ཡུལ་ཤུལ་གྱི་དགེ་རྒན་ཟླ་བ་སྒྲོལ་མ་ལ་བཅར་འདྲི་བྱས་པ།
—ཡུལ་ཤུལ་ཁུལ་བརྒྱད་གཅིག་ལས་རིགས་ལག་རྩལ་སློབ་གྲྭའི་དགེ་རྒན་ཟླ་བ་སྒྲོལ་མ་ལགས་ལ་བཅར་འདྲི་བྱས་པ།
བཅར་འདྲི་བྱེད་ཉིན། ༢༠༡༣་༣་༢༠
གསར་འགོད་པ། རྒན་ཟླ་བ་སྒྲོལ་མ་ལགས། ཁྱེད་བདེ་མོ།
ཟླ་བ་སྒྲོལ་མ། བདེ་མོ་ཡིན། ཁྱེད་བདེ་མོ།
གསར་འགོད་པ།བདེ་མོ་ཡིན།ཐོག་མར་རྒན་ཁྱེད་ཀྱིས་དག་སྒྲིག་བྱས་པའི་༼ཡུལ་ཤུལ་བོད་རིགས་དམངས་ཁྲོད་ཀྱི་གཞས་བྲོ་གཅེས་བསྡུས༽ཞེས་པའི་ཟེར་སྡེར་ཐོག་མ་ལེགས་འགྲུབ་དང་འགྲེམ་སྤེལ་བྱུང་བར་རྟེན་འབྲེལ་ཞུ། ཡུལ་ཤུལ་ནི་གླུ་གར་གྱི་ཕ་ས་ཞིག་ཡིན་པས་ཁྱོད་རང་གླུ་གཞས་ལ་མཁས་པ་ཞིག་ཡིན་པར་སུས་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ཡིན་མི་སྲིད། ཡིན་ན་ཡང་། ༢༠༡༠ལོར་སྐྱེ་རྒུ་ལ་ས་ཡོམ་ཆེན་པོ་བྱུང་བ་དང་མིའི་ལུས་སེམས་ལ་འཇིགས་སྐྲག་དང་སྡུག་བསྔལ་ཚད་མེད་བཟོས།ལྷག་པར་དུ་རྒྱུ་ལོངས་སྤྱོད་དཔལ་འབྱོར་ཐད་ལ་གྱོང་གུད་ཆེན་པོ་ཐེབས་པའི་མི་སེམས་ཟང་ཟིང་དུ་གྱུར་བའི་གོད་ཆག་གི་ལོ་ཟླའི་ནང་དུ།ཁྱོད་ཀྱིས་མི་སྒེར་གྱིས་འགྲོ་སོང་བཏང་སྟེ་རྩམ་དྲི་དང་མར་དྲི་མ་ཡལ་བའི་ཡུལ་ཤུལ་དམངས་ཁྲོད་ཀྱི་བྲོ་གཞས་དག་སྒྲིག་གི་ལས་ཀ་རླབས་ཆེན་འདི་བསྒྲུབས།ཏག་ཏག་སྐབས་འདི་དང་དུས་འདི་འདྲ་ཞིག་གི་ནང་དུ་ཁྱོད་ལ་ལས་ཀ་འདི་འདྲ་བསྒྲུབ་རྒྱུའི་བསམ་བློ་ཇི་ལྟར་སྐྱེས་པ་ཡིན། ཡང་ན་རྒྱུ་རྐྱེན་གང་ལ་བརྟེན་ནས་ཁྱོད་ལ་ལས་འདི་བསྒྲུབ་པའི་ཀུན་སློང་སྐྱེས་པ་ཡིན།
ཟླ་བ་སྒྲོལ་མ།མ་གཞི་ས་ཡོམ་བྱུང་ནས་བདག་གི་རྐང་བར་རྨས་སྐྱོན་བྱུང་བ་དང་།ལོ་བརྒྱད་ཅུ་གྱ་གསུམ་ལོན་པའི་ཨ་མ་དང་ལོ་བཞིར་སོན་མ་ཐག་པའི་བུ་ཆུང་གཉིས་ལ་ཡང་བདག་སྐྱོང་བྱེད་དགོས་པས་འཚོ་བའི་ཕྱོགས་གང་ཐད་ནས་སྟབས་བདེ་ཞིག་མ་བྱུང་།དེ་བས་སྡོད་རོགས༼བཟའ་ཟླ༽དང་མཉམ་དུ་ཏུའུ་ཅང་ཡན་ལ་སོང་། ས་དེར་སོང་ནས་ཕ་ཡུལ་དྲན་པ་དང་ཕ་ཡུལ་གྱི་གཞས་བྲོ་ཡང་ཧ་ཅང