འཛུམ་དྲུག་ཉི་མའི་དཀྱིལ་འཁོར།

ལྡོང་རོང་བསོད་མཐར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2022-08-14
ལས་དང་ལམ་འདི་མ་བཟོ་བཟོས་ནི་འདྲ།།
བཟོས་པ་ཡག་གོ་འུ་གཉིས་ཐུག་པ་བདེན།།
ང་ལ་མཚོན་ན་དབྱར་ཟླ་སྟོན་ཟླ་ཡིན།།
དེ་ལས་སྐྱིད་པའི་དུས་གཅིག་མི་དགོས་སྐད།།

ཐོག་མ་འཕྲད་པ་ལས་ཀྱི་རོགས་ཡིན་ན།།
ལས་ལ་ཁ་དྲོ་ཕྲན་གྱིས་བཀའ་དྲིན་ཞུ།།
མ་ཐུག་ཐུག་པའི་ལུང་སྟོང་ཡུ་མོ་འདི།།
ཁྲ་རིང་འཁུར་བའི་བུ་ངའི་བསམ་འདུན་ཉིད།།

ཐུག་ནས་ཤོར་བའི་སེམས་ཀྱི་བྱེའུ་ཆུང་འདི།།
མ་ཤོར་སྙིང་ལས་ཤོར་བའི་སྟག་ཕྲུག་ཡིན།།
ཤོར་ན་འཛུམ་དྲུག་རང་ཤར་རང་དོད་ཡིན།།
རང་དོད་འཛུམ་དྲུག་ཉི་མའི་དཀྱིལ་འཁོར་ཡིན།།

ཡག་པ་བརྒྱ་ལས་ཡིད་དུ་འོང་མོ་གཅིག །
མེ་ཏོག་རླུང་གིས་འཁུར་བཞིན་མདུན་ན་ཟགས།།
བླངས་ན་གསེར་སྐུ་ལི་མའི་རིན་གོང་རེད།།
མ་བླངས་བཞག་ན་ཕངས་སེམས་སྐྱེད་བྱེད་རེད།།

ཕར་བལྟས་རས་གཞི་དཀར་པོའི་གཞལ་ཡས་ན།།
ལྔ་ལྡན་མདངས་ཀྱིས་ལོ་བརྒྱར་སྐྱོང་བ་འདྲ།།
ཇི་ཙམ་བལྟས་ཀྱང་དེ་ཙམ་མཛེས་པ་ནི།།
ངོམས་མེད་ལས་ཀྱི་ལོངས་སྤྱོད་ཁྱེད་ཉིད་ཙམ།།

དར་བབས་ལང་ཚོ་མི་བརྟན་རླུང་ལ་ཞོན།།
དགའ་བ་དྲུག་གི་རི་རབ་རྩེ་མོ་བསྙིལ།།
ཤིན་ཏུ་བཞིན་བཟང་པུཎྜ་རི་ཀའི་མདངས།།
མ་བྲིས་ལི་ཁྲི་ཐིག་ལེའི་སྤྱན་ཟུང་མཛེས།།

རྒྱུ་ན་ལྷ་ཡི་དབང་གཞུ་འཁྱུག་སེ་འཁྱུག །
ཡིད་ལ་དགའ་བའི་སྒྱུ་རྩལ་ཆར་ལྟར་འབེབས།།
མ་རྒྱུ་ཨུཏྤལ་དཀར་པོའི་ལུས་ཅན་མ།།
ཀུན་ཏུ་འཚེར་བའི་དྲི་ཞིམ་ཡིད་རབ་འཕྲོག །

མིག་དང་མིག་གིས་བརྡར་ན་མེ་སྟག་བྱིན།།
ཚིག་དང་ཚིག་གིས་འཐེན་ན་འབྲུ་སྣུམ་ཟགས།།
ཚོར་བར་ཚོར་བས་འཁྱུད་པས་རླུང་བུ་ལྡང་།།
ལུས་ཀྱི་རི་ལ་མེ་ཡི་རྒྱ་མཚོ་འཁྱིལ།།

