ཤན་པ་སྣའི་རི་རྩ་ན་ལྷོད་ཀྱིས་ཆགས་པའི་ཡུལ་ལྷའི་ལྷ་ཁང་།
《མདོ་སྨད་ཆོས་འབྱུང》ལས། ‘‘ལུང་མདོར་ཁྲི་ཀའི་ཡུལ་ལྷའི་ཕོ་བྲང་། འདིའི་རྒྱབ་རི་ཁྲིའི་རྣམ་པར་ཡོད་པས་ཁྲི་ཀ་ཐོགས་ཟེར།’’ཞེས་པ་ལྟར། འདི་ནས་ཡར་རྩིས་པའི་ལོ་ངོ༨༠༠ཡས་མས་ཀྱི་སྔོན་དུ་བཞེངས་བའི་ཡུལ་ལྷའི་ཕོ་བྲང་ནི། ཁྲི་ཀའི་ཆུ་ནུབ་ཡུལ་ཚོ་ནས་སྤྱི་ལེ་གཉིས་ཡས་མས་ཀྱི་ཤན་པ་སྣའི་རི་རྩ་རུ་བཞེངས་ཡོད། ཤར་ནི་ལུང་ཆེན་གྲམ་ཆུ་དང་ལྷོ་ནི་ཆུ་ཁོལ་ཁྲེ་ཙེ་ཞོལ་མ། ནུབ་ནི་ཤན་པའི་ཐང་ཆེན། བྱང་ནི་རྨ་ཀློང་གཡུ་འབྲུག་སྔོན་མོ་བཅས་ལ་འབྲེལ་ཡོད། ལྷ་ཁང་འདི་ནི་ས་མོ་ཕག་ལོའི་སྤྱི་ལོ་༡༡༧༩ལོར་སྐུ་འབུམ་ཨ་རྐྱ་ཚང་གིས་བཞེངས་མགོ་བརྩམས་ཤིང་།ཐོག་མར་བདེ་སྐྱིད་ཆུ་ཁོལ་ལུང་བ་ནས་བཞེངས་རྩིས་ཡོད་པར། མཚན་མོ་ཞིག་ལ་ཤྭ་འོད་ཆེན་པོ་རྒྱུགས་ནས་ཤིིང་ཆའི་བརྒྱ་ཆའི་བདུན་ཅུ་ལྷག་ལ་གནོད་སྐྱོན་ཅི་ཡང་མེད་པར་དེང་སང་གི་ལྷ་ཁང་འདིའི་ཉེ་ལོགས་སུ་སྤུངས་པས་ན་དེར་བཞེངས་བར་བཤད་ལ། ད་དུང་སོག་བློན་ཞིག་གིས་ཨ་རྒྱའི་པིར་ཁུག་ནང་དུ་གྲི་བཅུག་ཏེ་གོང་མ་དང་ཨ་རྒྱའི་བར་དུ་ཕྲ་མ་བཅུག་པ་དང་། ལྷ་གཉན་གྱི་མཐུ་ལས་གྲི་དེ་མེད་པར་གྱུར་བའི་ངོ་མཚར་གྱི་ངག་རྒྱུན་ཀྱང་བཤད་རྒྱུ་ཡོད། དེ་རྗེས་ཨ་རྒྱ་ཚང་གིས་ལྷ་གཉན་ལ་གནས་སྐྱིད་ས་ཞིག་ཏུ་ལྷ་ཁང་བཞེངས་ཟེར་ནས་དེང་སྐབས་ཀྱི་ཡུལ་ལྷའི་ཕོ་བྲང་གི་གནས་དེ་རུ་གཤེགས་སྐབས། ཡུལ་ལྷ་ཕ་བོང་དཀར་པོ་ཞིག་གི་སྟེང་དུ་བཞུགས་ནས་བགྲོད་ཁ་མ་ཉན་པས་གནས་དེ་རུ་ལྷ་ཁང་བཞེངས་བར་བཤད་ཅིང་། ལོ་ངོ༨༠༠རིང་འདིར་དམག་འཁྲུག་དང་གསར་བརྗེ། འཐབ་འཛིང་དང་དུས་འཁྲུག་སོགས་ཀྱི་དབང་གིས་ལྷ་ཁང་འདི་ལའང་བཤིག་སྐྱོན་དང་གོད་ཆགས་མང་པོ་ཐེབས་པ་ནི་སྨྲོས་མ་དགོས་མོད། ཡིན་ནའང་། རྨ་ཆུ་སྔོན་མོའི་རྒྱུན་དང་འགྲོགས་པའི་ཡུལ་ལྷའི་ལྷ་ཁང་འདི་ནི་ཁྲི་ཀའི་ཡུལ་ན་མིང་དུ་གྲགས་པའི་དགོན་ཆེན་བཞི་དང་མཛེས་ལྗོངས་བརྒྱད་ཀྱི་ཡ་གྱལ་ཡིན་ནོ།།
ནམ་རྒྱུན་ང་རང་ཡུལ་ལྷའི་ལྷ་ཁང་དུ་ཆས་ཐེངས་རེ་ལ། ཞོགས་ཉིའི་འཆར་ཀའི་འོད་ཀྱིས་བྱུགས་པའི་ལྷ་ཁང་གི་གསེར་ཏོག་མཐོང་ཞིང་།བསང་མཆོད་དང་སྐྱབས་འཇུག་ཞུ་རུ་ཕེབས་པའི་རྒྱ་བོད་མང་པོ་འདུག