་དྲན།མིག་མདུན་དུ་ས་ཞབས་ལ་བགླེབས་པའི་ཡུལ་མི་སྤུན་ཟླ་ཚོའི་ངོ་གདོང་ཤར་ནས་སྡུག་བསྔལ་གྱིས་བཟོད་མི་ཐུབ།ང་རང་མ་ཤི་གསོན་པོར་ཡོད་པས་ངེས་པར་དུ་རང་གི་ཕ་ཡུལ་ལ་ལས་ཀ་ཞིག་བསྒྲུབ་དགོས་བསམ་སོང་།ལྷག་པར་དུ་ས་ཐག་རིང་པོ་ལ་སོང་བའི་རྗེས་སུ་ཕ་ཡུལ་གྱི་གཞས་བྲོ་ནི་རིན་ཐང་བྲལ་བའི་རིན་པོ་ཆེ་ཞིག་ཡིན་པ་སྔར་ལས་ཀྱང་གསལ་རྟོགས་བྱུང་། ང་རང་ཉིད་ལ་ནུས་པ་དང་འཇོན་ཐང་གཞན་མེད། ཡིན་ན་ཡང་།ང་རང་ཆུང་དུས་ནས་ཨ་མའི་ཤུགས་རྐྱེན་ཐེབས་ནས་གླུ་ལེན་རྒྱུར་དགའ་བ་དང་གཞས་འཆམ་རྒྱུར་ཡང་ཧ་ཅང་དགའ། བཤད་རྒྱུན་ལ་ཡུལ་ཤུལ་གྱི་མི་རྣམས་ནི་གོམ་པ་སྤོ་ཤེས་པ་ན་བྲོ་འཁྲབ་ཤེས་པ་དང་སྐད་ཆ་བཤད་ཤེས་པ་ནས་གླུ་ལེན་ཤེས་ཞེས་པའི་གཏམ་སྙན་མོ་ཞིག་ཡོད། དེ་བས་ངའི་སེམས་སུ་ཕ་ཡུལ་གྱི་བྲོ་གཞས་ཉམས་པ་སོར་ཆུད་དང་མ་ཉམས་གོང་དུ་སྤེལ་བར་ལས་ཀ་ཞིག་ངེས་པར་དུ་བསྒྲུབ་དགོས་སྙམ་ནས་ཐོག་མར་རང་གི་སེམས་ནས་དམ་བཅའ་བཞག་པ་དང་ཇི་ལྟར་བསྒྲུབ་དགོས་པའི་ཐད་ལའང་བསམ་བློ་ཞིག་བཏང་བ་ཡིན།
གསར་འགོད་པ། རེད་རེད། དངོས་གནས་བསམ་བློ་རླབས་ཆེན་རེད།ཤེས་གསལ་ལྟར་ན་ཁྱོད་ཀྱི་ཨ་མས་ཀྱང་ལས་ཀ་འདིར་རྒྱབ་སྐྱོར་དང་རོགས་རམ་ཚད་མེད་གནང་ཟེར། ཁྱོད་ཀྱི་ཨ་མ་ན་ཚོད་ཧ་ཅང་བགྲེས་པོ་རེད།འོ་ན་ཁྱོད་ཀྱི་ཨ་མས་ཁྱོད་དང་ཁྱོད་ཀྱི་ལས་ཀ་ལ་ཕྱོགས་གང་ཐད་ནས་རོགས་རམ་དང་རྒྱབ་སྐྱོར་བྱས་པ་ཡིན།
ཟླ་བ་སྒྲོལ་མ། ངའི་ཨ་མ་ནི་གླུ་ལེན་གར་རྩེད་ལ་མཁས་པའི་མ་རྒན་སྣང་སྤྲོ་ཅན་ཞིག་ཡིན། སྔོན་ཆད་ཡུལ་ཤུལ་ཁུལ་རྒན་པའི་གླུ་གར་ཚོགས་པ༼ད་ལྟའི་ཡུས་ཧྲུའུ་ཁུལ་སྲོལ་ལྡན་དམངས་ཁྲོད་ཞབས་བྲོ་ཚོགས་པ༽ཡི་བྲོ་གཞས་འཁྲབ་ཁྲིད་བྱེད་མཁན་གཙོ་བོའི་གྲས་ཡིན། འཚོ་བའི་ཐོག་མ་ཚད་བྲོ་དང་གླུ་ཡི་ཐད་ནས་ཀྱང་ངའི་དགེ་རྒན་ཐོག་མ་ནི་ངའི་མ་རྒན་དྲིན་ཆེན་ཡིན། མོས་ང་ལ་གླུ་ཡི་ཚིག་འབྲུ་རེ་རེ་དང་དབྱངས་རྟ་རེ་རེ། ཞབས་བྲོའི་སྟངས་སྟབས་རེ་རེ་ཡང་ནས་བསྐྱར་དུ་ཁྲིད་པ་ཡིན། ཐེངས་འདིའི་ལས་ཀ་འདི་ཡང་གཙོ་བོ་ངའི་ཨ་མའི་རེ་བ་ཡིན། མོས་ནམ་ཡང་ཡུལ་ཤུལ་གྱི་དམངས་ཁྲོད་བྲོ་གཞས་ཀྱི་བྲོ་བ་འགྱུར་འགྲོ་བར་སེམས་ཁྲལ་དྲག་པོ་བྱེད་པ་རེད། ¡¶ཡུལ་ཤུལ་བོད་རིགས་དམངས་ཁྲོད་ཀྱི་གཞས་བྲོ་གཅེས་བསྡུས¡¡¤འདིའི་ནང་གི་གླུ་བྲོ་ཕལ་ཆེར་དང་པོ་ངའི་ཨ་མས་ང་ལ་ཁྲིད་པ་དང་ངས་གླུ་བ་དང་གཞས་བ་རྣམས་ལ་རེ་རེ་བཞིན་ཁྲིད་ཁུལ་བྱས་པ་ཡིན། གལ་ཏེ་ངའི་ཨ་མ་རོགས་རམ་མེད་ན་ངའི་ལས་ཀ་འདི་ཡང་གཏན་ནས་འགྲུབ་ཐབས་མེད། གཞན་ད་དུང་ངའི་ཕ་ཡུལ་གྱི་མགོ་ཁྲིད་རྣམས་ཀྱིས་ཀྱང་རོགས་རམ་དང་ཐུགས་ཁུར་ཚད་མེད་གནང་བྱུང་།
གསར་འགོད་པ། ཁྱོད་ཀྱི་ཨ་མ་དང་ཁྱོད་གཉིས་ཀྱིས་ཡུལ་ཤུལ་མ་ཚད་རང་རེའི་བོད་ཀྱི་དམངས་ཁྲོད་ཀྱི་རིག་གནས་ཐད་བྱས་རྗེས་ཆེན་པོ་བཞག་ཡོད་པས་ངས་ཀྱང་ཁྱེད་གཉིས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། ངོ་མ་བཀའ་དྲིན་ཆེ། འོ་ན། ལས་ཀ་འདིའི་མགོ་གཞུག་བར་གསུམ་དུ་འགྲོ་སོང་ཧ་ཅང་མང་པོ་ཞིག་དགོས་རྒྱུ་རེད། འགྲོ་སོང་དེ་དག་ཁྱོད་ཀྱིས་བཏང་བ་ཡིན་ནམ།
ཟླ་བ་སྒྲོལ་མ། འགྲོ་སོང་ཚང་མ་ང་རང་ཉིད་ཀྱིས་བཏང་བ་ཡིན། མ་གཞི་ང་ལ་ཡང་དེ་འདྲའི་ཆ་རྐྱེན་ཆེན་པོ་མེད། དེ་ཁར་ས་ཡོམ་ཆེན་པོ་རྒྱུགས་པས་ཕྱོགས་གང་ཐད་ནས་དཀའ་ཁག་ཅུང་ཡོད་མོད། ངས་དྲིན་ཆེན་ཕ་མས་བཞག་པའི་རྒྱན་ཆ་ཞིག་བཙོང་ནས་ལས་ཀ་འདི་བསྒྲུབས་པ་ཡིན།
གསར་འགོད་པ། ང་ཚོ་བོད་ཀྱི་བུད་མེད་ཅིག་ལ་མཚོན་ན་རྒྱན་ཆ་ནི་རང་དགར་དོར་མི་ཐུབ་པའི་གཅེས་ནོར་གལ་ཆེན་ཞིག་ཡིན། ཁྱེད་ཀྱིས་ཕ་མས་བཞག་པའི་ རྒྱན་ཆ་བཙོང་ནས་ལས་ཀ་འདི་བསྒྲུབས་དོན་ཅི་ཡིན ། ཁྱོད་ཀྱི་ཁྱོ་གས་ཁྱོད་ཀྱིས་འདི་ལྟར་ལས་ཀ་བསྒྲུབ་པར་ལྟ་ཚུལ་ཅི་འདུག