འཛུམ་པའི་མདངས་ཀྱིས་ཀུན་གཞི་སིལ་སིལ་གཏོར།།
འཇམ་པོ་ངག་གིས་གང་གཱའི་ཆུ་ཀླུང་ཕབས།།
ཚོར་དྲུག་བྱིས་པ་ཕུ་དྲུག་མདའ་དྲུག་ཁྱེར།།
ཞི་བའི་ཟླ་གདན་མི་བརྟན་ནུབ་རི་བརྒལ།།

སྤྱན་ཟུང་ཉི་ཟླ་རྒྱས་པའི་འཕྲུལ་འཁོར་ཅན།།
ཆ་རིས་ཉི་ཟླའི་རྣ་ཆའི་མདངས་མཐའ་མཛེས།།
ལུས་ཀྱི་གདགས་སྲིབས་སེམས་ཀྱི་སྟེང་འོག་ཀུན།།
ཁམས་ལྔའི་ཡོན་ཏན་སྦྲང་ཆར་ཟ་མ་ཟིམ།།

དཀར་དམར་མདངས་ཀྱི་མེ་ཏོག་ཆར་དུ་བསྙིལ།།
རབ་ཏུ་དམར་བའི་ཞལ་སྒོ་བྱུ་རུའི་མདངས།།
སིངྒ་ལ་ཡི་མུ་ཏིག་ཕྲེང་བས་བསྐོར།།
སྙན་ཚིག་དབྱངས་ཅན་ཁྲོས་པའི་རོལ་དབྱངས་ཁྲོལ།།

ཙན་དན་ལན་བུ་ལྗོན་བཟང་ནགས་ཀྱི་ཚལ།།
སྐྲག་ནས་འདྲོགས་པའི་རི་དྭགས་མིག་ཅན་མ། །
ཤིན་ཏུ་བཀྲེས་པའི་ཁྱི་ར་ཇི་བཞིན་དུ།།
ངལ་མེད་འདེད་ལ་ལྡོང་རོང་སྨྱོན་པ་སྤྲོ།།

རབ་དཀར་སྤྲིན་གྱི་ཕུང་བོ་ལང་མ་ལོང་།།
རབ་བསིལ་དགའ་མའི་བྲང་གི་མྱོས་བུམ་མཛེས།།
རབ་དད་ཆགས་ལྡན་མིག་གི་ལོངས་སྤྱོད་འདི།།
རབ་མཛེས་སྙན་ཚིག་འབུམ་གྱིས་མཉེན་པར་བྱ།།

གང་ཞིག་ལྷ་བཟོས་བྲིས་པའི་ཁ་ཆུའི་གཟུགས།།
མཐོང་བ་མོད་ལ་མི་དད་ངེས་འབྱུང་སྐྱེ།།
གཟུགས་ཀྱི་མཐར་ཐུག་སྲིད་གསུམ་འཁོར་ལོའི་དཀྱིལ།།
ཚོར་དྲུག་བདག་མོ་སྐུ་ལུས་རྣམ་པར་འཚེར།།

མིག་དང་རྣ་སོགས་ཀུན་ཀྱང་ཞིམ་དང་གཅིག །
རེག་པ་བདེ་བའི་ཟླ་བ་བསིལ་དང་གཉིས།།
མི་ཁོག་བླ་གཟུགས་ཁྱི་ལྟར་ཁྲིད་དང་གསུམ།།
གཟུགས་མེད་ཤན་པའི་ལག་འདི་སྙིང་ལ་དམར།།

ཆགས་པའི་མིག་གི་མ་བཅོས་སིནྡྷི་ར།།
ཅི་དགའ་རྣམ་འགྱུར་རྫོགས་པའི་སྒྱུ་འཕྲུལ་དྲ།།
མཐོང་བ་མོད་ལ་བདེ་བའི་རོ་ཙ་རྒྱས།།
བདེ་འབྱུང་གཙུག་རྒྱན་དགའ་མའི་བྱིན་རླབས་ཆེ།།

