རྗེ་སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ།
བོད་གནའ་རབས་བསྐལ་བ་ཡ་ཐོག་གི་དུས་སྐབས་ནས་བཟུང་ཆེ་བ་དགོན་པ་དང་ཆུང་བ་ཁྱིམ་ཚང་ཡོངས་ཀྱི་གནམ་ལོ་གསར་ཚེས་དང་དུས་ཆེན་ཁྱད་པར་ཅན་ སོགས་ཀྱི་སྐབས་སུ་བཞེངས་བའི་མེ་ཏོག་མཆོད་པ་ནི། ལག་ཟུང་ཁོ་ནར་བརྟེན་ནས་དུས་ཡུན་རིང་བོའི་བརྒྱུད་རིམ་ཁྲོད་འཕེལ་རྒྱས་བྱུང་བའི་སྒྱུ་རྩལ་བླ་མེད་ཅིག་ཡིན་པས་བདག་གིས་ངོ་སྤྲོད་རགས་ཙམ་བྱ་རྒྱུ་ཡིན།
སྙན་གྲགས་ཀྱི་བ་དན་དཀར་པོ་ཕྱོགས་བཅུར་གཡོ་བའི་ཞྭ་སེར་བསྟན་པའི་དགོན་ཆེན་དྲུག་གི་ཡ་གྱལ་ཏེ། མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་སྒྱུ་རྩལ་རྣམ་གསུམ་སྟེ། མེ་ཏོག་མཆོད་པ་དང་ལྡེབས་རིས། འཚེམ་དྲུབ་བཅས་ནི་སྒྱུ་རྩལ་གྱི་རིན་ཐང་ཧ་ཅང་ཆེ་བ་ཞིག་རེད། དེ་ལས་མེ་ཏོག་མཆོད་པ་ཇི་ལྟར་བྱུང་ཚུལ་ནི། རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་དགུང་ལོ་ང་གསུམ་བཞེས་པ་རབ་བྱུང་བདུན་པའི་ས་གླང༼ ཕྱི་ལོ༡༤༠༩ ༽ལོར་ལྷ་དང་བླ་མའི་ལུང་བསྟན་བཞིན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གསར་འཛུགས་གནང་བ་དང་། དེའི་སྐབས་ཀྱི་མཚན་མོ་ཞིག་ལ་ཁོང་གི་མནལ་ལམ་དུ་ས་གཞིའི་སྟེང་གི་རྩྭ་དང་རྩི་ཤིང་ཐམས་ཅད་སྒྲོན་མེ་དང་། ཚེར་མ་དང་རྡོ་ཟེགས་ཐམས་ཅད་མེ་ཏོག་ཏུ་གྱུར་བའི་རྨི་ལམ་ངོ་མཚར་བ་ཞིག་རྨིས། ཕྱི་ཉིན། ཁོང་གིས་མནལ་ལམ་དུ་བྱུང་བ་ཇི་བཞིན་འཁོར་རྣམས་ལ་གསོལ་མར་གྱིས་མེ་ཏོག་བཟོ་བར་བསྐུལ་ནས་། བོད་ཟླ་དང་པོའི་ཚེས་བཅོ་ལྔའི་མཚན་མོར། ལྷ་ལྡན་གཙུག་ལག་ཁང་གི་མདུན་དུ་ཇོ་བོ་ཤཱཀྱ་མུ་ནེ་གཙོ་བྱས་པའི་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་འབྲི་མར་གྱིས་བཟོས་པའི་མེ་ཏོག་གི་