སྨན་སྔགས་སྐོར་གྱི་དྲི་བ་དྲིས་ལན།
དྲི་བ་འདྲི་མཁན་ཀླུ་སྨྱོན།
དྲི་བ། ཐོག་མར་སྐུ་ཉིད་སྨན་པ་ཞིག་ཏུ་གྱུར་པའི་བརྒྱུད་རིམ་དེ་ངོ་སྤྲོད་ཅིག་གནང་རོགས།
དྲི་ལན། སྨན་པ་ཉི་ཟླའི་སློབ་གཉེར་གྱི་ངོ་སྤྲོད།
ལྷ་ས་པས་ཨེམ་ཆི་ཞེས་སོག་སྐད་དུ་འབོད། ཁམས་པ་ཚོས་ལྷ་རྗེ་ཞེས་བརྡ་རྙིང་དུ་འབོད། གྲྭ་བ་ཚོས་སྔགས་རྒན་ཟེར། ལ་ལས་རྩོམ་པ་པོ་དང་སྙན་ངག་པ། འགས་བླ་མ་ཟེར། ལ་ལས་སོག་པོ་བོན་པོ་ཟེར། གང་ལྟར་ང་རང་འཐད་ཤོས་དང་ང་དང་མཐུན་ཤོས་ཀྱི་མིང་ནི་ཨ་མདོ་ཚོས་སྨན་པ་ཞེས་ཐ་སྙད་ཡོངས་གྲགས་སུ་འབོད་པའི་སྨན་པ་ཉི་ཟླ་ཡིན།
ལོ་རྒྱུས་ཤིག་ལ་སློབ་གསོ་དང་ཉམས་མྱོང་ནི་གཙོ་བོ་ཡིན་པས་འདིར་སློབ་གཉེར་གཙོར་བཏོན་གྱི་ལོ་རྒྱུས་ཤིག་བཤད་ན་གཤམ་ལྟར། བོད་མདོ་སྨད་རྨ་ལྷོ་སོག་རྫོང་གི་རི་བོ་བྲག་རྩལ་དང་དཔལ་རྩལ་གཉིས་ཀྱི་ཉེ་འདབས་སུ་སྤྱི་ལོ་༡༩༧༡་ལོའི་དགུན་ཁར་འབྲོག་པའི་སྦྲ་གུར་དུ་སྐྱེས། ཕ་ནི་མདོ་སྨད་རྔ་བ་ནས་མཆེད་པའི་རྔ་བའི་ལྕེ་ནག་ཚང་གི་རུས་རྒྱུད་འཇམ་དབྱངས་ཐུབ་བསྟན་དང་མ་ནི་ཨ་དགེ་ཚང་གི་སྒྲོལ་དཀར་ཡིན། ཕ་རྒྱུད་བོད་རུས་དང་མ་རྒྱུད་སོག་པོའི་ཁྲག་རྒྱུད་ཡིན་པར་ཕ་རྒན་གྱིས་རྟག་པར་གསུངས་ལ། ཕལ་ཆེར་རྔ་བའི་བླ་མ་ལྗགས་ནག་ཚང་ཞེས་པའི་ཁྱིམ་གཞིས་ལ་འབྲེལ་བ་ཡོད་སྲིད། ལོ་ཆུང་དུས་ནས་ས་ཁུལ་གྱི་འབྲོག་པའི་སྦྲ་གུར་སློབ་གྲྭར་བསྐྱོད་ནས་བོད་ཡིག་དང་རྩིས་རིག་སོགས་སྦྱང་ཁུལ་བྱས་ཀྱང་འབྲས་བུ་ཤིན་ཏུ་ངན། རྗེས་སུ་རྨ་ལྷོ་སོག་རྫོང་མི་རིགས་སློབ་འབྲིང་དུ་ཞུགས་ནས་བོད་རྒྱའི་སྐད་ཡིག རྩིས་རིག ས་རྒྱུས་དང་ལོ་རྒྱུས་སོགས་སློབ་འབྲིང་གི་སློབ་དེབ་སོགས་ལ་སྦྱང་ཁུལ་མང་དུ་བྱས་ན་ཡང་། བྱིས་པའི་རྣམ་གཡེང་དང་ལེ་ལོའི་དབང་གིས་སྦྱང་འབྲས་ཧ་ཅང་ཞན་པས། སློབ་གྲྭ་འགྲིམས་འདོད་ཀྱི་འདོད་པ་རྩ་ནས་མེད་པར་གྱུར་ན་ཡང་རྒྱུ་རྐྱེན་གང་རུང་གིས་སློབ་གྲྭ་ལས་ཕྱིར་འབུད་བྱེད་མ་ཐུབ།
༡༩༨༥ལོ་ནས་༡༩༨༩ལོ་བར་རེབ་གོང་དགེ་འོས་སློབ་གྲྭ་འགྲིམས། དེ་རུ་སྐད་ཡིག རྫས་འགྱུར་དང་དངོས་ལུགས་སོགས་སློབ་ཚན་བཅུ་གསུམ་ཙམ་སྦྱོང་དགོས་བྱུང་པ་དང་། ཤེས་ཡོན་གྱི་རྨང་གཞི་ཞན་པ་དང་སློབ་སྦྱོང་གི་དགའ་སྤྲོ་མེད་པས་ལོ་བཞི་དེ་མི་ཚེའི་ནང་དུ་ཁག་ཤོས་བྱུང་། སྟབས་ལེགས་པ་ཞིག་ལ་དགེ་རྒན་ཆེན་མོ་རྩེ་གཞུང་ལྷ་སྨྱོན་རོལ་བ་རྩལ་ལམ་ཨ་ཁུ་ལྷ་མོ་སྐྱབས་མཆོག་ནི་བོད་ཡིག་དང་སྙན་ངག་གི་དགེ་རྒན་ཡིན་པ་དང་། ཁོང་ལ་འབྲོག་པའི་གཤིས་ཀ་ལྷད་མེད་དང་སྙང་ངག་སོགས་དམར་ཁྲིད་ལ་མཁས་པས་ཁོང་གི་སློབ་ཁྲིད་ལ་ཞུགས་འདོད་ཆེ་ཞིང་བོད་ཡིག་གི་རྨང་གཞི་ལེགས་ཙམ་སྦྱངས་ཐུབ་པ་བྱུང་། དེ་དུས་དགེ་སློབ་ཚང་མ་སྙན་ངག་དང་རྩོམ་རིགས་ལ་སྤྲོ་བ་ཆེ་བས་བདག་གིས་ཀྱང་སྙན་ངག་དང་རྩོམ་ཐུང་ཁ་ཤས་བྲིས་པ་ཚགས་པར་སོགས་སུ་བཀོལ་མྱོང་། ཨ་ཁུ་ལྷ་མོ་ཚང་དང་ལྡི་ཚའི་ཨ་ཁུ་ཆོས་རྒྱལ་སོགས་ལས་ནང་དོན་རིག་པའི་སྐོར་ལ་ཡང་སློ་གཉེར་ཅུང་ཙམ་བྱས། རྒྱའི་སྒྱུ་རྩལ་གྱི་དགེ་རྒན་ཞིག་གིས་དམིགས་བསལ་གྱིས་ང་དང་རྒྱ་མོ་ཞིག་ལ་རི་མོ་འབྲི་སྟངས་བསླབ་པར་འབྲས་བུ་ལེགས་ཙམ་ཐོབ་ན་ཡང་རྗེས་སུ་སློབ་གྲྭ་ཆེན་མོར་རི་མོའི་ཡིག་རྒྱུག་མ་འཕྲོད་པས་སྒྱུ་རྩལ་གྱི་ལམ་ཁ་ནི་དེ་ནས་འགེགས་སོང་། གང་ལྟར་སློབ་མཐར་ཕྱིན་སྐབས་བོད་ཡིག་དང་རྒྱ་ཡིག་གི་ཆུ་ཚད་གཉིས་འབྲིང་ཙམ་བྱུང་ན་ཡང་། རྩིས་རིག་དང་ཚན་རིག་གི་འབྲས་བུ་ལ་འཕེལ་རྒྱས་ཅི་ཡང་མ་ཕྱིན་པས་སློབ་གྲྭ་དེ་རུ་དུས་ཚོད་མང་པོ་ཞིག་བཙན་ཤེད་འོག་འཕྲོ་བརླག་སོང་བ་ཁོ་ནར་མཐོང་། སླར་ཕ་ཡུལ་དུ་ལོག་རྗེས་སོག་རྫོང་གི་མི་རིགས་སློབ་འབྲིང་དུ་འཛམ་གླིང་ལོ་རྒྱུས་དང་། ས་རྒྱུས་དང་རྒྱ་ཡིག་བཅས་ཀྱི་དགེ་རྒན་བྱས་ན་ཡང་། དེ་དུས་ལོ་ན་གཞོན་རྐྱེན་གྱིས་སློབ་ཁྲིད་ཁོ་ན་བྱ་རྒྱུར་སུན་སྣང་བྱུང་། རྩོམ་རིག་ལ་དོ་སྣང་ཡོད་བཞིན་རིག་གནས་གཞན་ཞིག་སྦྱངས་དགོས་བསམ་དུས། ཕ་ཡུལ་གྱི་རྫོང་དུ་སྨན་པ་ཚེ་རིང་བཀྲ་ཤིས་དང་སྨན་པ་འཇིགས་མེད་རྣམ་གཉིས་ཀྱིས་སློབ་མ་