ཞབས་དཀར་ཚོགས་དྲུག་རང་གྲོལ།
ཞབས་དཀར་ཚོགས་དྲུག་རང་གྲོལ་ནི། རབ་བྱུང་བཅུ་གསུམ་པ་ལྕགས་མོ་གླང༼སྤྱི་ལོ་༡༧༨༡༽གི་ལོར་མདོ་སྨད་རེབ་གོང༼ད་ལྟའི་མཚོ་སྔོན་ཞིང་ཆེན་ཐུན་རིན་རྫོང་གི་ཁོངས༽ཞོ་འོང་གཉན་རྒྱ་ཞེས་པའི་གྲོང་སྡེར་ཡུམ་བཀྲ་ཤིས་བརྩེགས་པའི་སྲས་སུ་འཁྲུངས། ཆུང་དུས་སུ་མཚན་ངག་དབང་བཀྲ་ཤིས་སུ་གསོལ། དགུང་ལོ་བརྒྱད་ཀྱི་སྟེང་ཨ་མེས་ངག་དབང་གི་མདུན་དུ་ཡི་གེ་སྦྱོར་ཀློག་སྦྱངས་ཤིང་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་པར་ཞོ་འོང་སྔགས་མང་ཆོས་ཐོག་གི་གྲལ་དུ་ཞུགས། དགུང་ལོ་བཅུ་བདུན་སྟེང་གླིང་རྒྱའི་ལྷ་བཟོ་བསྟན་པ་དར་རྒྱས་ལས་ལྷ་བྲིས་བསླབས་པས་རི་མོ་ལེགས་པོ་ཞིག་མཁྱེན། ཆུ་དམར་དགེ་འདུན་བཀྲ་ཤིས་རྒྱ་མཚོ་ལ་ཆོས་འབྲེལ་གྱི་ཐོག་མ་ཞུས་ཤིང་། གཡའ་མ་བཀྲ་ཤིས་འཁྱིལ་བའི་བླ་མ་འཇམ་དབྱངས་རྒྱ་མཚོ་དང་ཨོ་རྒྱན་འཕྲིན་ལས་རྣམ་གཉིས་ཀྱི་ཞབས་པད་བསྟེན་ནས་མདོ་སྔགས་ཆོས་ཀྱི་གདམས་པ་མང་དུ་གསན། དགུང་ལོ་ཉེར་གཅིག་གི་སྟེང་དུ༼སྤྱི་ལོ༡༨༠༡༽རབ་བྱུང་དང་བསྙེན་རྫོགས་བསྒྲུབས། དེ་ནས་རྒྱལ་མཁན་ཆེན་དང་ལྷན་དུ་རྩེ་གཞུང་དབེན་པའི་དགའ་ཚལ་དུ་ཕེབས་ཏེ། ཆོས་རྒྱལ་ངག་གི་དབང་པོ༼ཆིང་ཝང་ངག་དབང་དར་རྒྱས༽སྤྱི་བོའི་ཅོད་པན་དུ་བསྟེན་ཏེ་མདོ་སྔགས་ཆོས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་ཐོས་བསམ་དཔྱིས་ཕྱིན་པ་མཛད་ཅིང་། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལ་མངའ་བརྙེས། ཚོགས་དྲུག་གི་ཞེན་འཛིན་རང་སར་གྲོལ་བའི་བརྡར་མཚན་ལ་ཚོགས་དྲུག་རང་གྲོལ་དུ་གསོལ། རབ་བྱུང་བཅུ་གསུམ་པའི་མེ་སྟག༼སྤྱི་ལོ༡༨༠༦༽ནས་རྒྱལ་ཁམས་ཕྱོགས་མེད་འགྲེམས་ཏེ་སྒྲུབ་པ་སྙིང་པོར་མཛད། གངས་ཅན་བོད་ཀྱི་གནས་ཆེན་ཡོད་དོ་ཅོག་ལ་ཕལ་ཆེར་ཞབས་ཀྱིས་བཅགས་ཏེ། དབེན་གནས་བརྒྱ་ཕྲག་ཏུ་ལོ་སུམ་ཅུའི་རིང་ལ་སྒྲུབ་པ་ལྷུར་ལེན་མཛད་ནས་གྲུབ་པ་བརྙེས་ཤིང་འགྲོ་དོན་བསམ་གྱིས་མི་ཁྱབ་པ་མཛད། རང་གྲོལ་མཚན་ཅན་དྲུག་དང་། ཐུགས་སྲས་སངས་རྒྱས་རིན་ཆེན། སྤྱང་ལུང་སྤྲུལ་བའི་སྐུ་སོགས་གཙོས་མདོ་དབུས་གཙང་གསུམ་གྱི་གྲུབ་མཐའ་རིས་སུ་མ་མཆིས་པའི་སློབ་མ་ཁྲི་སྟོང་མང་པོ་ཞིག་བསྐྱངས་པས། ཁོང་གི་མཚན་སྙན་གྱི་རྔ་གསང་བོད་ཁམས་ལས་ཆེས་ཆེར་བརྒལ་ཏེ་བལ་ཡུལ་མཐིལ་དུའང་ཁྱབ། ལྗགས་རྩོམ་གྱི་སྐོར་ལ<<རང་རྣམ>>དང<<མགུར་འབུམ>>སོགས་ཁྱོན་བསྡོམས་པོད་ཉེར་ལྔ་ཙམ་ཡོད་པར་གྲགས། དགུང་ལོ་དོན་གཅིག་པ་རབ་བྱུང་བཅུ་བཞི་པའི་ལྕགས་ཕག༼སྤྱི་ལོ༡༨༥༡༽ལོར་རང་ཡུལ་རེབ་གོང་ནས་གཟུགས་སྐུའི་བཀོད་པ་བསྡུས།
རྩོམ་ཁུངས། ཆོས་གྲོགས་དྲ་བ།