མཆོད་པ་ཕུལ་ནས། སངས་རྒྱས་ཀྱི་བསྟན་པ་ཡུན་རིང་རྒྱས་པའི་སྨོན་ལམ་རྒྱ་ཆེར་བཏབ། དེ་ནས་བཟུང་སྟེ་རི་བོ་དགེ་ལྡན་པའི་དགོན་པ་ཁག་ལ་མེ་ཏོག་མཆོད་པ་འབུལ་བའི་སྲོལ་དར་བ་རེད། སྐུ་འབུམ་བྱམས་པ་གླིང་ལ་རབ་བྱུང་བཅུ་བའི་ཤིང་རྟ༼ ཕྱི་ལོ༡༨༠༩༽ལོར་ཟི་ན་བླ་མ་དཔལ་འབྱོར་རྒྱལ་མཚན་དང་དཔལ་འབྱོར་རིན་ཆེན་ཁུ་དབོན་གཉིས་ཀྱིས་མགོན་ཁང་ཆེན་མོ་གསར་བཞེངས་བྱས་ནས་ རབ་གནས་གནང་རྗེས། བོད་ཟླ་དང་པོའི་ཚེས་བཅོ་ལྔའི་མཚན་མོར་མེ་ཏོག་མཆོད་པ་འབུལ་བའི་སྲོལ་བཙུགས། ལོ་དེ་ནས་བཟུང་སྟེ་སྐུ་འབུམ་བྱམས་པ་གླིང་གི་དགེ་འདུན་པ་ཚོས་གནམ་ལོ་མ་གསར་གོང་གི་ཧོར་ཟླ་བཅུ་བའི་ཚེས་ཉེར་ལྔའི་ཉིན་ནས་མགོ་བརྩམས་ཏེ། ཕྱི་ལོའི་ཟླ་དང་པོའི་ཚེས་བཅོ་ལྔའི་ཉིན་བར་མཐོ་ཚད་ཐོག་བརྩེགས་གསུམ་ལྷག་ཙམ་ཡོད་པ། མི་རིགས་ཀྱི་ཁྱད་ཆོས་དང་སྒྱུ་རྩལ་གྱི་ཉམས་འགྱུར་ཆེས་འབུར་དུ་ཐོན་པ་ཞིག་དཀའ་ཁག་རབ་དང་རིམ་པ་བརྒྱུད་ནས་མར་གྱིས་མེ་ཏོག་མཆོད་པ་བཞེངས་ཏེ། ཉིན་དེའི་དགོང་མོར་ཧ་ཅང་གཟབ་རྒྱས་ཆེན་པོའི་སྒོ་ནས་མེ་ཏོག་མཆོད་པ་བཤམས་བཞིན་ཡོད། ཉིན་དེའི་ནུབ་མོར། རྗེ་ཙོང་ཁ་པ་མཆོག་གིས་མནལ་ལམ་དུ་བྱུང་བ་ཇི་བཞིན་ནམ་མ་གསལ་གོང་ལ་མེ་ཏོག་མཆོད་པ་བཤམས་པའི་ ཤུལ་ཡང་མེད་པ་བཟོ་དགོས། རྗེས་སུ། ཁྲི་ཆེན་ལྔ་བ་ཆུ་བཟང་བ་རྣམ་རྒྱལ་དཔལ་འབྱོར་གྱིས་གཞུང་རྙིང་བའི་འཛིན་གྲྭ་ལ་སྒོ་མང་སྐབས་དང་པོ་དང་། རྗེ་བཙུན་སྐབས་དང་པོ་གཉིས་སུ་ཕྱེ་བ་ནས་བཟུང་སྟེ། སྒོ་མང་འཛིན་གྲྭའི་དགེ་འདུན་པ་བཅོ་ལྔ་ལྷག་ཙམ་གྱིས་བཞེངས་པའི་མེ་ཏོག་མཆོད་པ་ཞིག་དང་། རྗེ་བཙུན་འཛིན་གྲྭའི་དགེ་འདུན་པ་བཅོ་ལྔ་ལྷག་ཙམ་གྱིས་བཞེངས་པའི་མེ་ཏོག་མཆོད་པ་ཞིག་སྟེ། བཞེངས་སྲོལ་གཉིས་ཡོད་པ་རེད། སྒོ་མང་འཛིན་གྲྭའི་མེ་ཏོག་