མང་པོར་བོད་ཀྱི་གསོ་རིག་སློབ་ཁྲིད་བྱ་བཞིན་པར་གྲོགས་ཤིག་གི་སྐུལ་རྐྱེན་གྱིས་དེ་རུ་ཞུགས་པ་ཡིན། གཞུང་ལུགས་ཟླ་ཤས་སྦྱངས་རྗེས། དབྱར་གཞུང་གི་བདུན་ཕྲག་གཉིས་ཙམ་ལ་ཉིན་མཐའི་མཛོ་མོ་ཞེས་པའི་སྨན་གྱི་རི་ཆེན་པོར་སྨན་རྩྭ་ངོས་འཛིན་དུ་སོང་བ་ཡིན། དེ་རུ་གཞི་ནས་བོད་སྨན་འདི་སྦྱང་ན་དུས་རྟག་རང་བྱུང་ཁམས་རྩྭ་ཐང་དང་རི་བྲག་ཆུ་གསུམ་དང་ལྷན་དུ་གནས་ཐུབ་པ་ཡིན་པས་རང་ཉིད་འབྲོག་པའི་རྩྭ་ཐང་དུ་འཚར་ལོངས་བྱུང་བ་ལ། ལས་དོན་འདི་ནི་ཤིན་ཏུ་འཕྲོད་པ་ཞིག་རེད་སྙམ་ཞིང་དེ་ནས་བོད་སྨན་འདི་དཔྱིས་ཕྱིན་པ་ཞིག་སྦྱང་རྒྱུའི་བློ་བརྟན་པོ་བྱུང་། དེ་ཡང་སྨན་པ་འཇིགས་མེད་དང་ཁྱད་པར་མཁས་དབང་ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་གི་ཐུགས་རྗེའི་འོག་༡༩༩༠ལོ་ནས་རྨ་ལྷོ་རྫོང་སོག་བོད་སྨན་ཁང་དུ་བོད་སྨན་གཞུང་ལུགས་དང་ལག་ལེན་གཉིས་ཆར་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་བཟང་པོ་ཐོབ།།
འབྲོག་པས་ལུག་བརྫི་རོང་པས་ཞིང་འདེབས་པ།། བསླུ་མེད་ལས་ཀྱི་བགོ་སྐལ་ཡིན་པས་ན།།
འབྲོག་ཕྲུག་སློབ་གྲྭར་འགྲིམས་པ་ནོར་འཁྲུལ་ཞེས།། ངོ་རྒོལ་ཅི་ཙམ་བྱས་ཀྱང་དོན་མ་འགྲུབ།། བར་སྐབས་ཚིག་བཅད་དོ།། ཤིང་བཟའ་རིན་པོ་ཆེས་༼ཁྱེད་ནས་མ་འོངས་པ་ལ་བོད་ཀྱི་གསོ་རིག་སྐོར་ལ་ཡིག་ཆ་འབྲི་རྒྱུ་དང་། དེང་རབས་སྨན་རིག་དང་རྒྱ་གར་གྱི་ཚེའི་རིག་བྱེད་ཀྱང་བོད་སྐད་དུ་བསྒྱུར་ཐུབ་ན་བོད་སྨན་དར་རྒྱས་ལ་ཕན་ཐོགས་ཆེན་པོ་ཡོང་སྲིད། སྨན་གྱི་གྲུབ་མཐའ་ལ་ཕྱོགས་ཞེན་མ་བྱ་བར་གང་ཐུབ་སློབ་སྦྱོང་ནན་ཏན་བྱོས་༽ཞེས་ཡང་ཡང་གསུངས་ལ། རྗེས་སུ་ཁོང་གིས་སྨན་པ་མཁས་ཆེན་བྱམས་པ་འཕྲིན་ལས་མཆོག་ལ་ཕྱག་ཡིག་བཏང་ནས་བདག་གསོ་རིག་སློབ་ཆེན་དུ་ལེན་དགོས་པར་རེ་བ་ཞུས་པ་ལ། སྨན་ཆེན་བྱམས་འཕྲིན་གྱིས་ཐུགས་མོས་བྱུང་ནས་༡༩༩༡ལོ་ནས་༡༩༩༦ལོ་བར་དུ་བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོ་རུ་དེང་རབས་གསོ་རིག་གི་རྨང་གཞི་དང་། བོད་ཀྱི་གསོ་རིག་རྒྱུད་བཞི་དང་རྒྱུད་འགྲེལ་མེས་ཞལ་དང་བེ་སྔོན་སོགས་སློབ་གཉེར་བྱས། དགེ་རྒན་ཆེན་མོ་བསམ་གཏན་མཆོག་ནས་རྩ་རྒྱུད་དང་། གྲུབ་པ་ལུས་དང་། གནས་ལུགས་ནད་གཞི་དང་ཟས་སྤྱོད་ཀྱི་རྨང་བྱས་བཤད་རྒྱུད་ཀྱི་སྐོར། རྒན་ཀརྨ་རིག་འཛིན་མཆོག་ནས་སྐར་ནག་རྩིས་རིག མཁས་དབང་གོ་འཇོ་དབང་འདུས་མཆོག་ནས་མན་ངག་རྒྱུད་དང་ཕྱི་རྒྱུད་ཀྱི་རྩ་ཆུ་སོགས་དང་། གཞན་ཡང་ཀོང་སྤྲུལ་ཟིན་ཏིག་དང་སྨན་དཔྱད་ཟླ་རྒྱལ་སོགས་དཔེ་རྒྱུན་མང་པོའི་ལུང་ཁྲིད་སོགས་ཐོབ། བོད་ཀྱི་གསོ་རིག་གི་ལག་ལེན་ནི་ལྷ་ས་སྨན་རྩིས་ཁང་དང་ཁྱད་པར་ལྷོ་ཁ་སྨན་རྩིས་ཁང་གི་སྨན་པ་མཁས་འཇམ་དབྱངས་ལྷུན་གྲུབ་མཆོག་ལས་ངོས་བཟུང་བརྟག་དང་སྨན་སྦྱོར་རིག་པ། དངུལ་ཆུ་བཙོ་བཀྲུ་ཆེན་མོ། གཏར་ཁ་དང་མེ་བཙའ་དང་ཐུན་མིན་ཁྱིམ་རྒྱུད་ཀྱི་བསྐུ་མཉེ་སོགས་ཕྱག་ལེན་མང་པོ་ཕངས་མེད་དུ་གནང་བ་ནི་སྐུ་དྲིན་ཤིན་ཏུ་ཆེ་ལ། མཁས་དབང་གོ་འཇོ་དབང་འདུས་མཆོག་དང་ལྷན་དུ་སྨན་གཞུང་དང་སྔགས་གཞུང་གཉིས་ཀར་དྲི་བ་དང་དྲིས་ལན་གྱི་སྒོ་ནས་བརྡར་ཤ་ཆོད་པ་ཞིག་ཐོན་པས་སྨན་སྔགས་ཟུང་འཇུག་གི་བལྟ་བ་ལ་ཕན་ཐོགས་ཆེན་པོ་བྱུང་། ཁྱད་པར་དུ་གྲུབ་མཐའ་རིས་མེད་ཀྱི་མཁན་པོ་ཚུལ་ཁྲིམས་རྒྱལ་མཚན་མཆོག་དང་མཁན་པོ་ཁྲོ་རུ་ཚེ་རྣམ་མཆོག་ཟུང་ལས་བོད་ཀྱི་གསོ་བ་རིག་པ་དང་། གཡུ་ཐོག་སྙིང་ཐིག སྤྱོད་འཇུག་དང་། དྭགས་ལམ་ཐར་རྒྱན། བྱང་ཆུབ་ལམ་སྒྲོན། མཁས་འཇུག་སོགས་ནང་རིག་སྤྱི་དང་། ཁྱད་པར་གསར་རྙིང་གསང་སྔགས་སྐོར་གྱི་དབང་ལུང་ཁྲིད་གསུམ་མང་དུ་ཐོབ་པ་དང་། དབུ་ཕྱག་རྫོགས་གསུམ་གྱི་གནད་ཁྲིད་གནང་བ་ནི་བཀའ་དྲིན་གཞལ་བར་དཀའ་བའོ།།
ཤུགས་གསེབ་རྗེ་བཙུན་ཆོས་ཉིད་བཟང་མོའི་ཐུགས་སྲས་རྣལ་འབྱོར་མ་ངག་དབང་རྒྱལ་མཚན་མ་མཆོག་ལས་ཀློང་ཆེན་སྙིང་ཐིག་གི་ཆོས་སྐོར་མང་དུ་ཞུས་ཤིང་། སྐྱབས་རྗེ་ཞབས་དཀར་ཚོགས་དྲུག་རང་གྲོལ་བའི་ཆོས་རྒྱུན་ཕལ་ཆེ་བ་ཁོང་གི་ཐུགས་སྲས་པད་མ་རྒྱ་མཚོ་དང་དེས་ཤུགས་གསེབ་རྗེ་བཙུན་མ་ལ་གནང་པ་ཨ་ནེ་ཚང་གིས་ཞུས་ཤིང་། བདག་གིས་སྔོན་འགྲོ་དང་རྩ་གསུམ་བསྙེན་པ་རྫོགས་རྗེས་རྣལ་འབྱོར་མ་མཆོག་གིས་ཞབས་དཀར་པའི་ཁྲིད་རྒྱུན་ཕྱག་ཆེན་དང་རྫོགས་ཆེན་ཁྲེགས་ཐོད་ཀྱི་ཞལ་གདམས་རྣམས་ཀྱང་གནང་ཞིང་། ཟངས་མདོག་དཔལ་རིའི་དག་ཞིང་ངོ་སྤྲོད་དང་ལུང་བསྟན་ཡང་སྦས་ཚུལ་གྱིས་གནང་། དེ་ནས་ལྷ་ས་དང་ཀོང་པོ་བླ་མ་གླིང་དུ་ངེས་དོན་གྱི་སྔགས་འཆང་ཆེན་མོ་ཆོས་ཉིད་རིན་པོ་ཆེ་དང་བདུད་འཇོམས་སྲས་མོ་བདེ་ཆེན་གཡུ་སྒྲོན་མཆོག་ནས་བདུད་འཇོམས་གཏེར་གསར་ལུགས་ཀྱི་རྡོ་རྗེ་ཕུར་པ། ཁྲོས་མ་ནག་མོ། རྡོ་རྗེ་གྲོ་ལོད། ཐུགས་ཐིག་བཅས་ཀྱི་དབང་ལུང་ཁྲིད་གསུམ་ཆ་ཚང་ཐོབ་ཞིང་། བསྐྱེད་རྫོགས་རྫོགས་གསུམ་མམ་ཡོ་ག་རྣམ་གསུམ་གྱི་ཉམས་ཁྲིད་དང་། ཁྱད་པར་སྟོང་ཆའི་ཁྲེགས་ཆོད་སྣང་སྦྱང་དང་སྣང་ཆའི་ཐོད་རྒལ་མན་ངག་རོལ་མཚོ་སོགས་ཀྱང་ལེགས་པར་ཐོབ་པའི་སྐལ་བ་དང་ལྡན་པ་བྱུང་ཞིང་། ལྷ་ས། བྲག་ཡེར་པ།་བསམ་ཡས་མཆིམས་ཕུ་དང་ཡར་ཀླུང་ཤེལ་བྲག་སོགས་སུ་རི་མཚམས་ལ་ཅུང་འདུག་ཁུལ་བྱས། གཞན་ཡང་མཚན་ལྡན་གྱི་བླ་མ་འགའ་ལས་རྙིང་མའི་ཆོས་སྐོར་བཀའ་གཏེར་གྱི་དབང་ལུང་ཁྲིད་གསུམ་དང་། འཕོ་བ། བཅུད་ལེན། གཏུམ་མོ། བར་དོ་དང་མུན་ཁྲིད་ཀྱང་མང་དུ་ཐོབ་ལ་གོ་ལོ་ཐོས་ལོ་ཙམ་དུ་མ་བྱས་པར་བཅུད་ལེན་སོགས་ཀྱི་ཉམས་ལེན་ལའང་རང་ཚོད་ཀྱིས་འབད་ཁུལ་བྱས། རི་བོ་དགེ་ལྡན་པའི་སྐོར་ལ་སེ་རའི་དགེ་བཤེས་དགེ་འདུན་ཤེས་རབ་ལས་སེ་ར་ཆོས་རྗེའི་ཡིག་ཆ་ཅུང་ཙམ་སྦྱངས་ཁུལ་བྱས་པ་རྗེས་སུ་ཕན་ཐོགས་ཤིན་ཏུ་ཆེ་བ་བྱུང་།། གྲུབ་མཐའ་རིས་མེད་དང་མདོ་སྔགས་གཞུང་ཆེན་རྣམས་ལ་བག་ཆགས་ཙམ་རེ་བཞག་ན་ཡང་གཏིང་དཔོག་དཀའ་ལ་བློས་གཞལ་དཀའ་བ་ཐམས་ཅད། གཡུ་ཐོག་སྙིང་ཐིག་གི་སྔོན་འགྲོ་དང་བླ་སྒྲུབ་གྱི་བསྙེན་མཚམས་གྲུབ་རྗེས་སུ་ཁ་གསལ་ལ་གོ་བ་ཅུང་ལོན་པ་ལྟ་བུའི་ཉམས་མྱོང་ཞིག་ཐོན་པས་གཡུ་ཐོག་སྙིང་ཐིག་གི་ཆོས་རྒྱུད་ཕྱག་ལེན་འདི་ནི་བྱིན་བརླབ་གྱི་གནད་ཁ་ཆེ་ཞིང་རང་གི་ཆོས་སྐལ་དུ་ངོས་འཛིན་གྱིས་ཉམས་ལེན་གྱི་མཐིལ་དུ་བྱས་པ་ཡིན་ནོ།།
སྤྱིར་ལྷ་སར་སྡོད་སྐབས་སྨན་དང་ཆོས། རིག་གནས་གང་ཡིན་སྦྱང་འདོད་ཤིན་ཏུ་ཆེ་བ་བྱུང་ཞིང་དེ་དུས་བློ་རིག་ཀྱང་རྣོ་ཙམ་ཡོད་པས་དབྱིན་སྐད་ཀྱང་སྦྱང་འགོ་ཚུགས་ལ་བོད་ཀྱི་ལོ་རྒྱུས་དང་སྒྱུ་རྩལ་དང་། བཟོ་རིག་པ་དང་ས་དཔྱད་སོགས་ལ་སློབ་གཉེར་ཅི་ཐུབ་བྱས་པ་དང་། ༡༩༩༧་ལོར་ལྷ་ས་མྱུར་སྐྱོབ་སྨན་ཁང་དུ་དེང་རབས་སྨན་གྱི་རྨང་གཞི་དང་མྱུར་སྐྱོག་རིག་ལ་སོགས་སློབ་སྦྱོང་བྱས་པ་དང་དེའི་སྐོར་ལ་སྐད་བསྒྱུར་བྱས།།
ཆང་དང་བུད་མེད་ཚོགས་དང་ལས་རྒྱ་ཞེས།། སྔགས་པར་བརློན་ནས་ཆང་འཐུང་མོ་ལ་སྦྱོར།།
ཆུ་བོ་ཆུང་ཆུང་འུར་སྒྲ་ཆེན་པོ་བཞིན།། ང་ཞེས་ང་རྒྱལ་ཚིག་གིས་གླེན་རྟགས་བསྟན།། བར་སྐབས་ཚིག་བཅད་དོ།།
༡༩༩༨་ལོའི་དབྱར་གཞུང་ཞང་ཞུང་སློབ་གཉེར་གཉེར་ཁང་གིས་མགྲོན་འབོད་བྱས་ནས་ཡོ་རོབ་ཏུ་སོང་སྟེ་དཔེ་མཛོད་ལས་ཀ་དང་། དེའི་བར་ཉག་བླ་བྱང་ཆུབ་རྡོ་རྗེ་དང་། ལས་རབ་གླིང་པ་དང་། རཏ་གླིང་དང་ཀློང་གསལ་གཏེར་མ་སོགས་ཀྱི་གཏེར་ཆོས་དང་བོན་གྱི་རིག་གཞུང་སོགས་ཀྱི་དཔེ་ཆ་བལྟ་ཀློག་གི་གོ་སྐབས་ཀྱང་ལེགས་པར་ཐོབ། བོད་ཀྱི་གསོ་རིག་ལ་ཞིབ་འཇུག་དང་བོད་ཀྱི་བསྐུ་མཉེ་དང་སྔགས་བཅོས་སྐོར་སློབ་ཁྲིད་སོགས་བྱེད་མགོ་ཚུགས་པ་དང་། ཡོ་རོབ་གྱི་རྒྱལ་ཁབ་ཁ་ཤས་དང་ཨུ་རུ་སུ། ཨོ་སུ་ཏྲི་ཡ་ལི་ཡ་བཅས་སུ་སློབ་ཁྲིད་དུ་ཕྱིན། སློབ་ཁྲིད་དུ་བོད་སྨན། བསྐུ་མཉེ། དཔྱད་བཅོས། སྔགས་བཅོས། ས་དཔྱད་སོགས་བྱས་ལ་རིམ་གྱིས་སློབ་ཁྲིད་ཀྱི་ཉམས་མྱོང་ཅུང་ཕྱུག་ཙམ་བྱུང་།