ཁོ་ཚོས་དད་པའི་གསོས་སུ་འདྲེན་པ་ནི་ཨ་མྱེས་ཡུལ་ལྷ་ཡིན་ལ། དགྲ་བོའི་གདོང་དུ་འབོད་པའང་གཞི་བདག་འདི་ཉིད་ཡིན། བསང་རྩིའི་རི་རབ་བརྩིགས་ཤིང་། མར་གྱི་ཞུན་མ་བསྲེགས་པ། དད་པའི་རྒྱང་འབོད་བྱེད་སའང་ཏག་ཏག་གཞི་བདག་འདི་ལས་གཞན་མ་ཡིན། ངས་བསང་རྩི་བླུགས་ཏེ་མཆོད་ཆང་ཕུལ་བ་དང་། བསང་ཡིག་བཏོན་ཏེ་གཞི་བདག་བོས་པ་ཡིན། མི་མང་པོ་ཞིག་གིས་ཕྱག་འཚལ་ཞིང་སྙིམ་པ་ཐོད་པར་སྦྱར་ནས་‘‘ལྷ་རྒན་ལགས ཁྱེད་ཀྱིས་ཚེ་འདི་ཕྱི་གཉིས་ཀ་མཁྱེན་རོགས’’་ཟེར་ཞིང་། གཞི་བདག་གི་མདུན་དུ་ཕྱག་འཚལ་བ་ལ་ང་རང་ཡ་མཚར་སྐྱེས་ཤིང་། ངས་ཕྱག་མི་འཚལ་བ་ལ་ཁོ་ཚོའང་ཡ་མཚན་སྐྱེས་སྲིད།
རྒྱུད་ན་སོ་ཐར་གྱི་སྡོམ་པ་མེད་པའི་ཨ་མྱེས་ཡུལ་ལྷ་ནི། ཁྲི་ཀའི་ཡུལ་གྱི་ལྷ་གཉན་ཐུ་བོ་ཆེ་ཞིག་ཡིན་ན་ཡང་། ཁོ་ནི་འཇིག་རྟེན་པའི་ལྷ་ཡིན་པའམ་སོ་ཐར་གྱི་སྡོམ་པ་མེད་པའི་ཆ་ནས། ཕྱག་འཚལ་དགོས་པ་དང་ཕྱི་མའི་སྐྱབས་སུ་འགྲོ་བའི་ངེས་པ་ནི་གཏན་ནས་མེད་དེ། ཇི་སྐད་དུ‘’རྒྱལ་སྲས་ཐོགས་མེདབཟང་པོས‘་
རང་ཡང་འཁོར་བའི་བཙོན་རར་བཅིངས་པ་ཡི།།
འཇིག་རྟེན་ལྷ་ཡིས་སུ་ཞིག་སྐྱོབ་པར་ནུས།།
དེ་ཕྱིར་གང་ལ་སྐྱབས་ན་མི་བསླུ་བའི།།
དཀོན་མཆོག་སྐྱབས་འགྲོ་རྒྱལ་སྲས་ལག་ལེན་ཡིན།། ཞེས་གསུངས་པ་ལྟར་རོ། །
ལྷ་ཁང་གི་འགྲམ་དུ་ཡོད་པའི་ཨ་ཁུ་རྒད་པོ་དེས་བཤད་ན། གཞི་བདག་མང་པོ་ལ་ཕྱག་འཚལ་མི་དགོས། འོན་ཀྱང། ཨ་མྱེས་རྨ་ཆེན་ནི་ས་བཅུ་བའི་གོ་འཕང་ཐོབ་པའི་གཞི་བདག་ཡིན་པས་ཕྱག་འཚལ་དགོས་ནི་རེད་ཟེར། སྐད་ཆ་འདི་ནི་བདག་གིས་ཆུང་དུས་སུའང་ལན་མང་པོ་ཐོས་མྱོང་མོད། ཡིན་ནའང་། དེ་ནི་ཁ་ཚོན་གཅོད་དཀའ་བའི་འདྲི་གཞི་ཞིག་སྟེ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས‘‘ཤར་ན་རྨ་རྒྱལ་སྦོམ་ར་ལྷར་འཛིན་ཏེ། དེ་ཡང་འདྲེ་ཡིན། བྱང་ན་གཉན་ཆེན་ཐང་ལྷ་ལྷར་འཛིན་ཏེ། དེ་ཡང་འདྲེ་ཡིན། ’’ཅེས་པ་སྟེ། ཡི་དྭགས་རེད་ཅེས་པའི་དོན་ཡིན་པས། དེ་ལའང་ཕྱག་འཚལ་མི་དགོས་པ་ཤེས་གསལ་ལྟར་རོ། །
ལྷ་ཁང་གི་མཐོ་ཞིང་བརྗིད་པའི་བཟོ་བཀོད་དང་། ལྡིར་ཞིང་གྲགས་པའི་ཅོང་སྒྲ་དེ་ནི་ད་དུང་ངའི་རྣ་ལམ་དུ་འཇགས་ཐབས་བྲལ། ལྷ་ཁང་གི་རྒྱབ་རིའི་སྒང་ན་རླུང་གིས་བསེད་པའི་དར་ལྕོག་གི་སྟངས་སྟབས་མཐོང་ཞིང་། ས་མིང་ཡུལ་ལ་ཐོགས་པའི་ས་སྒང་གོར་གོར་དེ་ནི་ད་དུང་ལོ་རྒྱུས་ཀྱི་འཕགས་འཚག་ཀློང་ན་ཁ་རོག་གེར་འདུག་ཅིང་། དྭངས་ཤ་འདྲེས་པའི་རྨ་ཆུ་སྔོན་མོ་དེའང་སྨྲེང་བ་ཅི་ཡང་མེད་པར་ཤར་ཕྱོགས་སུ་བཞུར་གྱིན་འདུག་གོ།
རྩོམ་སྒྲིག་པ། དབང་མོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།