ཟླ་བ་སྒྲོལ་མ། སྔོན་ཆད་ང་ནི་ལུས་ཀྱི་བཏགས་རྒྱུ་རྒྱན་རྒྱུ་ལ་ཧ་ཅང་དགའ་བའི་བུད་མེད་ཅིག་ཡིན། འོན་ཀྱང་ངའི་ཕ་ཡུལ་ལ་ས་ཡོམ་ཆེན་པོ་བྱུང་བས་མི་མང་པོ་རྐྱེན་ལམ་དུ་ཤོར་བ་དང་རིག་གནས་དང་དཔལ་འབྱོར་སོགས་ཕྱོགས་གང་ཐད་ལ་གྱོང་ཆེན་པོ་བརྒྱབ་སོང་། ང་ཚོ་མ་ཤི་ལུས་པའི་མི་རྣམས་ཀྱིས་རང་ནུས་ཅི་འཇོན་གྱིས་ཕ་ཡུལ་ལ་བྱ་བ་བསྒྲུབ་ན་ཡག་པོ་འདུག་བསམ། དེ་བས་ངས་ཀྱང་རང་གི་རྒྱན་ཆ་བཙོང་ནས་ཕ་ཡུལ་ལ་རྒྱན་ཆ་སྤྲས་འདོད་པའི་བསམ་ཚུལ་སྡོད་རོགས༼ཁྱོ་ག༽ལ་བཤད་པ་ཡིན། དང་ཐོག་ཁོས་དེ་འདྲ་བློར་བབས་མ་བྱུང་། རྗེས་ནས་ཁོས་ཉིན་མང་པོར་གཉིད་ཆག་ཟས་བརྗེད་ཀྱིས་ངའི་ལས་ཀ་འདིའི་དོན་དུ་རོགས་པ་ཆེན་པོ་བརྒྱབ་བྱུང་། ངེད་བཟའ་ཚང་གང་བོས་མཉམ་དུ་རང་གི་ཕ་ཡུལ་ལ་ཕན་པའི་ལས་ཀ་ཆུང་ཆུང་ཞིག་བསྒྲུབས་ཐུབ་པ་འདི་ང་ལ་མཚོན་ན་དངོས་གནས་བདེ་སྐྱིད་ཅིག་དང་གཟི་བརྗིད་ཅིག་ཡིན།
གསར་འགོད་པ། ངོ་མ་རེད། འདི་ནི་ཡུལ་ཤུལ་བ་ཞིག་གི་ལ་རྒྱ་ཡིན་ལ་རང་མི་རིགས་ཀྱི་གཟི་བརྗིད་ཀྱང་རེད། འོ་ན། ཟེར་སྡེར་འདི་ནི་རྒན་ཁྱེད་ཀྱི་ཡུལ་ཤུལ་གྱི་དམངས་ཁྲོད་གླུ་གཞས་དག་སྒྲིག་ཐོག་མ་ཡིན་པས། རྗེས་ཕྱོགས་མུ་མཐུད་དུ་དག་སྒྲིག་བྱེད་པའི་འཆར་གཞི་ཨེ་ཡོད།
ཟླ་བ་སྒྲོལ་མ། བདག་གི་དྲིན་ཆེན་ཨ་མ་བདེ་ཐང་ངང་བཞུགས་པ་དང་དཔལ་འབྱོར་གྱི་ཆ་རྐྱེན་འཛོམ་ན་ངས་ནུས་པ་ཅི་ཡོད་ཀྱིས་ཡུལ་ཤུལ་བྲོ་གཞས་དག་སྒྲིག་གི་ལས་ཀ་མུ་མཐུད་དུ་བསྒྲུབ་རྒྱུ་ལས་བསྐྱུར་བཞག་ལེ་བསམ་པ་གཏན་ནས་མེད།
གསར་འགོད་པ། ཡག་པོ་རེད། རྒན་ཁྱེད་ཉིད་ནི་དངོས་གནས་མིང་དོན་མཚོན་པའི་བོད་ཀྱི་བུད་མེད་མཛངས་མ་ཞིག་རེད། ངས་འདི་ནས་ཁྱེད་ཀྱི་ཨ་མ་གཟུགས་གཞི་བདེ་ཐང་ཡོང་བ་དང་རྒན་ཁྱེད་ཉིད་ཀྱི་བསམ་དོན་ལེགས་འགྲུབ་ཡོང་བར་ཡང་བཀྲ་ཤིས་པའི་སྨོན་འདུན་ཞུ།
ཟླ་བ་སྒྲོལ་མ། བཀའ་དྲིན་ཆེ། འདི་ནས་ངའི་རེ་བ་ལ་བོད་རང་གི་ལོ་རྒྱུས་ཀྱིས་བཞག་པའི་དམངས་ཁྲོད་ཀྱི་རིག་གནས་ཆེན་པོ་གླུ་གཞས་བྲོ་གསུམ་སོགས་འདོན་ལུགས་འདོན་སྟངས་ཡིན་ན་འདྲ། འཆམ་ལུགས་འཆམ་སྟངས་ཡིན་ན་འདྲ། བྲོ་བ་མ་འགྱུར་པར་ཡར་ངོའི་ཟླ་ལྟར་འཕེལ་བའི་སྨོན་ལམ་ཡང་ཡང་ཞུ། བཀྲ་ཤིས་བདེ་ལེགས།
རྩོམ་ཁུངས། ངེད་དྲ་བ།