ཡི་གེ་མེད་པའི་རྡོ་རིང་།
ཡི་གེ་མེད་པའི་རྡོ་རིང་བྱ་བ་ནི། ཁྲི་རལ་བ་ཅན་གྱི་བང་སོའི་མདུན་དུ་བཙུགས་པའི་རྡོ་རིང་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཙུགས་པའི་པོ་ཏ་ལའི་ཞོལ་ན་ཡོད་པའི་རྡོ རིང་དེ་གཉིས་ལ་ཟེར་བ་ཡིན་ཞིང་། སྤྱིར་རྡོ་རིང་རྣམས་སུ་ཡི་གེ་མེད་པ་ཞིག་ཧ་ལམ་མི་སྲིད་ཀྱང་། འོན་ཏེ། རྡོ་རིང་འདི་གཉིས་ཀྱི་སྟེང་ལ་ཡི་གེ་སོགས་ནི་མེད་པས་དེས་གསང་དོན་ཅི་ཞིག་མཚོན་པ་གསལ་བོར་བཤད་དཀའ་ཡང་། ངེད་ཀྱིས་བལྟས་ན།བོད་ཀྱི་ལོ་རྒྱུས་ཐོག་ཁྲི་རལ་བ་ཅན་དང་སྡེ་སྲིད་སངས་རྒྱས་་མཚོ་གཉིས་བགྲོངས་ཚུལ་ལ་དངོས་ནས་བློ་ཕམ་པ་ཞིག་རེད་ལ། སྙིང་རླུང་སྟོད་ལ་འཚང་དགོས་པ་ཞིག་ཀྱང་རེད། ལར་བཤད་ན་སྲིད་དོན་ཡིན་པས། སྲིད་དོན་ལ་འདི་བྱུང་དང་དེ་མི་འབྱུང་ཟེར་བའི་ངེས་པ་གཏན་ནས་མེད་པའི་ཕྱིར་ན་བྱ་ཐབས་ཟད་དོ།།
ཕྱོགས་གཞན་ཞིག་ནས་བཤད་ན། ཁྲི་རལ་ཡིན་ན་འདྲ། སྡེ་སྲིད་ཡིན་ན་འདྲ། ཁོ་གཉིས་གྲོངས་སྟངས་ཐད་གློ་བུར་བ་ཡིན་པས། དུས་དབང་གིས་ལུས་སོང་བ་ཡིན་ནམ་ཡང་སྙམ། ཡིན་ནའང་།ཁོང་རྣམ་གཉིས་ཀྱི་གྲོངས་ཚུལ་ཐད་ནས་བཤད་ན་བོད་ཀྱི་ལོ་རྒྱུས་ཐོག་ཆེས་བློ་ཕམ་ཞིང་བསྙད་བཏགས་པའི་གནས་ཚུལ་ཞིག་ཡིན་པ་མངོན་སུམ་རེད། རྡོ་རིང་འདི་གཉིས་བཙུགས་པའི་དུས་ཚོད་ཐད་གཅིག་ནི་ལོ་སྟོང་གཅིག་དང་ཉིས་བརྒྱ་ཡས་མས་དང་། ཅིག་ཤས་ནི་ལོ་སུམ་བརྒྱ་ལྷག་ཙམ་མ་གཏོགས་འགོར་མེད་པ་རེད། གཞན་རྡོ་རིང་འཛུགས་སའི་གནས་ཀྱང་གཅིག་ནི་ལྷོ་ཁའི་འཕྱོངས་རྒྱས་ལུང་བ་དང་། གཅིག་ཤས་ནི་ཕོ་བྲང་པོ་ཏ་ལའི་ཞོལ་མདུན་ངོས་ཀྱི་སྒོ་ཆེན་གཡས་གཡོན་དུ་ཡོད་ཅིང་། སྡེ་སྲིད་ཀྱི་རྡོ་རིང་དེ་ནི།བཤད་ཚུལ་ལ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཕོ་བྲང་དམར་པོ་བཞེངས་ནས་ལེགས་གྲུབ་བྱུང་བའི་དྲན་རྟེན་དུ་རྡོ་རིང་དེ་བཞེངས་སྐད། གང་ལྟར་རྡོ་རིང་དེ་གཉི་ཀར་ཡི་གེ་སོགས་ནི་མེད་པས། དེས་གནའ་དོན་གཞན་ཞིག་མཚོན་པ་མ་ཡིན་ནམ་ཞེས་ང་ལ་རྒྱུན་དུ་དྲན་པ་བསླང་དུ་འཇུག ཅི་ཡིན་ཞེ་ན། ཐང་གི་རྒྱལ་མོ་ཝོ་ཙི་ཐིན་གྱི་རྡོ་རིང་ལའང་ཡི་གེ་མེད་པས་(无字碑)རྒྱའི་མཁས་པ་ཚོས་དེ་ནི་དོན་གཞན་ཞིག་བསྟན་གྱི་ཡོད་ཟེར། ངོ་མ་བཤད་ན། ཁྲི་རལ་གྱི་རྡོ་རིང་དང་སྡེ་སྲིད་ཀྱི་རྡོ་རིང་གཉིས་ཀྱང་རྒྱལ་མོ་ཝོ་ཙི་ཐིན་གྱི་རྡོ་རིང་གི་གོ་དོན་ནང་བཞིན་དོན་ཁྱད་པར་ཞིག་སྟོན་རྒྱུ་ཡོད་པར་གསལ་ཡང་། སྔོན་གྱི་མཁས་པ་ཚོས་འདིའི་སྐོར་གསལ་བཤད་དང་དོ་སྣང་བྱེད་ཡོད་པ་མི་འདུག་པས་རེ་ཞིག་དཔྱད་པར་དཀའ་འོ།།
༼རེབ་གོང་བློ་གྲོས་སྣང་བས་མཁོ་འདོན་བྱས༽
རྩོམ་ཁུངས། ངེད་དྲ་བ།