གློ་བོར་བསྐྱོད་པའི་ཟིན་ཐོ།

དོལ་པོ་པདྨ་དགོས་འབྱོར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2017-07-08

unnamed-8.jpg

སྤྱི་ལོ་༢༠༡༧ ལོའི་ཟླ་༣ ཚེས་༢༤ ཉིན་བལ་ཡུལ་ནས་མཁའ་ལམ་ཐོག་སྐར་མ་བཞི་བཅུ་ཙམ་འགྲུལ་བཞུད་ཀྱིས་(བལ་ཡུལ་མི་སེར་ལ་རྒྱལ་ས་ཀ་ཐ་མནྜུ་ནས་པོག་རའི་བར་གནམ་གྲུའི་གླ་ཆ་༣༥༠༠ཡིན། དེ་མིན་རྒྱ་གར་བ་དང་ཕྱི་རྒྱལ་བ་ལ་གོང་ཚད་འདྲ་མིན་འདུག)པོག་རར་འབྱོར། པོག་ར་ནི་ས་ཆ་མཛེས་སྡུག་ལྡན་ཞིང་ཡིད་དུ་འོང་བ་ཞིག་ཡོད་ཅིང་། བལ་ཡུལ་རྒྱལ་ཁབ་ཀྱི་ཡུལ་སྐོར་སྤྲོ་འཁྱམ་ས་གནས་གལ་ཆེ་བ་ཞིག་ཀྱང་ཡིན་མོད། པོག་ར་ནས་གོམ་པ་བརྒྱབ་ཏེ་ཉིན་གསུམ་ཙམ་འགྲུལ་བཞུད་བགྱིས་ཚེ་བལ་ཡུལ་གྱི་གངས་རི་གྲགས་ཆེན་ཨར་ན་པུར་ན་དང་མ་ཚ་པུ་ཙར་སོགས་ལ་བསྐྱོད་ཐུབ་ལ། ཡང་འཕྲུལ་རྟ་དང་སྣུམ་འཁོར་ཆུང་བ་བཞོན་ཏེ་ཆུ་ཚོད་གཅིག་ཙམ་རིང་བསྐྱོད་ན་གངས་རི་མང་པོར་རྒྱང་ལྟ་བྱེད་ཐུབ། དེ་བཞིན་བལ་ཡུལ་ནང་གི་གྲགས་ཆེ་བའི་མཚོ་ལྔ་ཙམ་ཡོད་པའི་ཁྲོད་ནས་བལ་སྐད་དུ་(ཕེ་ཝ་ཏལ)འབོད་པའི་མཚོ་དེ་ཡང་པོག་རར་ཡོད་པ་ཡིན།

སྤྱི་ཚེས་ ༢༥ ༢༦ ཉིན་གཉིས་ཀྱི་རིང་པོག་རར་བསྡད་ནས་སྲང་ལམ་ཡོད་ཚད་མྱུལ། དངོས་གནས་ཡུལ་སྐོར་སྤྲོ་འཁྱམ་པའི་ས་ཆ་རེད་འདུག་ཨ་སྙམ་པའི་ཚོར་བ་སྟེར་ཐུབ་པ་ཞིག་ལ། དགོང་མོ་གློག་འོད་ཆེམ་ཆེམ་སྐབས་མགོ་སེར་ནག་སྣ་ཚོགས་བྲེལ་བ་འཚུབ་འཚུབ་ཀྱིས་སྤྲོ་འཁྱམ་གྱི་དབྱིངས་ན་ལྡིང་གིན་འདུག ཕར་བལྟས་ཚོད་ལ་ས་ཆ་འདི་བལ་ཡུལ་གྱི་ས་ཆ་ཡིན་ནམ། ང་རང་བལ་ཡུལ་ལ་ཡོད་དམ་སྙམ་པའི་ཚོར་བ་རེའང་སྐྱེས་བ་ངོ་མ་ཡ་མཚན་རེད། མཚན་མོ་གློག་འོད་ཀྱི་མདངས་དང་ལྡན་པའི་མཚོ་འགྲམ་གྱི་འཁོར་ཡུག་ལ་ཧ་ཅང་མཛེས་སྡུག་ལྡན་ཞིང་སྤྲོ་སྣང་གིས་ཕྱུག ཚོང་ཁང་དང་ཟ་ཁང་ཕལ་ཆེ་བའི་ཕྱི་ནང་གི་བཀོད་པ་ནི་ངོ་མ་ཡིད་དུ་འོང་བ་ཁོ་ན་འདུག