༢༠༠༦་ལོར་རྒྱལ་སྤྱིའི་བོད་ཀྱི་གསོ་རིག་གླིང་ཞེས་པའི་བོད་སྨན་ཚོགས་པ་ཞིག་བཙུགས། དེང་སྐབས་རྒྱལ་སྤྱིའི་བོད་ཀྱི་གསོ་རིག་གླིང་གི་ཡན་ལག་རྒྱལ་ཁབ་ཉི་ཤུ་ལྷག་ལ་ཡོད། ཡོ་རོབ། ཨ་མེ་རི་ཁ། ཨ་ཧྥེ་རི་ཁ། ཨ་ཤེ་ཡ། ཨོ་སི་ཁྲུ་ལི་ཡ་སོགས་སུ་ཡོད་པའ…ི་རྒྱལ་སྤྱིའི་བོད་ཀྱི་གསོ་རིག་གླིང་གི་ཡན་ལག་ཁག་ལ་གསོ་རིག་ཁང་ཟེར། དེང་སྐབས་དགེ་རྒན་པ་སུམ་བཅུ་ལྷག་དང་སློབ་གཉེར་བ་སྤྱི་བསྡོམ་ལོ་རེར་བརྒྱ་ཕྲག་ཁ་ཤས་ཡོད། ཕྱི་རྒྱལ་གྱི་སློབ་མ་ཁག་ལ་བོད་ཀྱི་གསོ་རིག་རྒྱུད་བཞི་དང་། སྨན་སྦྱོར། ནད་ཐོག་ལག་ལེན། གཡུ་ཐོག་སྙིང་ཐིག བོད་ཀྱི་བསྐུ་མཉེའི་ལག་ལེན། རྟེན་འབྲེལ་སྔགས་བཅོས་རིག་པ། བོད་སྨན་སེམས་ཁམས་རིག་པ། རྨི་ལམ་རིག་པ། སྨན་གྱི་དཔྱད་བཅོས་ལ་སོགས་པ་སློབ་ཁྲིད་བྱེད་ཀྱིན་ཡོད། དེ་ག་ནང་བཞིན་བོད་ཀྱི་སྨན་སྦྱོར་རིག་པ་དང་དཔྱད་བཅོས་ལ་ཕྱི་རྒྱལ་ལུང་པའི་ཁྲིམས་ལྡན་གྱི་ཞིབ་འཇུག་བྱེད་ཀྱིན་ཡོད། རྒྱལ་སྤྱིའི་བོད་ཀྱི་གསོ་རིག་གླིང་གིས་བོད་ཀྱི་གསོ་རིག་གི་དེབ་མི་འདྲ་བ་མང་པོ་ཞིག་ཕྱི་རྒྱལ་གྱི་སྐད་བཅུ་ལྷག་ཙམ་ཞིག་ལ་སྒྱུར་དང་བསྒྱུར་བཞིན་པ་ཡིན། ནུབ་ཕྱོགས་རྒྱལ་ཁབ་ཏུ་ཐོག་མར་དཔར་བའི་རྒྱལ་སྤྱིའི་གསོ་རིག་དུས་དེབ་ལོ་རེར་ཐོན་བཞིན་ལ། རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་ཚོགས་ཆེན་ཞེས་པ་ལོ་ལྟར་གྲྭ་སྒྲིག་བྱ་བཞིན་ཡོད།
ངའི་བྲིས་བསྒྱུར་བྱས་པའི་དཔེ་དེབ་ཁག་ནི། བོད་སྐད་དུ། སྙན་ངག་གི་དེབ། ༼ངས་ཁྱེད་རང་ཁུ་སུམ་མེར་བཞག ༽བོད་སྐད་དང་ཨི་ཊ་ལིའི་སྐད་འདྲེས་མ་ཞིག་༼ཟླ་བ་སེར་པོ། ༽ཞེས་པ་དང་། སྨན་སྐོར་ལ་༼བོད་ཀྱི་བསྐུ་མཉེའི་ལག་དེབ༽ ༼ཉི་ཟླའི་གསོ་རིག་ཆེད་རྩོམ་གཅེས་བཏུས༽་དང་༼་བོད་ཀྱི་གསོ་རིག་གི་ཕྱོགས་སྟོན་འཁོར་ལོ༽དང་ ༼སྔགས་བཅོས་རིག་པ༽་ཞེས་པ་དཔར་སྐྲུན་ནས་ཐོན་རྒྱུ་ཡིན།
བོད་སྐད་དུ་བསྒྱུར་བའི་དཔེ་དེབ་ནི། ༼མྱུར་སྐྱོབ་གསོ་རིག་ལག་དེབ༽ཞེས་པ་སྒྲ་བསྒྱུར་གཞན་དང་ལྷན་དུ་དབྱིན་སྐད་དང་རྒྱ་སྐད་ནས་བོད་སྐད་དུ་བསྒྱུར།
དབྱིན་སྐད་དུ་ཐོག་མར་བྲིས་པའི་དེབ་ནི། ༼གཡུ་ཐོག་སྙིང་ཐིག་གི་སྔོན་འགྲོའི་འགྲེལ་བ་ལས་བཟང་པོའི་སྒྱུ་རྩལ༽་ཞེས་པ་ཡིན་ལ་དེ་ནི་སྐད་རིགས་བརྒྱད་ཙམ་དུ་བསྒྱུར་ནས་དཔར་སྒྲུན་བྱས། ༼བོད་ཀྱི་རྨི་ལམ་གྱི་རྣམ་བཤད༽་ཅེས་པ་དབྱིན་སྐད། ཨི་ཏ་ལི་དང་ཤི་པན་སྐད་དུ་དཔར། ༼་གཡུ་ཐོག་སྙིང་ཐིག་གི་ངོ་སྤྲོད་འཇའ་ལུས་གསང་ལམ༽་དབྱིན་སྐད། ཤི་པན་ཡའི་སྐད་དུ་༼་བོད་ཀྱི་ས་དཔྱད༽་དཔར་སྐྲུན་བྱས། ཨི་ཊ་ལིའི་སྐད་དུ་༼བདེ་ཐང་གི་གཏེར༽ ༼བོད་སྨན་གྱི་བསྐུ་མཉེ།༽ ༼རྨི་ལམ་རིག་པ༽ དང་༼སྔོན་འགྲོའི་འགྲེལ་བ༽
ཨུ་རུ་སུའི་སྐད་དུ། ༼་ངོས་བཟུང་བརྟག༽ ༼བོད་ཀྱི་སྨན་སྦྱོར༽་༩་བསྐུ་མཉེ༽ ༼བོད་སྨན་གྱི་ནད་ཁམས་རིག་པ༽་སོགས་དཔར་ཚར་བ་དང་གཞན་དཔར་འཆར་གྱི་དཔེ་ཆ་སྨན་དང་གཡུ་ཐོག་སྙིང་ཐིག་སྐོར་ལ་སློབ་དེབ་གྱི་སྐོར་དང་སྤྱི་ཁྱབ་དཔེ་སྒྲུན་གྱི་སྐོར་བཅས་རིགས་གཉིས་ཡོད་དོ།།
ཕ་ཡུལ་དུ་གཅེན་པོ་ཧུཾ་ཆེན་དང་ལྷན་དུ་༢༠༠༡ ལོ་ནས་སྔགས་མང་ཞིབ་འཇུག་ཁང་བཙུགས་ཤིང་རེབ་གོང་སྔགས་མང་གི་དཔེ་རྙིང་བསྲུང་སྐྱོབ་ཆེད་དུ་ད་བར་དཔེ་རྙིང་ལྔ་བཅུ་ལྷག་ཀློག་ཀླད་དུ་བཅུག་ཅིང་དེ་ལས་སུམ་བཅུ་ལྷག་དཔར་སྐྲུན་བྱས་པ་དང་། ལོ་ལྟར་སྔགས་པ་དང་སྔགས་མའི་སློབ་གཉེར་འཛིན་སྐྱོང་དང་། མི་སྐྱ་ཕོ་མོར་བདེ་ཐང་གི་སློབ་གསོ་དྲིལ་བསྒྲགས་དང། ཁྱད་པར་འཁྲིག་སྤྱོད་ནད་ཡམས་སྔོན་འགོག་ལ་དམིགས་ནས་འདོད་པའི་བསྟན་བཅོས་འདོད་ཆགས་སུམ་སྦྱོར་མ་བྱ་བ་བྲིས་པ་ཡིན། གཞན་སློབ་མ་དང་སློབ་གསོའི་རྒྱབ་སྐྱོར་སོགས་ནི་ང་ཚོའི་ཕྲག་པ་བབས་པའི་རྒྱུན་ལྡན་གྱི་ལས་དོན་ཞིག་ཡིན་པས་འདིི་དམིགས་བསལ་བཤད་མི་དགོས་སོ།། ཐུགས་རྗེ་ཆེ། གཞན་གྱི་བསྟོད་པའི་དོན་དུ་སྒྲུབ་པ་མིན།།
དངུལ་ལོ་སྒོར་མོའི་ཆེད་དུ་རྒྱུག་པ་མིན།།
རིན་བྲལ་རིག་གནས་མཆོག་འདི་ཡུན་གནས་ནས།།
ཀུན་ལ་ཆོས་ནོར་བདེ་བས་ཁྱབ་གྱུར་ཅིག།
དྲི་བ། ང་ཚོར་རྨི་ལམ་སྐོར་ཐད་ཀར་ལུས་སེམས་ཀྱི་འཕྲོད་བསྟེན་དང་འབྲེལ་བ་དེ་ཙམ་འདུག་གམ།
