོའི་རང་གཟུགས་ཡིན།།
གངས་འདི་རི་དྭགས་འདབ་ཆགས་ཚོགས་ཀྱི་ཞི་ལྷོད་བདེ་བའི་གནས་མཆོག་ཡིན།།
གངས་འདི་དྲང་བདེན་ཞི་བདེ་མཚོན་པའི་གོ་ལ་ཟླུམ་པོའི་བླ་སྲོག་ཡིན།།
གངས་འདི་སྤྲོས་ཀུན་རྣམ་པར་སེལ་པའི་དག་པ་འོད་གསལ་དཀར་པོ་ཡིན།།
གངས་འདི་བདག་ཡིད་ཞེ་ལ་ཐོགས་པའི་ཉི་གཞོན་འཆར་སའི་རེ་ལྟོས་ཡིན།།      
    ཞེས་པ་འདི་ནི་ཕྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོར་ཡུན་ནན་བདེ་ཆེན་དུ་གནས་མཇལ་སྤྲོ་གསེང་དུ་སོང་སྐབས། གནས་ཆེན་རོང་བཙན་ཁ་བ་དཀར་པོའི་མཛེས་སྡུག་གཟི་ཉམས་མཐོང་ཕྲལ། རང་བློར་གང་ཤར་ཐམས་ཅད་སྙན་ཚིག་གི་འགྲོས་ཡིན་ཁུལ་གྱིས་སྦྱར་བའོ།།
 
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

རྨོག་རུ་སངས་རྒྱས་རྒྱ་མཚོའི་སྙན་རྩོམ་གསར་པ་ཁག་གཉིས།

2022-08-14 རྨོག་རུ་སངས་རྒྱས་རྒྱ་མཚོ།(དྷཱིཿཚ།) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།