ངའི་རོགས་པ་རྫ་སྐྱེས་ཕུར་བ་ངེད་གཉིས་ཀར་ལས་དོན་ཙག་ཙིག་ཡོད་པ་དང་སྣུམ་འཁོར་ལ་དཀའ་ངལ་ཆེ་བར་བསམ་ནས་པོག་ར་ནས་རྫོང་གསམ་(ཡུལ་སྐད་དུ་གསམ་པ་ནི་གསར་བར་གོ གཤམ་ནས་ཡུལ་སྐད་ལྟར་གསམ་པ་འབྲི་རྒྱུ་ཡིན)བར་གནམ་གྲུར་འགྲོ་རྒྱུ་ཐག་བཅད་མོད་དེ། འགྲིམ་འགྲུལ་ལས་ཁུངས་གང་ལ་སོང་ཡང་ངེད་གཉིས་ལ་སྤྱི་ཚེས་༢༦ཉིན་གནམ་གྲུ་མ་ཐོབ། འགྲིམ་འགྲུལ་ལས་ཁུངས་ནས་ལས་ཁུངས་ལྟེ་བར་ཁ་པར་བརྒྱུད་འདྲི་བརྩད་སྐབས་” dollar རེད་དང་ Nepaliརེད་”ཅེས་འདྲི། Nepali རེད་ལབ་མ་ཐག་མི་འདུག མི་འདུག སྐུབ་སྟེགས་སྟོང་པ་མི་འདུག་ཟེར་ནས་ཉིན་གཅིག་གི་དུས་ཚོད་དེ་ལྟར་རྫོགས། མཐར་གྲོགས་འགྱུར་མེད་རིག་འཛིན་ལ་ཁོའི་གཉེན་ཉེ་པོག་ར་ན་ཡོད་པ་ཁོང་ལ་འབྲེལ་གཏུག་གིས་གནམ་གྲུ་ཐོབ་ཐབས་རེ་ཞུས་ཀྱིས་སྐུབ་སྟེགས་ཐོབ་ཙམ་བྱུང་།

སྤྱི་ཚེས་ ༢༧ ཉིན་པོག་ར་ནས་རྫོང་གསམ་བར་གནམ་གྲུར་བསྐྱོད། པོག་ར་ནས་རྫོང་གསམ་བར་སྣུམ་འཁོར་ལ་སོང་ན་ཆུ་ཚོད་དྲུག་ཙམ་ཐོགས་པ་དང་གླ་ཆ་སྒོར་མོ་༡༥༠༠ནས་༢༠༠༠བར་ཅི་རིགས་འདུག གནམ་གྲུར་སྐར་མ་བཅོ་བརྒྱད་བཅུ་དགུའི་རིང་འབྱོར་ཐུབ་ལ། བལ་ཡུལ་མི་སེར་ཚོས་ནེ་སྒོར་༣༥༠༠ནས་༤༠༠༠བར་འཛིན་ཉོ་ཐུབ། དེ་མིན་རྒྱ་གར་བ་དང་ཕྱི་གླིང་གི་ཡུལ་སྐོར་བ་དག་ལ་གོང་ཚད་ཅུང་མཐོ་དམའ་འདུག