ལག་པའི་མེ་ཏོག་མགུལ་ཡི་ལྗོན་པར་འཁྱུད།།
དམར་ལ་འཚེར་བའི་འདབ་མས་འདབ་མར་སྦྱོར།།
གང་ཞིག་སྦྱོར་བ་ལོག་གམ་དཀོན་མཆོག་མཁྱེན།།
ལུས་སེམས་གཉིས་མེད་གཏིང་ནས་འབྱིན་འདི་འཇིགས།།

ཉིད་ཀྱི་རྣ་རྒྱན་བཀྲ་ཤིས་རྟགས་བརྒྱད་རྩེན།།
སོར་གདུབ་ནོར་བུ་ཆ་བདུན་གཡང་གིས་འབུར།།
བདེ་མོ་གར་གྱི་ཆུ་འཛིན་གཡོ་བའི་ཀློང་།།
བཟོད་མེད་མྱོས་པའི་ཆང་གི་མེ་ཏོག་འཐོར།།

མདངས་ཀྱི་སྦུད་ན་མེ་ཏོག་དམར་པོ་བཞད།།
དུས་ཀྱི་དམར་ཆ་ཟླ་བའི་སྟོབས་རྫོགས་ན། །
ལུས་གཉིས་དཀྱིལ་འཁོར་བདེ་ཆེན་དབྱིངས་སུ་ཐིམ།།
རྟ་མཆོག་དཀར་པོ་ཁྲག་མཚོ་ཁོལ་མོར་མཆོང་།།

ལས་ཀྱི་བྱང་ཐང་མི་བཟོད་གློག་དམར་འཚུབ།།
ལམ་གྱི་ཆུ་རབ་གཟུགས་ཅན་གཟུགས་མེད་རྒྱུ།།
བཟང་ངན་གཉིས་ཀྱིས་ཚུལ་འཆོས་སྣ་ཚོགས་ཁྲོད།།
ཁ་སེམས་གཉིས་མེད་སྟོན་མཁན་ཁྱེད་ལས་སུ།།

མྱ་ངན་ཡིད་ལ་གདུང་བའི་ཁེར་སྐྱེས་ཤིང་།།
ལོ་འདབ་ལྷགས་པས་བཅོམ་ཞིང་འཇིག་ལ་སྐབས།།
ཡིད་འོང་སྤྲིན་དཀར་ལུས་ཀྱི་དྭངས་གཙང་མས།།
གང་གཱའི་མུ་ཏིག་ཕྱེ་མས་གསོས་པ་དྲན།།

བགྲང་བྱའི་ལང་ཚོ་སང་མཚན་སྟག་གིས་འཆས།།
ཆོས་དང་ནོར་གྱི་རི་མོ་ཆར་བས་འདག །
ཁྱེད་ལ་བཅངས་པའི་དྲན་ཤེས་ཕྱི་ཤུན་མེད།།
འོན་ཀྱང་དུང་བ་ཇེ་ནས་ཇེ་གསལ་གྱུར།།

དྲང་མོ་བཤད་ན་ཁྱེད་ཀྱི་ཆ་ཤས་རེ།།
བདག་ལ་མཚོན་ན་“སྦྲང་རྩི་སྐྱིད་”ཀྱི་དཔལ།།
གཞན་གྱིས་ཇི་ལྟར་རྣ་སྡིགས་བསགས་ཀྱང་ཆོག །
བདུད་རྩི་སློང་བ་བདག་ཉིད་འཐད་པ་ཡིན།།

རྩོམ་འདིའི་ཐོག་མཐའ་ནམ་མཁའི་བདུད་རྩི་ཁྱིམ།།
སོ་སོའི་མཚོ་ལ་རྐྱང་རེ་འབབ་པའི་སྐལ།།
བར་ནི་རྟག་པ་རང་བཞིན་འཆི་མེད་ལམ།།
གཞལ་ཡང་གཞལ་མེད་དབྱངས་ཅན་སྤྱི་གཙུག་ཡིན།།
     ཞེས་རྩོམ་འདི་ཉིད་ཁེས་བླངས་པ་བཞིན་ཁོམ་སྐབས་དང་བསྟུན་ནས་བྲིས་པའོ།།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