དྲི་ལན། ཕྱི་ལུགས་གསོ་རིག་གིས་སེམས་ནད་སྐོར་ལ་རྨི་ལམ་གྱི་འགྲེལ་བཤད་བྱས་པ་ཤུགས་ཆེ་པ་དང་།་དེ་ལ་བདེན་ཁའང་ཧ་ཅང་ཆེ། ཡིན་ཡང་ཉེས་པ་གསུམ་དང་ཁྱད་པར་ལུས་ནད་ཀྱི་སྐོར་་ལ་རྨི་ལམ་འགྲེལ་བཤད་མེད། དེ་བཞིན་རྒྱ་ནག་གསོ་རིག་དང་རྒྱ་གར་གསོ་རིག་རྣམས་སུའང་བོད་སྨན་གཞུང་དང་གསང་སྔགས་ལུགས་ལྟར་གྱི་འགྲེལ་བཤད་ཆ་ཚང་ལ་གནད་དུ་འཁེལ་བ་ཞིག་གཏན་ནས་མེད་པས་བོད་གཞུང་གི་རྨི་ལམ་རིག་པ་འདི་ཤིན་ཏུ་ངོ་མཚར་ཆེ། བོད་སྨན་ལྟར་ན་རྨི་ལམ་གྱི་སེམས་ནད་དང་ཉེས་པ་འཁྲུགས་པ་དང་ལུས་ནད་བཅས་གང་རུང་སྟོན་ཐུབ་པ་མ་ཟད། ལུས་སྲོག་འཚོ་མིན་ཁ་དམར་གདགས་པ་ལའང་ཕན་ཐོགས་ཆེ་བར་བསྟན་ནོ།།
དྲི་བ། གསང་སྔགས་ཀྱི་གཞུང་བར་དོ་ཐོས་གྲོལ་ལྟ་བུར་རྨི་ལམ་ལས་འཆི་རྟགས་སྟོན་པ་སྐོར་(འཆི་ལྟས་མཚན་མ་རང་གྲོལ་ལྟ་བུ)ཞིག་ཡོད་པ་དེར་ཞིབ་འཇུག་བྱེད་མྱོང་ངམ། འདི་རིགས་ནི་ནད་པ་འཆི་ལ་ཉེ་བ་ཚོས་མ་གཏོགས་ཤེས་ཀྱི་མ་རེད་དྲན།
དྲི་ལན། འཆི་ལྟས་ཀྱི་རྨི་ལམ་ནི་མ་ཤི་བའི་སྔོན་ལ་ཡོང་ཕྱིར་དེ་ལ་ངེས་མེད་ཀྱི་ལྟས་ཟེར། ལོ་གཅིག་གམ། ཟླ་གཅིག།་བདུན་གཅིག་ཡང་ཉིན་་གཅིག་གཉིས་ཀྱི་སྔོན་ལ་ཡོང་བ་ཞིག་ཡིན། ནད་མེད་སྐྱོན་མེད་ལ་འཆི་ལྟས་ཀྱི་རྨི་ལམ་བྱུང་ན་བར་ཆད་ཀྱི་ངོ་ཡིན། དེང་དུས་སྨན་ཁང་དུ་འདས་ལོག་གི་ལོ་རྒྱུས་མང་པས་ཁོང་ཚོའི་འཆི་ལྟས་ཀྱི་གོ་རིམ་བཤད་པ་ཁ་ཤས་བར་དོ་ཐོས་གྲོལ་དང་མཐུན་ཤས་ཆེ། འདིའི་སྐོར་ལ་བརྟག་དཔྱད་དང་གྲོས་བསྡུར་བྱ་མྱོང་།
དྲི་བ། བདག་གིས་མི་ཕམ་བེའུ་བུམ་ལས་རྨི་ལམ་མངོན་ཤེས་བསྒྲུབས་པའི་སྐོར་དེ་ཉམས་ལེན་བྱས་པ་ལས་འབྲས་བུ་རང་ཉིད་སེམས་མི་སྐྱིད་པའི་དོན་དག་དང་འཕྲད་རྒྱུ་ཡིན་པ་སྟོན་པ་མ་གཏོགས་སེམས་དགའ་བའི་དོན་དག་དང་འཕྲད་རྒྱུ་ཡིན་པ་མི་སྟོན་པའི་རྒྱུ་མཚན་ཅི།
དྲི་ལན། རྨི་ལམ་སྒྲུབ་པ་ནི་ལེགས་ཉེས་གཉིས་ཀ་སྟོན་བྱེད་ཅིག་ཡིན་པས་བཟང་ངན་གཉིས་ཀ་རྨི་བ་ཡིན་ན་ཡང་། ཕྱི་ལུགས་ལྟར་རང་སེམས་ངན་པར་ཞེད་པ་དང་དེ་ལ་བསམ་བློ་གཏོང་ཤས་ཆེ་ཚེ་དེའི་རིགས་མང་ཙམ་ཡོང་བ་ཡིན། དེ་བཞིན་ཚེས་དང་དུས་ཚོད་དང་ཉལ་ལུགས་སོགས་ལ་ཡང་ཁྱད་པར་ཡོད།
དྲི་བ།
རྨི་ལམ་འཛིན་སྒྱུར་སྤེལ་གསུམ་ལ་ཉམས་ལེན་མཐར་ཕྱིན་པ་དེ་འདྲས་རྨི་ལམ་བཟུང་ནས་ཡུལ་གྲུ་གཞན་དུ་བགྲོད་དེ་མི་གཞན་པ་དེ་དང་དེའི་བྱ་བ་དང་གནས་སྟངས་སོགས་གསལ་བོར་མཐོང་ཐུབ་ཀི་ཡོད་པས། གནས་སྐབས་དེར་མི་དེའི་ཡིད་ཀྱི་རྣམ་ཤེས་རགས་པ་་མི་དེའི་གཟུགས་ཕུང་རགས་པའི་ནང་བཞག་སྟེ་རྣམ་ཤེས་ཕྲ་མོ་ཞིག་ཡིད་ལུས་ཕྲ་མོ་ཞིག་དང་མཉམ་དུ་ས་ཆ་གཞན་དུ་འགྲུལ་བཞུད་བྱས་པ་རེད་དམ།
དྲི་ལན།
རྨི་ལམ་རྣལ་འབྱོར་གྱི་རྨང་གཞི་ནི་འཛིན་པ་རེད། དེ་ནས་སྦྱང་སྤེལ་བསྒྱུར་བ་དང་ཞིང་ཁམས་བགྲོད་པ་སོགས་རིམ་གྱིས་སྦྱང་དགོས་པ་ཞིག་ཡིན། ཁོ་བོ་ད་བར་འཛིན་པའི་རྨང་བརྟན་ཙམ་ཐོབ་ཡོད། ཡུལ་གཞན་དང་ཞིང་ཁམས་གཞན་བགྲོད་བྱེད་ནི་རླུང་སེམས་ཕྲ་མོ་ཡིན། རླུང་སེམས་རགས་པ་ནི་ལུས་ཕུང་དུ་འབྲལ་མེད་དང་། ཕྲ་བ་ནི་ཕྱི་ནང་གང་དུའང་འཕྲོ་ཐུབ་པ་ཞིག་ཡིན། གསང་འདུད་ལྟར་ན་ཤིན་ཏུ་ཕྲ་མོ་ནི་སྒྱུ་ལུས་ཀྱི་རྨང་དང་ཉམས་ལེན་པ་ཉམས་མྱོང་ཅན་ལ་བར་དོའི་སྐབས་སུ་དེ་ལོངས་སྐུར་མངོན་འགྱུར་དུ་ཡོང་བར་གསུངས། དེ་ནས་རླུང་སེམས་རགས་པ། ཕྲ་བ་དང་ཤིན་ཏུ་ཕྲ་བ་གསུམ་དུ་དབྱེ་ན་ཅུང་གོ་སླ། རྫོགས་རིམ་ཆོས་དྲུག་ལ་རྡོ་རྗེ་ལུས་ཀྱི་རྨང་གཞི་དགོས་ཤིང་། ཁོ་བོས་རྒན་ཚེ་རྣམ་རིན་པོ་མཆོག་ནས་དེའི་ཁྲིད་སྐོར་ཞུས་ཤིང་ཐོབ་པ་ཡིན་ནོ།།
དྲི་བ། གཏུམ་མོའི་ཆོས་རྒྱུན་མེད་པར་དཔེ་ཆ་ཙམ་ལ་བལྟས་ནས་ཉམས་ལེན་བྱས་ན་ལུས་ལ་དྲོད་འབར་ཐུབ་བམ།
དྲི་ལན། གཏུམ་མོ་ནི་གསང་སྔགས་བླ་མེད་ཀྱི་རྒྱུད་ཡིན་ཕྱིར་ངེས་པར་དབང་ལུང་ཁྲིད་གསུམ་དང་། ཁྱད་པར་ཉམས་ཁྲིད་ལེགས་པོ་དགོས། དེ་ལ་གཏུམ་མོའི་འཕྲུལ་འཁོར་གང་བྱུང་བྱ་ཐུབ་པ་ཞིག་མ་རེད། ཕྱི་ནང་གསང་གསུམ་གྱི་གཏུམ་མོ་ལས་ཕྱིའི་གཏུམ་མོའི་དྲོད་དེ་རྫས་ལ་བསྟེན་ཡང་ཡོང་ཐུབ་པ་དང་། ལུས་སྦྱོང་ཙམ་དང་རླུང་བུམ་ཅན་གྱིས་ཀྱང་དེ་ལ་ཕན་ཤས་ཆེ། ཡིན་ན་ཡང་ནང་གསང་གི་བདེ་དྲོད་འབར་ནས་ཉོན་མོངས་དང་རྣམ་རྟོག་བསྲེག་ཅིང་ཡེ་ཤེས་བདེ་ཆེན་ཉམས་སུ་མྱོང་རྒྱུ་ནི་བླ་མའི་རྣལ་འབྱོར་དང་མ་འབྲེལ་ན་ཡོང་ཐབས་མེད། དེང་སྐབས་བོད་ཀྱི་སྤྲུལ་སྐུ་མིང་ཅན་འགས་ཁྲིད་རྒྱུན་མེད་པར་ལུས་སྦྱོང་ཙམ་གྱི་གཏུམ་མོ་ཁྲིད་བཞིན་པ་ནི་ནང་བསྟན་གྱི་རྨ་རེད་བསམ་མོ།།
