ཡེ་ཤུའི་སྐྱོབ་པ་པོའི་འདྲ་སྐུ།
ཉིས་སྟོང་བདུན་ལོར་ས་སྟེང་ངོ་མཚར་ཅན་བདུན་བརྩི་སྟངས་གསར་བའི་ནང་ཚུད་ཅིང་འཛམ་གླིང་ན་སྐུ་འདྲའི་ཆེ་ཚད་རིམ་པ་ལྔ་བ་ཟིན་པའི་ཡེ་ཤུའི་སྐྱོབ་པ་པོའི་འདྲ་སྐུ་ Christ the Redeemer, ནི། ཕྱི་ལོ་ 1850 ནང་ལྷོ་ཨ་མེ་རི་ཁའི་བྷིར་རྫིལ་Brazil, རྒྱལ་ཁོངས་རིའོ་ཌེ་རྗན་ནེ་རོ་ Rio de Janeiro, ས་གནས་ཀྱི་ཡེ་ཤུའི་སྤྱི་འདོམས་ཆོས་དཔོན་ཕེ་ཌོར་མཱ་རི་ཡས་ Pedro Maria, ཁོར་ཁོ་ཝ་ཌོ་རི་བོའི་ Corcovado,རྩེ་རུ་ཡི་ཤུའི་ཆོས་ལུགས་ཀྱི་དྲན་རྟེན་སྐུ་འདྲ་ཆེན་མོ་ཞིག་བཞེངས་རྒྱུའི་བསམ་བློ་འཁོར་བས། ཡུལ་དེའི་རྒྱལ་མོ་ཨི་སེ་བྷལ་ princess Isabel, ལ་ལས་གཞི་དེ་གཏོང་སྒོའི་དངུལ་རྩིས་ནང་འགོད་པའི་རེ་སྐུལ་ཞུས་ཀྱང་། རྒྱལ་མོ་ཨི་སེ་བྷལ་གྱིས་ཆོས་དཔོན་གྱི་བསམ་ཚུལ་སྣང་མེད་བཏང་བས་མི་ལོ་བཅུ་ཕྲག་འགར་རེ་བ་དེ་དོན་ཐོག་ཏུ་མ་འཁྱོལ། 1889 ལོར་བྷིར་རྫིལ་ནང་རྒྱལ་པོའི་ལམ་ལུགས་འཕོ་འགྱུར་གྱིས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཤིང་། ཡེ་ཤུའི་ཆོས་ཁང་དང་རྒྱལ་ཁབ་དབར་གྱི་འབྲེལ་བ་དབྱེ་བསལ་ཁྲིམས་ལུགས་མང་མོས་ཀྱིས་གཏན་ལ་ཕབ། 1920 ལོར་གྲོས་འཆར་གཉིས་པའི་ནང་དོན་ལྟར་ཁོར་ཁོ་ཝ་ཌོ་རི་མགོར་ས་གཞིའི་མཚམས་རྟགས་སུ་གྱུར་པའི་འདྲ་སྐུ་དེ་གསར་བཞེངས་ཀྱི་འགན་ལེན་ཚོགས་པ་བཙུགས་ཏེ། མིང་ལ་སེ་མ་ནཱ་ཌོ་མོན་ནུ་མེན་ཐྲོ་ Semana do Monumento, (དྲན་རྟེན་བདུན་ཕྲག་)ཞེས་བཏགས། ཚོགས་པ་དེས་བྷིར་རྫིལ་ཡོངས་ཁྱབ་ལ་ཞལ་འདེབས་བསླངས་པ་དང་མཉམ་དུ་འདྲ་སྐུ་འཛུགས་སྐྲུན་ལ་རྒྱབ་སྐྱོར་གྱི་མཚན་རྟགས་ཀྱང་བསྡུ་རུབ་བྱས། བཟོ་སྐྲུན་ཇུས་འགོད་པ་ཧེ་ཐྲོར་ཌ་སིལ་ཝ་ཁོ་སི་ཐྲ་ Heitor da Silva Costa, ཡིས་སྐུ་དེའི་བཟོ་བཀོད་སྐྱ་ཐིག་འཐེན་པ་དང་། འཆར་འགོད་སྡེ་ཁག་ཅིག་དང་ལག་རྩལ་བ་རྣམས་ཀྱིས་འབུར་བརྐོས་རིག་པའི་མཁས་ཅན་ཕུལ་ལན་ཌོ་སི་ཁེ་ Paul Landowski, ཡི་མཛུབ་སྟོན་ལྟར་ཤར་སྐྱོད་སྦྱང་བརྡར་གྱིས་འདྲ་སྐུ་དེ་བཞེངས་རྒྱུ་ཁག་ཐེག་བྱས། 1922 ལོ་ནས་བཟུང་ཨར་ལས་འགོ་བརྩམས་ཤིང་ 1931 ལོར་ལེགས་གྲུབ་དང་བསྟུན་ནས་སྐུ་འདྲ་དབུ་འབྱེད་ཀྱི་མཛད་སྒོ་ཚོགས། དེ་ནི་ཕོ་ལན་ཌི་དང་ཧྥ་རན་སི་གཉིས་ཀྱི་ Polish-French, བཟོ་ལུགས་ཟུང་འབྲེལ་ལ་བརྟེན་ནས་གྲུབ་པར་བཤད། བཟོ་བཀོད་འཆར་འགོད་པས་སྐུ་འདྲ་དེ་ཡི་ཤུ་ཇེ་སུ་བའི་ལུགས་ཀྱི་རྒྱངས་ཤིང་དབྱིབས་ཅན་དང་། ཕྱག་གཉིས་བརྐྱངས་པའི་ནང་སའི་གོ་ཡོད་པ་དག་གིས་ཞི་བདེ་མཚོན་ཐབས་སུ་གཞོལ་བའི་བསམ་བློ་དང་སྒྱུ་རྩལ་གྱིས་མི་རྣམས་དང་བ་འདྲེན་ལ། ཕྱི་ངོས་རྩིག་པ་དག་རྡོ་འདག་རྫས་ཅན་ soapstone,ལས་བྱས་ཡོད་སྟབས་རང་བཞིན་གྱིས་བརྗིད་ཉམས་ལྡན་པའི་སྣང་བ་སྟེར། ཞབས་སྟེགས་མ་བརྩིས་པའི་མཐོ་ཚད་ལ་ཧྥི་ཁྲི་ 98 ft,དང་ལྗིད་ཚད་ལ་ཐྲོན་635 tonnes, ཡོད། འགྲོ་གྲོན་གྱི་དོད་དུ་ཨ་སྒོར་$250.000 ཡིན་ལ། 2013 ལོའི་ཨ་སྒོར་གྱི་འཛའ་ཐང་དུ་ཕབ་ན། $3.200.000 ཡིན། 2006 ལོར་འདྲ་སྐུ་དེ་བཞེངས་ནས་མི་ལོ་དོན་ལྔ་འཁོར་བའི་དུས་དྲན་མཛད་རིམ་ལས་རབ་གནས་དང་། སྐུ་དེ་བྷིར་རྫིལ་བའི་ས་ཐོབ་ཀྱི་མགོན་སྐྱབས་སུ་དབང་བསྐུར་ཅིང་དེའི་མདུན་དུ་མི་རྣམས་ཆོས་སྒོར་འཇུག་པའམ་ཡང་ན་ཆང་སའི་སྟ་གོན་བྱ་ཆོག་པའི་གནང་བ་ཐོབ་མོད། ལྷ་ཐོད་དཀར་འཁྲིས་ན་འདྲེ་སྣ་ནག་མ་ཞེས་པའི་དཔེ་ལྟར། 2008 ལོའི་2 ཚེས་ 10 ཉིན་གློ་བུར་བའི་དྲག་ཆར་རླུང་འཚུབ་ཁྲོད་སྐུ་འདྲ་དེའི་ཐད་ཐོག་བརྒྱབས་པས་དབུ་དང་སྨིན་མ་ཕྱག་མཛུབ་བཅས་ལ་གས་ཆག་བཏང་། བསྐྱར་གསོའི་ཐད་ས་གནས་སྲིད་གཞུང་གིས་འགན་རྐང་བླངས་ཏེ་ཆག་གྲུམ་ཤོར་བ་རྣམས་དང་ཕྱི་ལོགས་ཀྱི་རྡོ་འདག་རྫས་ཅན་གྱི་རྩིག་པ་འགའ་ཡང་སྐབས་དེར་གསར་དུ་བརྗེས་སྣང་ངོ་།།
རྩོམ་ཁུངས། ངེད་དྲ་བ།