འཛུམ་དྲུག་ཉི་མའི་དཀྱིལ་འཁོར།

2022-08-14 ལྡོང་རོང་བསོད་མཐར། ཀློག་གྲངས། མཆན ཡོད།
ལས་དང་ལམ་འདི་མ་བཟོ་བཟོས་ནི་འདྲ།།
བཟོས་པ་ཡག་གོ་འུ་གཉིས་ཐུག་པ་བདེན།།
ང་ལ་མཚོན་ན་དབྱར་ཟླ་སྟོན་ཟླ་ཡིན།།
དེ་ལས་སྐྱིད་པའི་དུས་གཅིག་མི་དགོས་སྐད།།

ཐོག་མ་འཕྲད་པ་ལས་ཀྱི་རོགས་ཡིན་ན།།
ལས་ལ་ཁ་དྲོ་ཕྲན་གྱིས་བཀའ་དྲིན་ཞུ།།
མ་ཐུག་ཐུག་པའི་ལུང་སྟོང་ཡུ་མོ་འདི།།
ཁྲ་རིང་འཁུར་བའི་བུ་ངའི་བསམ་འདུན་ཉིད།།

ཐུག་ནས་ཤོར་བའི་སེམས་ཀྱི་བྱེའུ་ཆུང་འདི།།
མ་ཤོར་སྙིང་ལས་ཤོར་བའི་སྟག་ཕྲུག་ཡིན།།
ཤོར་ན་འཛུམ་དྲུག་རང་ཤར་རང་དོད་ཡིན།།
རང་དོད་འཛུམ་དྲུག་ཉི་མའི་དཀྱིལ་འཁོར་ཡིན།།

ཡག་པ་བརྒྱ་ལས་ཡིད་དུ་འོང་མོ་གཅིག །
མེ་ཏོག་རླུང་གིས་འཁུར་བཞིན་མདུན་ན་ཟགས།།
བླངས་ན་གསེར་སྐུ་ལི་མའི་རིན་གོང་རེད།།
མ་བླངས་བཞག་ན་ཕངས་སེམས་སྐྱེད་བྱེད་རེད།།

ཕར་བལྟས་རས་གཞི་དཀར་པོའི་གཞལ་ཡས་ན།།
ལྔ་ལྡན་མདངས་ཀྱིས་ལོ་བརྒྱར་སྐྱོང་བ་འདྲ།།
ཇི་ཙམ་བལྟས་ཀྱང་དེ་ཙམ་མཛེས་པ་ནི།།
ངོམས་མེད་ལས་ཀྱི་ལོངས་སྤྱོད་ཁྱེད་ཉིད་ཙམ།།

དར་བབས་ལང་ཚོ་མི་བརྟན་རླུང་ལ་ཞོན།།
དགའ་བ་དྲུག་གི་རི་རབ་རྩེ་མོ་བསྙིལ།།
ཤིན་ཏུ་བཞིན་བཟང་པུཎྜ་རི་ཀའི་མདངས།།
མ་བྲིས་ལི་ཁྲི་ཐིག་ལེའི་སྤྱན་ཟུང་མཛེས།།

རྒྱུ་ན་ལྷ་ཡི་དབང་གཞུ་འཁྱུག་སེ་འཁྱུག །
ཡིད་ལ་དགའ་བའི་སྒྱུ་རྩལ་ཆར་ལྟར་འབེབས།།
མ་རྒྱུ་ཨུཏྤལ་དཀར་པོའི་ལུས་ཅན་མ།།
ཀུན་ཏུ་འཚེར་བའི་དྲི་ཞིམ་ཡིད་རབ་འཕྲོག །

མིག་དང་མིག་གིས་བརྡར་ན་མེ་སྟག་བྱིན།།
ཚིག་དང་ཚིག་གིས་འཐེན་ན་འབྲུ་སྣུམ་ཟགས།།
ཚོར་བར་ཚོར་བས་འཁྱུད་པས་རླུང་བུ་ལྡང་།།
ལུས་ཀྱི་རི་ལ་མེ་ཡི་རྒྱ་མཚོ་འཁྱིལ།།

འཛུམ་པའི་མདངས་ཀྱིས་ཀུན་གཞི་སིལ་སིལ་གཏོར།།
འཇམ་པོ་ངག་གིས་གང་གཱའི་ཆུ་ཀླུང་ཕབས།།
ཚོར་དྲུག་བྱིས་པ་ཕུ་དྲུག་མདའ་དྲུག་ཁྱེར།།
ཞི་བའི་ཟླ་གདན་མི་བརྟན་ནུབ་རི་བརྒལ།།

སྤྱན་ཟུང་ཉི་ཟླ་རྒྱས་པའི་འཕྲུལ་འཁོར་ཅན།།
ཆ་རིས་ཉི་ཟླའི་རྣ་ཆའི་མདངས་མཐའ་མཛེས།།
ལུས་ཀྱི་གདགས་སྲིབས་སེམས་ཀྱི་སྟེང་འོག་ཀུན།།
ཁམས་ལྔའི་ཡོན་ཏན་སྦྲང་ཆར་ཟ་མ་ཟིམ།།

དཀར་དམར་མདངས་ཀྱི་མེ་ཏོག་ཆར་དུ་བསྙིལ།།
རབ་ཏུ་དམར་བའི་ཞལ་སྒོ་བྱུ་རུའི་མདངས།།
སིངྒ་ལ་ཡི་མུ་ཏིག་ཕྲེང་བས་བསྐོར།།
སྙན་ཚིག་དབྱངས་ཅན་ཁྲོས་པའི་རོལ་དབྱངས་ཁྲོལ།།

ཙན་དན་ལན་བུ་ལྗོན་བཟང་ནགས་ཀྱི་ཚལ།།
སྐྲག་ནས་འདྲོགས་པའི་རི་དྭགས་མིག་ཅན་མ། །
ཤིན་ཏུ་བཀྲེས་པའི་ཁྱི་ར་ཇི་བཞིན་དུ།།
ངལ་མེད་འདེད་ལ་ལྡོང་རོང་སྨྱོན་པ་སྤྲོ།།

རབ་དཀར་སྤྲིན་གྱི་ཕུང་བོ་ལང་མ་ལོང་།།
རབ་བསིལ་དགའ་མའི་བྲང་གི་མྱོས་བུམ་མཛེས།།
རབ་དད་ཆགས་ལྡན་མིག་གི་ལོངས་སྤྱོད་འདི།།
རབ་མཛེས་སྙན་ཚིག་འབུམ་གྱིས་མཉེན་པར་བྱ།།

གང་ཞིག་ལྷ་བཟོས་བྲིས་པའི་ཁ་ཆུའི་གཟུགས།།
མཐོང་བ་མོད་ལ་མི་དད་ངེས་འབྱུང་སྐྱེ།།
གཟུགས་ཀྱི་མཐར་ཐུག་སྲིད་གསུམ་འཁོར་ལོའི་དཀྱིལ།།
ཚོར་དྲུག་བདག་མོ་སྐུ་ལུས་རྣམ་པར་འཚེར།།

མིག་དང་རྣ་སོགས་ཀུན་ཀྱང་ཞིམ་དང་གཅིག །
རེག་པ་བདེ་བའི་ཟླ་བ་བསིལ་དང་གཉིས།།
མི་ཁོག་བླ་གཟུགས་ཁྱི་ལྟར་ཁྲིད་དང་གསུམ།།
གཟུགས་མེད་ཤན་པའི་ལག་འདི་སྙིང་ལ་དམར།།

ཆགས་པའི་མིག་གི་མ་བཅོས་སིནྡྷི་ར།།
ཅི་དགའ་རྣམ་འགྱུར་རྫོགས་པའི་སྒྱུ་འཕྲུལ་དྲ།།
མཐོང་བ་མོད་ལ་བདེ་བའི་རོ་ཙ་རྒྱས།།
བདེ་འབྱུང་གཙུག་རྒྱན་དགའ་མའི་བྱིན་རླབས་ཆེ།།

