གསེར་གྱི་ཀུ་ཤུའི་ཁ་པར།
སྤྱིར་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ཟེར་དུས་མི་མང་ཆེ་བའི་སེམས་སུ་གོང་ཆེན་ཞིག་ཡིན་སྣང་ཤར་མོད། དེར་རྒྱུ་མཚན་ཡོད། ལ་ལས་དེ་ཉོ་སྤྱད་ལ་རང་ཉིད་ཀྱི་ཁྲག་དང་མཁལ་མ་བཙོང་བའང་གོ་རྒྱུ་འདུག ཁྱེད་ཚོས་སྒྱུ་རྩལ་བ་མིང་དུ་གྲགས་པ་སྐུ་ཞབས་སི་ཐྲར་ཐྲི་ཧུ་གྷེ་སིས་ Stuart Hughes, དབྱིན་ཡུལ་གྱི་ལི་ཝེར་ཕོལ་ Liverpool, UK, ནས། སོ་སོའི་ལག་རྩལ་གྱིས་འདོད་པ་ལྟར་གསེར་ནག་གི་ཕྲ་ཀོང་ལ་སྣ་ཚོགས་ནོར་བུ་བཀོད་པ་ཅན་ཀུ་ཤུ་ཐོན་རིམ་བཞི་བའི་གཉིས་པ་ iPhone 4S Elite Gold, ཞེས་པ་ལག་ཁྱེར་ཁ་པར་གྱི་རིན་ཐང་འཇིག་རྟེན་ན་དོ་ཟླ་མེད་པ་ཆ་གཅིག་བསྐྲུན་པའི་སྐོར་གསན་མྱོང་ཨེ་ཡོད། ཁ་པར་དེའི་རིན་གོང་བཤད་ན་མི་རྣམས་ཧོན་ཐོར་བའམ་བྲེད་ཤ་སློང་བྱེད་ཉིད་དེ། ཨ་རིའི་སྒྲོ་ལཱར་ས་ཡ་དགུ་དང་འབུམ་བཞི་US.$9,400,000,00 རེད་ཟེར་ན་རེ་འགའ་ཡིད་མི་ཆེས་པའང་སྲིད་ཕྱིར་ཁ་པར་གྱི་མིང་དེ་དྲྭ་ཐོག་ནས་ཚོལ་དང་ལམ་སེང་ཤེས། གལ་སྲིད་དེ་ཧོར་སྒོར་རམ་བལ་སྒོར་ལྟ་བུར་བརྗེས་ན་མཛོ་ཁལ་གཅིག་ལོངས་མིན་ཐད་སེམས་ཁྲལ་མི་དགོས། དེའི་རྒྱུ་ཆའི་ཐད་རོབ་རྩིས་བྱས་པ་ལས་ནང་ལོགས་ལྷད་མེད་པའི་རྡོ་རྗེ་ཕ་ལམ་དུམ་བུ་ལྔ་བརྒྱ་ལས་གྲུབ་ཅིང་དེ་དག་བསྡོམས་ན་༡སྲང་འབྲུ་ carat,བརྒྱ་ལྷག་དང་། སྐོགས་ཤུན་ལ་གསེར་སྦྱངས་བཙོ་མ་སྲང་འབྲུ་ཉེར་བཞིའི་ཐོག་རྒྱབ་ངོས་ཀྱི་ཀུ་ཤུའི་རྟགས་ཆུང་ཆུང་དེར་རྡོ་རྗེ་ཕ་ལམ་དུམ་བུ་ལྔ་བཅུ་ང་གསུམ། མདུན་ངོས་ཀྱི་མཐེབ་གནོན་སྒྲོག་གུ་ལ་ཕ་ལམ་སྲང་འབྲུ་བདུན། ནང་རོལ་ཏུ་ཧ་ཅང་དཀོན་པའི་ཕ་ལམ་རང་བྱུང་གི་མདོག་ཟིང་སྐྱ་ཅན་ཞིག་བསྒར་ལེན་བྱ་ཐུབ་པའི་ངང་བཀོད་ཡོད། རྟ་མཆོག་ལ་གསེར་སྒ་ཞེས་པའི་དཔེ་ལྟར་ཁ་པར་བསྡུ་སྣོད་ཀྱི་སྒམ་དེ་ཡང་གསེར་དཀར་པོའི་ཐོག་གཏུམ་འབྲུག་གི་རུས་པ་ངོ་མ་བཅད་བརྡར་བྱས་པ་དང་།T-Rex, རིན་པོ་ཆེ་ཨོ་པལ། Opal, རང་བྱུང་རྡོ་ཤེལ། Rutile Quartz, སྐར་མ་ཉི་རྡོ་ Star Sunstone,སོགས་ཀྱིས་བསྐྲུན་པས་ཧ་ལས་པའི་རྒྱས་སྤྲོས་ཀྱི་ཐོན་དངོས་ཤ་སྟག་ཡིན་ལ། ཁ་པར་ཐོན་དང་པོ་དེ་ཨའོ་སི་ཐྲི་ལི་ཡའི་ Australia,༢ཚོང་དཔོན་བུད་མེད་ཆེ་གེ་མོའི་བཀོད་མངགས་ལྟར་བཟོས་པར་བཤད། མཚམས་འདིར་མནོ་བསམ་ཞིག་བཏང་ན་ཨ་ཧྥེ་རི་ཁ་གཙོ་བོར་གྱུར་པའི་འཛམ་གླིང་ཡུལ་གྲུ་འགར་ཉིན་ཟླ་རེ་བཞིན་སྐྱེ་བོ་གྲངས་མེད་པ་ནད་མུག་གིས་འཆི་ལམ་དུ་འདེད་ཀྱིན་པའི་སྐབས་འདིར་ཕྱུག་ཆེན་མི་ཉུང་བ་ཞིག་གིས་ཐལ་དྲགས་པའི་བག་མེད་ལོངས་སྤྱོད་དུ་དབྱིངས་ཞུགས་པ་གཉིས་ཀྱི་ཧེ་བག་ནི་གདོང་ཐུག་པའི་མིག་སྔའི་ཛ་དྲག་གནས་བབས་སུ་སླེབས་པ་རྟོགས་སླའོ།།
མཆན། ༡སྲང་འབྲུ་ཞེས་པ་རིན་པོ་ཆེའི་རིགས་ཚད་འཇལ་བྱེད་ཀྱི་བརྡ་ཆད་ཅིག་སྟེ་དབྱིན་སྐད་དུ་ cart, འམ་karat,ཟེར་བ་དེ་ཡིན། ༢ཚོང་དཔོན་བུད་མེད་དེས་བསམ་བཞིན་དུ་མིང་མ་བཀོད་པ་ནི་རང་ཉིད་ཀྱི་བདེ་འཇགས་ལ་དམིགས་པ་ཡིན་བཟོ་འདུག
(མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།