དྲི་བ།
རླུང་བུམ་པ་ཅན་དེ་སྒོམ་སྟངས་ག་འདྲ་ཞིག་ཡིན་ནམ། བུམ་པ་ཅན་དེ་ཧིན་དུ་དང་ནང་པ་ཐུན་མོང་གི་རླུང་སྒོམ་སྟངས་ཤིག་ཡིནནམ་མིན།
དྲི་ལན། རླུང་བུམ་ཅན་ལ་རིགས་ཁ་ཤས་ཡོད་ཀྱང་ཡོང་གྲགས་ནི་སྦྱོར་བ་བཞི་ལྡན་ཡིན། ཐོག་མར་གྲུབ་ཆེན་ས་ར་ཧ་ནས་རྒྱུད་པར་གྲགས། དེ་ཡང་ཉམས་ལེན་དང་བསྟུན་ནས་བསྒོམ་སྟངས་མི་འདྲ་བ་ཡོད། དཔེར་ན་ལུས་རྒྱ་བསྟན་སྐབས་ཀྱི་བུམ་ཅན་གཞན་དང་མི་འདྲ་ལ། དེ་མིན་ཆེ་འབྲིང་ཆུང་གསུམ་དུ་བཤད་པའང་ཅུང་མི་འདྲ་བ་རེ་ཡོད། ངའི་རྒྱུད་པ་ནི་ཤུགས་གསེབ་རྗེ་བཅུན་ཆོསཉིད་བཟང་མོའི་དངོས་སློབ་རྣམ་འབྱོར་མ་ངག་དབང་རྒྱལ་མཚན་མ་ཚང་ཡིན་ལ། སྐྱབས་མགོན་ཞབས་དཀར་ཚང་གི་རྒྱུད་པའང་ཡོད། ངའི་བླ་མ་མཆོག་ནི་རྩ་རླུང་དང་གཏུམ་མོའི་ཉམས་ལེན་ཧ་ཅང་ལེགས་པས། སྔོན་ཆད་རྒྱ་ཡི་བཙོན་ཁང་འཁྱགས་པས་བསྡམ་པ་ཞིག་ཀྱང་བཞུ་མྱོང་གསུངས། གང་ལྟར་འདི་ནི་བོད་ཀྱི་གསང་སྔགས་ལུགས་ལས་ཧིན་རྡུ་ཆོས་ལ་དར་ཆེ་མེད། རླུང་རོ་དགུ་ཕྲུགས་ནི་བོད་གཞུང་དང་ཧོན་རྡུ་གཉིས་ཀར་དར་ཆེ་བ་ཞིག་རེད་ལ། བོད་ཀྱི་གྲུབ་མཐའ་ཁག་གི་ཕྱག་ལེན་ཡང་མི་མཚུངས་ཀྱང་གནད་དང་ནང་དོན་ནི་གཅིག་ཡིན་ནོ།།
དྲི་བ། དགའ་བཞིའི་ཉམས་ལེན་རིགས་གཅིག་ལ་ཕོ་ཡི་བྱང་སེམས་མོ་ཡི་བྷ་གར་འབེབ་པའི་ལུགས་གཅིག་སྟེ་རྗེའི་ཙོང་ཁ་པའི་གསང་འདུས་སྨོན་ལམ་ནང་། མཁའ་དབྱིངས་རྡོ་རྗེ་སྦྱར་བས་སྦར་བ་ཡི། །ཙནྡྲ་ལི་ཡིས་བཞུས་པའི་བྱང་ཆུབ་སེམས།།ཨ་ཝ་དྷྰུ་ཏྰིའི་རྒྱུན་ལམ་ལས་འོངས་པ།།ཤེས་རབ་པད་མའི་ཟེའུ་འབྲུར་སོན་པ་ལས།།ཞེས་གསུངས་པ་དང་། ཡང་ལུགས་གཅིག་ལ་དགའ་བཞིའི་ཉམས་ལེན་སྐབས་བྱང་སེམས་ནམ་ཡང་འདོར་མི་རུང་ཚུལ་གསུངས་འདུག་པས། འདི་ནི་རྒྱུད་སྡེ་དང་ལྷ་ཡི་ཉམས་ལེན་མི་འདྲ་བའི་ཁྱད་པར་ཡིན་ནམ།
དྲི་ལན།
ལས་རྒྱའམ་འོག་སྒོའི་ཉམས་ལེན་ལའང་རིགས་ཁ་ཤས་ཡོད། གཙོ་བོ་རྩ་བའི་དགའ་བ་བཞི་དང་ཡས་མས་ཀྱི་དགའ་བ་བརྒྱད་དམ་ཡང་ན་དགའ་བ་བཅུ་དྲུག་བཅས་བསྒོམ་སྟངས་ལ་གསར་མའི་བླ་མེད་རྒྱུད་དང་རྙིང་མའི་ཨ་ནུ་ཡོ་ག་ཅུང་མི་འདྲ་བ་ཡོད་ཀྱང་། བདེ་སྟོང་ཟུག་འཇུག་གི་སྙིང་དོན་ནི་གཅིག་པ་ཡིན། དེ་ཡང་དབབ་བཟུང་བཟློག་བགྲམ་ལས་འདྲེན་བཟློག་སྐབས་སུ་ཐིག་དཀར་རྐྱང་འདྲེན་དང་དཀར་དམར་ཟུང་འདྲེན་ཡོད་ལ། ཕྱི་མ་ནི་ཁམས་དཀར་ཐོག་མར་་བྷ་གར་ཕབས་ནས་སླར་དམར་ཆ་དང་ལྷན་དུ་འདྲེན་ཞིང་བགྲམ་པ་ཡིན། གཞན་ཐིག་ལེ་བཏང་ཆོག་པའི་དུས་ལྔ་ཞེས་པ་ཞིག་ཡོད་ལ་ཁྱད་པར་བོགས་འདོན་སྐབས་སུ་་བླ་མ་གདམས་ངག་དང་ཉམས་མྱོང་ཅན་ཞིག་ངེས་པར་དགོས། རེབ་གོང་སྔགས་མང་ལ་ཨ་ནུའི་ལུགས་དང་ཨ་ཏིའི་ལུགས་ཀྱི་འོག་སྒོའི་ཕྱག་ལེན་ཡང་མཆིས་སོ།།
དྲི་བ། སྔོན་ཆད་བོད་མཁས་པས་བརྩམས་པའི་ལུས་ཐིག་ཟླ་བ་ནོར་བུ་ལྷ་ས་སྨན་རྩིས་ཁང་དུ་ཤིང་པར་དུ་བརྐོས་པ་དང་། བླ་སྨན་མཁྱེན་རབ་ནོར་བུས་ཐུགས་ཁུར་ཆེ་བཞེས་ཀྱིས་སྨན་པ་སློབ་བུ་ཚོས་ཟླ་བ་ནོར་བུ་ལས་བསྟན་པ་བཞིན་རྩ་ཐིག་བརྒྱབ་ནས། ལུས་ཀྱི་རྩ་གནད་དང་ཤ་གནད། རུས་གནད་སོགས་རྒྱུགས་སྤྲོད་བྱེད་དགོས་པའི་ལུགས་སྲོལ་དེ་དེང་སྐབས་ཡོད་དམ་མེད།
དྲི་ལན། བྱང་ཁོག་ཡུལ་ཐིག་གི་ལག་ལེན་དར་ཁྱབ་ཆེ་བ་དང་། བོད་སྨན་ལུགས་ཀྱི་རོ་བཀྲ་དཔེ་ཆ་ཞིག་གསོ་རིག་ཁང་གིས་སྒྲིག་ཚར་བས་རྗེས་སུ་སྤྱན་འབུལ་ཡོད་པ་ཞུ། ལུས་ཐིག་རྩ་ཐིག་ཟེར་བ་དེ་ལ་སྨན་གཞུང་དུ་བྱང་ཁོག་ཡུལ་ཐིག་ཟེར། སྨན་རྒན་བསམ་གཏན་མཆོག་གི་གསོ་རིག་སྐྱ་རེངས་གསར་བ་དང་སྨན་པ་མཁས་ཆེན་ཀོ་འཇོ་དབང་འདུས་ཀྱི་གཡུ་ཐོག་དགོངས་རྒྱན་སོགས་སུ་ཤ་གནད་རུད་གནད་སོགས་དེང་དུས་རོ་བཀྲ་དང་མཐུན་པར་སྦྱར་བའི་དཔེ་རིས་ཡོད་ཀྱང་། འདིའི་སྐོར་ལ་ངེས་པར་ཕྱི་ལུགས་སྨན་པ་དང་ཚོ་ལྷན་དུ་གྲོས་བསྡུར་ཞིབ་འཇུག་གཏིང་་ཟབ་པ་མུ་མཐུད་བྱ་དགོས།