མཆོད་པ་འདུ་ཁང་ཆེན་མོའི་གཡས་ལོགས་དང། རྗེ་བཙུན་འཛིན་གྲྭའི་མེ་ཏོག་མཆོད་པ་ཐམས་ཅད་མཁྱེན་པའི་ལྷ་ཁང་གི་རྒྱབ་ལོགས་སུ་མཆོད་མཇལ་བ་དང་ལྗོངས་རྒྱུ་བ་ཁྲི་ཕྲག་མང་པོའི་སྤྱན་ལམ་དུ་བཤམ་གྱིན་ཡོད། འཛིན་གྲྭ་འདི་གཉིས་ཀྱིས་ལོ་རེར་གསང་རྒྱ་ཡོད་པའི་སྒོ་ནས་བཞེངས་ཏེ། མེ་ཏོག་མཆོད་པའི་བཟོ་རྩལ་འགྲན་བསྡུར་བྱས་ནས་བཞེངས་བཞིན་ཡོད། མེ་ཏོག་མཆོད་པ་ཇི་ལྟར་བཞེངས་པ་ཡིན་ཞེ་ན། ཐོག་མར་བཟོ་དབྱིབས་ཆེ་ཆུང་གང་དགོས་ཀྱི་ཤིང་རུས་སྣ་ཚོགས་བཟོས་ནས། མེ་ཏོག་སོགས་ཀྱི་ཡུ་བ་ཤིང་དང་ལྕགས་སྐུད་བྱས་ཏེ། དེའི་སྟེང་ལ་འབྲི་མར་སྦྱོར་ལེན་བྱེད་བདེ་བ་ཡོང་བའི་ཆེད་དུ་གསོ་མའི་སྐུད་པ་སོགས་དཀྲིས་ཤིང་། འབྲི་མར་ཧ་ཅང་སྲ་མཁྲེགས་ལྡན་པ་ཞིག་ཡོང་ཆེད་ལ་གྲོ་རྩྭ་བསྲེགས་པའི་ཐལ་བ་མར་དང་བསྲེས། མར་ནག་དེ་ཡིས་བཞེངས་བྱ་རྣམས་ཀྱི་དབྱིབས་རགས་ཙམ་བཟོས་རྗེས། དགུན་དུས་ཀྱི་འབྲི་མར་དཀར་པོ་ལོ་མ་ལོན་པ། ལས་སྣོན་བྱས་ཚེ་འཇམ་ཞིང་མཉེན་ལ་ལག་པས་གང་འདོད་ལྟར་བཟོ་སླ་བའི་ཁྱད་ཆོས་ལྡན་པ། ཞལ་རས་དང་ཕྱག་སོགས་བཞེངས་ཚེ་མདངས་ཁྱད་པར་བ་ཞིག་ཐོན་པ་དེས་གཙོ་བྱས། འབྲི་མར་མང་ཤོས་ཀྱི་ནང་དུ་དུས་ཡུན་རིང་བོར་བཞག་ཀྱང་མདོག་མི་ཡལ་བའི་རྡོ་ཚོན་དམར་པོ་དང་སེརཔོ། སྔོན་པོ། ལྗང་ཁུ། ལི་ཁྲི་སོགས་གང་མཁོའི་ཚོན་སྣ་མང་པོ་བསྲེས་ནས་བཞེངས་དགོས། གནའ་བོའི་སྟབས་བདེའི་ལག་ཆ་དང་ལག་པ་ཟུང་ལ་བརྟེན་ནས་ཆེས་གསོན་ཉམས་ལྡན་པའི་ལྷ་སྐུ་དང་མི་སྣ། རྩྭ་ཐང་། ནོར་ལུག ལྗོན་ཤིང་། བྱ་བྱེའུ། རི་བྲག གཅན་གཟན། ལྡིང་ཁང་། མེ་ཏོག་སོགས་བཞེངས་པའི་མེ་ཏོག་མཆོད་པ་ལའང་རྣམ་པ་མང་ཞིང་རྒྱ་ཆེ་བ་ཞིག་རེད། མེ་ཏོག་མཆོད་པའི་བརྗོད་བྱའི་ཆ་ནས་བཤད་ན། གཙོ་སྐུ་ལ། སྤྱན་རས་གཟིགས་དང་འཇམ་པའི་དབྱངས། གསང་བདག རྗེ་བཙུན་བྱམས་པ་སོགས་ལོ་རེ་བཞིན་དུ་རེས་མོས་ཀྱི་སྒོ་ནས་བཞེངས་ཀྱིན་ཡོད་ལ། ཟུར་རྒྱན་གྱི་རྣམ་ཐར་ལའང་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་དང་ཙོང་ཁ་བརྒྱད་ཅུ། མི་ལ་རས་པའི་མཛད་རྣམ། ཇོ་བོ་ཨ་ཏི་ཤ་བོད་དུ་ཕེབས་ཚུལ། འཇིགས་པ་བརྒྱད་སྐྱོབ་མ། སྟག་མོ་ལུས་སྦྱིན། དྲི་མེད་ཀུན་ལྡན། འགྲོ་བ་བཟང་མོ། ཐང་སྟོང་རྒྱལ་པོ། དོན་ཡོན་དང་དོན་གྲུབ། རྒྱ་བཟའ་དང་བལ་བཟའ་བོད་དུ་བསུ་བ་སོགས་ལས་གཞན། ལོགས་དང་གྲུ་གར་བཀྲ་ཤིས་རྟགས་བརྒྱད་དང་བཀྲ་ཤིས་རྫས་བརྒྱད། ཚེ་རིང་རྣམ་དྲུག མཐུན་པ་སྤུན་བཞི། རྒྱལ་སྲིད་སྣ་བདུན། འདོད་ཡོན་སྣ་ལྔ། སྟག་སེང་ཁྱུང་འབྲུག་སོགས་བཞེངས་སྲོལ་ཡོད། སྐབས་རེར་ད་ལྟའི་རིག་ལྡན་རྒྱལ་བོ་མ་འགགས་པ་དང་། རྣམ་ཐར་ལ་རིག་ལྡན་ཞིང་བཀོད་སོགས་བཞེངས་པའི་སྐབས་ཀྱང་ཡོད།
མར་བཟོ་སྒྱུ་རྩལ་འདི་ནི། ཚོན་བཟོ་དང་འཇིམ་བཟོ་ལྟར་ཚ་ཐབ་དྲོན་མོའི་སྟེང་དང་ཉི་མ་དྲོ་སར་བསྡད་ནས་བཞེངས་ཐུབ་པ་ཞིག་གཏན་ནས་མ་ཡིན་པར། མར་གྱི་སྲ་མཁྲེགས་སྲུང་འཛིན་བྱ་ཐུབ་ཆེད་དུ་གྲང་རེག་བཟོད་དཀའ་བའི་དགུན་ཁར་ཁང་བའི་ནང་དུ་མེ་ཡང་མི་འབུད་པར། ཆུ་འཁྱག་ནང་དུ་ལག་པའི་དྲོད་ཡལ་དུ་འཇུག་བཞིན་བཞེངས་དགོས་ལ། བཞེངས་ཟིན་པའི་མེ་ཏོག་མཆོད་པ་ལའང་ཁྱད་ཆོས་ཧ་ཅང་མང་མོད། དེ་ལས་གཙོ་སྐུ་འཇམ་པའི་དབྱངས་ལྟ་བུའི་ཁྱད་ཆོས་ཅུང་བརྗོད་ན། འཇམ་པའི་དབྱངས་ཀྱི་སྐུ་དྲང་བོར་བཞུགས་ཤིང་། ཕྱག་གཡས་པས་པད་སྡོང་གི་ཡུ་བ་བསྣམས་ཤིང་སྟེང་དུ་རལ་གྲིས་མཚན་པ། གཡོན་པས་ཀྱང་དེ་བཞིན་དུ་པད་སྡོང་གི་ཡུ་བ་བསྣམས་ཤིང་སྟེང་དུ་ཤེར་ཕྱིན་གྱི་གླེགས་བམ་བསྣམས་པ། ཞབས་གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པའི་ཉམས་འགྱུར་མཛེས་ལ། སྐུའི་དབུ་རྒྱན་དང་སྙན་རྒྱན། ན་བཟའ། ལྷམ་སོགས་ཀྱི་སྟེང་ལ་འཕྲ་རྒྱན་སྤྲས་པ་དེ་དག་ཀྱང་། གསེར་དངུལ་གཡུ་བྱུར་དངོས་གནས་པའི་རྣམ་པ་འཆར་བ་མ་གཏོགས། མར་གྱིས་བཟོས་པའི་རྣམ་པ་གཏན་ནས་མི་འཆར་ཞིང་། དེ་བཞིན་དུ་ཞལ་གྱི་དཀྱིལ་འཁོར་ལའང་དཀར་ལ་དམར་བའི་མདངས་ཆགས་ཤིང་ཅུང་ཟད་འཛུམ་པའི་ཉམས་དང་ལྡན་པ། ད་དུང་སྐུའི་ན་བཟའ་དང་ལྷམ་སོགས་ལ་རང་རང་གིས་ཁྱད་ཆོས་འབུར་དུ་ཐོན་ཡོད་པ་མ་ཟད། ན་བཟའི་སྟེང་གི་རི་མོར་ཞིབ་ཚགས་ལྡན་ཞིང་པང་ཁེབས་ལ་དེ་ལས་ལྷག་པའི་ཟ་འོག་གོས་ཆེན་གྱི་རྣམ་པ་འབུར་དུ་བཏོན་ནས་བཞེངས་ཡོད་པས། དེའི་སྟེང་གི་མེ་ཏོག་དང་ལོ་མ། རི་མོ་སྣ་ཚོགས་ཀུ་ཤའི་རྩེ་མོ་ལྟར་ཕན་ཚུན་མ་འདྲེས་པར་རང་རང་གིས་མཛེས་ཉམས་ཤིག་མངོན་ཡོད་པས་ཆེས་ཁྱད་དུ་འཕགས་པའི་སྒྱུ་རྩལ་ཞིག་རེད་ཅེས་བརྗོད་ཆོག་ལ། དེ་བཞིན་དུ་དགོན་པ་དང་ལྷ་ཁང་། མཆོད་རྟེན། བླ་མ། གྲྭ་བ་སོགས་ཆོས་ལུགས་ཀྱི་སྐོར་དང་། རྒྱལ་བོ་དང་བློན་པོ། བཙུན་མོ། འཁོར་གཡོག སྒོ་ཕྱུགས། དམག་འཁྲུག་བྱེད་པ་སོགས་ལ་ཞི་རྒྱས་དབང་དྲག་གི་ཉམས་དང་ལྡན་ལ། རི་བྲག་དང་གཅན་གཟན། ལྗོན་ཤིང་། བྱ་བྱེའུ། མེ་ཏོག་སོགས་ཧ་ཅང་ཞིབ་ཚགས་དང་གསོན་ཉམས་ལྡན་པའི་སྒོ་ནས་བཞེངས་ཡོད་པས། བོད་གངས་ཅན་ན་མ་གཏོགས་ཡུལ་གྲུ་གཞན་ན་མཐོང་དཀོན་པའི་སྒྱུ་རྩལ་འདི་ལ། མཇལ་སྐོར་བ་དང་ལྗོངས་རྒྱུ་བ་དག་གིས་མཐོང་མ་ཉིད་ནས་འདི་ནི་ཆེས་ཁྱད་དུ་འཕགས་པའི་སྒྱུ་རྩལ་ཞིག་རེད་ཅེས་བསྟོད་པའི་མཐེ་བོང་མི་སྒྲེང་མཁན་གཅིག་ཀྱང་མེད་དོ།།
བོད་རབ་རྒྱན་ཤིང་སྤྲེལ༼ ཕྱི་ལོ༢༠༠༨ ༽ ལོའི་ཟླ་དང་པོའི་ཚེས་བརྒྱད་ཉིན་སྐུ་འབུམ་བླ་བྲང་རྩེ་ནས་བྲིས་པ་དགེ་ལེགས་སུ་གྱུར་ཅིག་གུ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།