ལག་པའི་མེ་ཏོག་མགུལ་ཡི་ལྗོན་པར་འཁྱུད།།
དམར་ལ་འཚེར་བའི་འདབ་མས་འདབ་མར་སྦྱོར།།
གང་ཞིག་སྦྱོར་བ་ལོག་གམ་དཀོན་མཆོག་མཁྱེན།།
ལུས་སེམས་གཉིས་མེད་གཏིང་ནས་འབྱིན་འདི་འཇིགས།།

ཉིད་ཀྱི་རྣ་རྒྱན་བཀྲ་ཤིས་རྟགས་བརྒྱད་རྩེན།།
སོར་གདུབ་ནོར་བུ་ཆ་བདུན་གཡང་གིས་འབུར།།
བདེ་མོ་གར་གྱི་ཆུ་འཛིན་གཡོ་བའི་ཀློང་།།
བཟོད་མེད་མྱོས་པའི་ཆང་གི་མེ་ཏོག་འཐོར།།

མདངས་ཀྱི་སྦུད་ན་མེ་ཏོག་དམར་པོ་བཞད།།
དུས་ཀྱི་དམར་ཆ་ཟླ་བའི་སྟོབས་རྫོགས་ན། །
ལུས་གཉིས་དཀྱིལ་འཁོར་བདེ་ཆེན་དབྱིངས་སུ་ཐིམ།།
རྟ་མཆོག་དཀར་པོ་ཁྲག་མཚོ་ཁོལ་མོར་མཆོང་།།

ལས་ཀྱི་བྱང་ཐང་མི་བཟོད་གློག་དམར་འཚུབ།།
ལམ་གྱི་ཆུ་རབ་གཟུགས་ཅན་གཟུགས་མེད་རྒྱུ།།
བཟང་ངན་གཉིས་ཀྱིས་ཚུལ་འཆོས་སྣ་ཚོགས་ཁྲོད།།
ཁ་སེམས་གཉིས་མེད་སྟོན་མཁན་ཁྱེད་ལས་སུ།།

མྱ་ངན་ཡིད་ལ་གདུང་བའི་ཁེར་སྐྱེས་ཤིང་།།
ལོ་འདབ་ལྷགས་པས་བཅོམ་ཞིང་འཇིག་ལ་སྐབས།།
ཡིད་འོང་སྤྲིན་དཀར་ལུས་ཀྱི་དྭངས་གཙང་མས།།
གང་གཱའི་མུ་ཏིག་ཕྱེ་མས་གསོས་པ་དྲན།།

བགྲང་བྱའི་ལང་ཚོ་སང་མཚན་སྟག་གིས་འཆས།།
ཆོས་དང་ནོར་གྱི་རི་མོ་ཆར་བས་འདག །
ཁྱེད་ལ་བཅངས་པའི་དྲན་ཤེས་ཕྱི་ཤུན་མེད།།
འོན་ཀྱང་དུང་བ་ཇེ་ནས་ཇེ་གསལ་གྱུར།།

དྲང་མོ་བཤད་ན་ཁྱེད་ཀྱི་ཆ་ཤས་རེ།།
བདག་ལ་མཚོན་ན་“སྦྲང་རྩི་སྐྱིད་”ཀྱི་དཔལ།།
གཞན་གྱིས་ཇི་ལྟར་རྣ་སྡིགས་བསགས་ཀྱང་ཆོག །
བདུད་རྩི་སློང་བ་བདག་ཉིད་འཐད་པ་ཡིན།།

རྩོམ་འདིའི་ཐོག་མཐའ་ནམ་མཁའི་བདུད་རྩི་ཁྱིམ།།
སོ་སོའི་མཚོ་ལ་རྐྱང་རེ་འབབ་པའི་སྐལ།།
བར་ནི་རྟག་པ་རང་བཞིན་འཆི་མེད་ལམ།།
གཞལ་ཡང་གཞལ་མེད་དབྱངས་ཅན་སྤྱི་གཙུག་ཡིན།།
     ཞེས་རྩོམ་འདི་ཉིད་ཁེས་བླངས་པ་བཞིན་ཁོམ་སྐབས་དང་བསྟུན་ནས་བྲིས་པའོ།།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།