བོད་ཀྱི་གསོ་རིག་གི་རོ་བཀྲའི་སྐོར་གྱི་འགྲེལ་བཤད་ལ་ཁ་སྣོན་ངེས་པར་དུ་བྱ་དགོས། རྒྱུད་འགྲེལ་ཙམ་གྱིས་ཆོག་པ་ཞིག་གཏན་ནས་མ་རེད། འདི་ལ་དམིགས་བསལ་གྱི་ཞིབ་འཇུག་མཁན་མང་དུ་ཡོང་བའི་རེ་བ་ཡོད།
དྲི་བ། གཡུ་ཐོག་སྙིང་ཐིག་ངོ་སྤྲོད་ཅིག་གནང་རོགས།
དྲི་ལན། གཡུ་ཐོག་སྙིང་ཐིག་ནི་སྨན་རྒྱལ་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོའི་ (༡༡༢༦ -༡༢༠༢ ) གསང་བའི་ཐུགས་ཀྱི་གནག་ཆོས་ཡིན། གཡུ་ཐོག་ཆེན་པོའི་གསུང་གཙོ་ཆེ་བ་གཉིས་སམ་ཐུགས་ཀྱི་ནོར་བུ་གཉིས་ཏེ། ཐུང་མོང་གདུལ་བྱ་ལ་ཀུན་རྫོབ་བདེན་པའི་གསོ་རིག་རྒྱུད་བཞི་དང་། ཐུན་མིན་གདུལ་བྱ་ལ་དོམ་དམ་བདེན་པའི་གཡུ་ཐོག་སྙིང་ཐིག་གསུངས།
དེ་ལས་གསོ་རིག་རྒྱུད་བཞི་ནི་དྲང་སྲོང་ལུགས་ཀྱི་གསོ་རིག་ཡིན་ཞིང་། དེ་ནི་ཆོས་ལུགས་དང་མི་རིགས་དང་གང་ཟག་མཆོག་དམན་ལ་མ་ལྟོས་པར་རང་གཞན་གྱི་མི་ན་བ་གནས་པར་བྱེད་པ་དང་ན་བ་གསོ་བར་བྱེད་པ་དང་། ཡང་ན་ཆོས་དང་ནོར་དང་བདེ་བ་འདོད་པའི་ཐུན་མོང་གི་གདུལ་བྱ་ཡོང་ལ་བསྟན་པའི་སྨན་གྱི་རིག་པ་ཞིག་ཡིན།
གཡུ་ཐོག་སྙིང་ཐིག་ནི་ཐར་བ་དོན་གཉེར་གྱི་གང་ཟག་ཁྱད་པར་ཅན་གྱི་ཆེད་དུ་གསུངས་པའི་མཐར་ཐུག་གི་དོན་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའམ་འཇའ་ལུས་འཕོ་ཆེན་འགྲུབ་བྱེད་ཀྱི་རྡོ་རྗེ་ཐེག་པའི་གཞུང་ཆ་ཚང་ཞིག་ཡིན།
གཡུ་ཐོག་སྙིང་ཐིག་ནི་མཁའ་འགྲོ་མ་དཔལ་ལྡན་ཕྲེང་བས་གཡུ་ཐོག་གསར་མར་དག་སྣང་དུ་སྩལ་བའི་གནག་ཆོས་ཡིན་ཕྱིར་ཡེ་ཤེས་མཁའ་འགྲོ་མའི་བྱིན་རླབས་ཀྱི་ཁ་རླངས་མ་ཡལ་བའི་གཡུ་ཐོག་གི་དགོངས་གཏེར་ཁོ་ན་ཡིན་ནོ།།
སྙིང་ཐིག་ནི་རྫོགས་ཆེན་གྱི་ཆོས་སྐད་ཅིག་ཡིན་ཏེ། སྙིང་གི་ཐིག་ལེ་ཞེས་ཐུགས་ཀྱི་དོམ་དམ་གྱི་ཆོས་ལ་གོ་ཞིང་། ཀློང་ཆེན་རབ་འབྱམས་ཀྱི་སྙིང་ཐིག་ཡ་བཞི་དང་རིག་འཛིན་འཇིགས་མེད་གླིང་པའི་ཀློང་ཆེན་སྙིང་ཐིག་དང་ཀརྨ་རང་བྱུང་རྡོ་རྗེའི་ཀརྨ་སྙིང་ཐིག་སོགས་ལྟ་བུའོ།།
གཡུ་ཐོག་སྙིང་ཐིག་གི་མཚན་རྒྱས་པ་ནི་གཡུ་ཐོག་སྙིང་ཐིག་བྱིན་རླབས་བླ་མ་སྒྲུབ་པའི་ཆོས་སྐོར་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ཅེས་བྱ་ཞིང་། རྩ་གཞུང་ནི་གཡུ་ཐོག་གི་ཞལ་གསུངས་ངོ་མ་སུམ་སྟོན་ཡེ་ཤེས་གཟུངས་ཀྱིས་ཟིན་བྲིས་སུ་བཏབ་ལ། རྗེས་སུ་རིམ་གྱིས་ཟུར་མཁར་མཉམ་ཉིད་རྡོ་རྗེ་དང་། རྒྱལ་དབང་ལྔ་པ་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་དང་ཆོས་ཀྱི་སེང་གེ་སོགས་ཀྱིས་ཁ་སྐོང་ལྷན་ཐབས་གནང་པའོ།།
གཡུ་ཐོག་སྙིང་ཐིག་གི་ཆོས་སྐོར་དབྱེ་བ་བཞིའི་སྒོ་ནས་གོ་ཆོག་སྟེ། སྔོན་འགྲོ། བསྐྱེད་རིམ། རྫོགས་རིམས་དང་རྫོགས་ཆེན་ནོ།
དང་པོ། སྔོན་འགྲོ་ནི། གསང་སྔགས་ལམ་གྱི་གྲྭ་སྒྲིག་གམ་རྨང་གཞི་གདིང་བྱེད་ཡིན་ལ། འདིར་ཐུན་མོང་སྔོན་འགྲོ། ཐུན་མིན་སྔོན་འགྲོ་དང་རྒྱུན་འཁྱེར་སྔོན་འགྲོ་བཅས་ཁག་གསུམ་དུ་དབྱེ་ཆོག་ལ་རྒྱས་པ་ཁོ་བོས་བྲིས་པའི་གཡུ་ཐོག་སྙིང་ཐིག་གི་སྔོན་འགྲོའི་ངོ་སྤྲོད་ལ་བལྟ་བར་བྱ།།
གཉིས་པ། བསྐྱེད་རིམ་སྐོར་ལ། ཐ་མལ་སྣང་བ་ཡེ་ཤེས་སུ་སྦྱོང་བྱེད་བསྐྱེད་རྫོགས་ཟུང་འཇུག་གི་དོན་གཡུ་ཐོག་བླ་མའི་ཕྱི་སྒྲུབ། ནང་སྒྲུབ། གསང་སྒྲུབ་དང་དྲིལ་སྒྲུབ་དང་རྒྱུན་ཁྱེར་བཅས་དང་། ཆ་ལག་ལ་མཁའ་འགྲོ་སྒྲུབ་པ། ཆོས་སྐྱོང་སྒྲུབ་པ། ཚེ་སྒྲུབ་དང་། ལུས་འཁྲུགས་གེགས་སེལ། སྨན་སྒྲུབ། རྩ་པྲ་སྒྲུབ་པ། རྒབ་འདྲེ་མནན་པ་དང་ལས་བཞིའི་སྦྱིན་བསྲེག་བཅས་བཞུགས་སོ།།
གསུམ་པ། རྫོགས་རིམ་སྐོར་ལ། རྫོགས་རིམས་སྐུ་གསུམ་རང་ཤར་ཏེ་ལུས་ངག་ཡིད་གསུམ་ལྷ་སྔགས་ཡེ་ཤེས་སུ་འཆར་བའི་རྩ་རླུང་ཐིག་ལེའི་ཁྲིད་དེ། རྩ་རླུང་འཕྲུལ་འཁོར། འོག་སྒོ་བདེ་ཆེན་ལམ། གཏུམ་མོ། རྨི་ལམ། འོད་གསལ། སྒྱུ་ལུས། འཕོ་བ་དང་གྲོང་འཇུག་དང་ བར་དོའི་ཁྲིད་བཅས་སོ།།
བཞི་བ། རྫོགས་ཆེན་སྐོར་ལ། ཨ་ཏི་ཡོ་ག་ཆེན་པོ་ཡུལ་དང་ཡུལ་ཅན་གྱི་ཆོས་ཐམས་ཅད་རིག་པའི་ཀློང་དུ་ངོ་སྤྲོད་བྱེད་ཀ་དག་ཁྲེགས་ཆོད་ཀྱི་ཁྲིད་འཁོར་འདས་རང་གྲོལ་ཆེན་མོ་གསུངས་པའོ།།
གཡུ་ཐོག་སྙིང་ཐིག་གི་ཐུན་མིན་ཁྱད་ཆོས་ནི་སྒྲུབ་ཐག་ཧ་ཅང་ཉེ་ཞིང་བདུན་མཚམས་གཅིག་གིས་ཀྱང་རྟགས་དང་འབྲས་བུ་མངོན་སུམ་དུ་ཐོན་པ་དང་། ཆོས་ཚན་རྣམས་ཉུང་ཞིང་ཉམས་ལེན་སྟབས་བདེ་བ་དང་། དཔེ་ཆ་གཅིག་ནང་དུ་མ་ཚང་པ་མེད་པའི་རྡོ་རྗེ་ཐེག་པའི་ཆོས་ཐམས་ཅད་བཞུགས་པའོ།།
གཡུ་ཐོག་སྙིང་ཐིག་ནི་གྲུབ་མཐའ་རིས་མེད་ཡིན་པས་ལོ་རྒྱས་ཐོག་ཏུ་རྙིང་བཀའ་ས་དགེ་ཡོངས་ཀྱི་བླ་ཆེན་མང་པོས་ཉམས་བཞེས་སུ་གནང་པ་དང་དགོན་སྡེ་ཁག་ལའང་ གཡུ་ཐོག་སྙིང་ཐིག་གི་སྨན་སྒྲུབ་དར་ཆེ་བའོ།།
བོད་སྨན་པ་ཚད་ལྡན་ཞིག་ཡིན་ཚེ་གཡུ་ཐོག་སྙིང་ཐིག་ལྟ་བུའི་ཟབ་ཆོས་ཉམས་ལེན་བྱ་རྒྱུ་ནི་མེད་དུ་མི་རུང་པ་ཞིག་ཡིན་སྟབས། དེང་དུས་ཀྱི་སྨན་པ་གཞོན་སྐྱེས་ཚོས་བསམ་བློ་ལེགས་པར་བཏང་ནས་དོན་དམ་ཆོས་ལ་འབད་པར་བྱའོ།།
འཇའ་ལུས་རྡོ་རྗེའི་གསང་ཆེན་ལམ།།
འཁོར་འདས་རང་གྲོལ་དོན་དམ་ཆོས།།
གཡུ་ཐོག་སྙིང་ཐིག་བསྟན་པ་འདི།།
འཛམ་གླིང་ཡོང་ལ་དར་གྱུར་ཅིག།
ཅེས་ཉི་ཟླ་ལྕེ་ནག་ཚང་གིས་ཨི་ཊ་ལིའི་རྒྱལ་ས་རོ་མ་རུ་ ༢༠༡༠་ཕྱི་ཟླ་༢་ལ་སྦྱར་བའོ།།
དྲི་བ། གསོ་རིག་རྒྱུད་བཞི་ངོ་སྤྲོད་ཅིག་གནང་རོགས།
དྲི་ལན། གསོ་རིག་རྒྱུད་བཞི་ནི་བོད་སྨན་ལོ་རྒྱུས་ཐོག་གི་སྨན་དཔེ་སྐད་གྲགས་ཆེ་ཤོས་ཡིན་ལ། སྨན་རྒྱལ་གཡུ་ཐོག་པ་ཡོན་ཏན་མགོན་པོས་དུས་རབས་བརྒྱད་པར་བརྩམས་པ་དང་གཡུ་ཐོག་གསར་མས་དུས་རབས་༡༢་པར་བསྐྱར་སྒྲིག་གནང་། སུམ་སྟོན་ཡེ་ཤེས་གཟུངས་ཀྱིས་དཔེ་ཆ་དཔར་བཤུས་ཐོག་མ་དང་འགྲེལ་བཤད་ཀྱང་གནང་མགོ་ཚུགས་ལ། མི་ལོ་༨༠༠་ལྷག་རིང་ཚད་ལྡན་གྱི་རྒྱུད་འགྲེལ་མང་དུ་བྱུང་། གསོ་རིག་རྒྱུད་བཞི་ནི་བོད་སྨན་གྱི་རིག་གཞུང་ཐམས་ཅད་ཀྱི་ཁོང་གཏུགས་ས་དང་ལག་ལེན་ཡོད་ཚད་ཀྱི་གཞི་འཛིན་ས་ཡིན་པས་བོད་སྨན་སློབ་གསོའི་རྨང་གཞི་མེད་དུ་མི་རུང་པ་འབའ་ཞིག་ཏུ་ཆགས་པ་ཡིན་ནོ།།
གསོ་རིག་རྒྱུད་བཞི་ལས།
• རྩ་རྒྱུད་ནི། བོད་སྨན་གྱི་རྩ་བའི་ངོ་སྤྲོད་དེ། ཕུན་ཚོགས་ལྔ་ལྡན་གྱི་གནས་ལུགས་དང་ རྒྱུད་བཞིའི་ངོ་སྤྲོད་ཆ་ཚང་། ཐུན་མིན་སྡོང་འགྲེམས་ལུགས་ཀྱིས་གནས་ལུགས་ནད་གཞི་དང་། ངོས་བཟུང་རྟགས་དང་གསོ་བྱེད་ཐབས་བཅས་དང་དེ་དག་གི་མཇུག་སྡོམ་གསལ་དུ་བསྟན་ཡོད།།
• བཤད་རྒྱུད་ནི། སྨན་སློབ་སྦྱོང་ལ་ངེས་པར་དུ་མཁོ་ཤས…་ཆེ་པའི་རྨང་གཞིའི་གཞུང་ལུགས་ཤེས་བྱ་སྟེ། མིའི་ལུས་ཁམས་ཀྱི་སྐྱེ་གནས་འཇིག་གསུམ་དང་། དེ་ལ་ནད་འཇུག་ཚུལ། ནད་བཅོས་ཀྱི་ཐབས་ཤེས་ཟས་སྤྱོད་དང་སྨན་དཔྱད། མི་ན་བའི་བསྲུང་ཐབས། བརྟག་ཐབས་དང་གསོ་ཚུལ་གྱི་རྨང་གཞི་དང་སྨན་པའི་ཀུན་སྤྱོད་བཅས་བསྟན་ཡོད།།
• མན་ངག་རྒྱུད་ནི་ནད་ཁམས་རིག་པའི་སྐོར་ཏེ། ཉེས་པའི་ནད། ལུས་ནད་དང་སེམས་ནད་བཅས་ཀྱི་རྒྱུ་རྐྱེན། ནད་རྟགས། གཉེན་པོ་བཞི་ལྡན་གྱི་བཅོས་ཐབས་དང་བསྲུང་འགོག་བཅས་ ཞིབ་རྒྱས་སུ་བསྟན་པའོ།།
• ཕྱི་མ་རྒྱུད་ནི་ལག་ལེན་གཙོ་བཤད་རྩ་ཆུ་བརྟག་ཐབས། ནད་ཞི་བྱེད་ཀྱི་སྨན་སྦྱོར། སྦྱང་བྱེད་ལས་དང་དཔྱད་བཅོས་རིག་པ་བཅས་བསྟན་པའོ།། ཕྱི་རྒྱལ་གྱི་སྐད་དང་པོ་བསྒྱུར་ས་ནི་སོག་སྐད་ཡིན་པ་དང་། དེ་ནས་ཨུ་རུ་སུའི་སྐད་ལ་བསྒྱུར་བ་དང་། རྒྱ་ནག་སྐད་ལ་ཡང་བསྒྱུར་ནས་པར་སྐྲུན་བྱས་པ་དང་། རྒྱ་གར་གྱི་འཚོ་བྱེད་པ་བྷ་ག་ཝན་དྷེ་ཞི་ནས་ལེགས་སྦྱར་སྐད་དང་དབྱིན་སྐད་ལ་ཕལ་ཆེ་བ་བསྒྱུར་བ་དང་། ཉེ་ཆར་རྡ་ས་སྨན་རྩིས་ཁང་གིས་རྩ་རྒྱུད་བཤད་དང་ཕྱི་རྒྱུད་གསུམ་དབྱིན་སྐད་ལ་སྒྱུར་འདུག་ལ། བོད་ཀྱི་གསོ་རིག་ཁང་ཁག་གིས་སྐད་རིགས་གཞན་བཅུ་ཙམ་ལ་བསྒྱུར་བཞིན་ཡོད།
བོད་ཀྱི་གསོ་རིག་གི་ཚད་ལྡན་འཕེལ་རྒྱས་ནི་གསོ་རིག་རྒྱུད་བཞི་ལ་རག་ལས་སྟབས། རྒྱུད་བཞིར་རག་འབྲེལ་དང་སྤྱི་འབྲེལ་དང་། ཡང་ན་ཡིག་བསྒྱུར་བྱས་པ་ཙམ་གྱིས་མ་ཆོག་པར་ངེས་པར་དུ་དེང་དུས་ཀྱི་ཁོར་ཡུག་དང་། གནམ་གཤིས། ཟས་སྤྱོད། སེམས་ཁམས། ཚན་རིག་དང་ཁྲིམས་མཐུན་གྱི་འགྲེལ་བཤད་གསར་བ་ངེས་པར་དུ་དགོས་ལ། དུས་མཐུན་གྱི་ཞིབ་འཇུག་ནི་མ་འོང་གསོ་རིག་འཕེལ་རྒྱས་ལ་མེད་དུ་མི་རུང་ཞིག་ཡིན་ནོ།།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།