གློ་བོ་སྟེ་དབྱིན་སྐད་དུ་(Mustang)ནི་བལ་ཡུལ་རྒྱལ་ཁབ་ལ་མངའ་སྡེ་བཅུ་བཞི་དང་རྫོང་དོན་ལྔ་ཡོད་པའི་ཁོངས་ཀྱི་རྫོང་སྡེ་ཞིག་ཡིན་ལ། དྷ་ཝ་ལ་གྷི་རི་(Dhawalagiri )མངའ་སྡེའི་ཁོངས་སུ་གཏོགས། རྫོང་གསམ་པ་(Jomsom)ནི་གཡས་གཡོན་གཉིས་ལ་རི་བོས་མཐའ་བསྐོར་བའི་ལུང་གཤོངས་ཤིག་ན་ཆགས་ཡོད་ལ་གློ་བོ་(Mustang)རྫོང་གི་ལྟེ་གནས་དེ་ཡིན། གློ་བོ་སྟོད་སྨད་ས་ཆའི་རྒྱ་ཁྱོན་ནི་སྤྱི་ལེ་༣༥༧༣ཡོད་འདུག རྫོང་གསམ་ནས་ཆུ་ཚོད་གཅིག་ཙམ་གྱི་རིང་སྣུམ་འཁོར་ལ་བསྐྱོད་ཚེ་ཧིན་དྷུ་བ་དང་ནང་པ་གཉིས་ཀའི་གནས་རྩ་ཆེན་དུ་བརྩི་བའི་ཆུ་མིག་བརྒྱ་རྩར་(Muktinath)འབྱོར་ཐུབ། གློ་བོ་ལ་སྟོད་སྨད་(Upper Mustang-Lower Mustang)གཉིས་སུ་ཕྱེས་ཡོད། ནང་གསེས་ཕྱེས་ན་གློ་བོ་སྟོད་སྨད་གཉིས་དང་ཐགས་ཀྱི་ཡུལ་(དེང་སྐབས་མང་ཆེ་བས་ཐ་ཀ་ལི་འབོད)བཅས་གསུམ་ཡོད་མོད།

རྫོང་གསམ་པ་ནས་སྣུམ་འཁོར་རྒྱུད་ཆུ་ཚོད་གཅིག་དང་ཕྱེད་ཙམ་གྱི་བར་ཐག་ན་ཡོད་པའི་བཀག་སྡེ་བ་ནི་གློ་བོ་སྟོད་སྨད་གཉིས་ཀྱི་ས་མཚམས་དེ་ཡིན། དེ་ཡང་གློ་བོ་སྟོད་ལ་ས་གནས་བདུན་ཡོད་དེ། དགའ་མི། གློ་སྨོན་ཐང་། རྩྭ་རང་། མཚོ་ཤར། མཚོ་ནུབ། ཟུར་ཁང་བཅས་ཡིན། ས་བབ་མཐོ་ཚད་ཀྱི་ཨང་རིམ་ནི་ ༢༥༦༧ ཡིན།
གློ་བོ་སྨད་ཡུལ་ཚོ་བཅུ་གཉིས། ཐ་ཀ་ལི་ཡུལ་ཚོ་ལྔ་བཅས་ཡོད་ཅིང་། (ཡུལ་སྡེའི་མིང་རྣམ་ཞིབ་ཕྲ་མ་ཤེས་པས་འབྲི་ཐབས་བྲལ།) སྤྱི་ལོ་ ༢༠༡༡ ལོའི་མི་གྲངས་ཐོ་བཀོད་གཞིར་བཞག་ན་གློ་བོར་མི་འབོར་གྲངས་ ༡༣༤༥༢ ཡོད་འདུག གློ་བོ་སྟོད་ནི་མངའ་རིས་འབྲོང་པ་རྫོང་གི་ཤར་ནུབ་དང་ནུབ་བྱང་གི་ཕྱོགས་ལ་གནས་ཡོད་ལ། དེ་བཞིན་གློ་བོ་སྨད་ནི་སྙེ་ཤང་དང་དོལ་པོའི་བྱང་ཤར་ཕྱོགས་ལ་ཁེལ་བར་གྲགས། ཡུལ་སྡེ་ཕལ་ཆེ་བ་གཙང་པོའི་ཕར་རི་ཚུར་རིའི་ངོས་ལ་ཆགས་ཡོད་སྟབས་མཚོ་ཤར་སྡེ་བ་བར་དུ་བསྐོར་བསྐྱོད་གྱིས་ཚེ་མཐོང་ཐུབ། མི་རྣམ་ཆོས་ལ་དད་ཅིང་ཡ་རབས་ཀྱི་ངང་རྒྱུད་ངང་རྒྱུད་བཟང་བ་ཁོ་ནར་འདུག་ལ་ན་ཚོད་དར་ཡོལ་གྲས་རྣམས་ཞོགས་པ་ལངས་ནས་ཞལ་འདོན་གྱི་གདངས་དང་སྦྲགས་ལས་ཀ་ཚག་དིང་ངེར་འགོ་འཛུགས་ཀྱི་འདུག ཕར་བལྟས་ཚོད་ལ་ཚུ་སྡེ་བ་ཡན་ཆད་གློ་བོའི་སྐད་བཀོལ་སྤྱོད་མཁན་མང་བ་དང་མན་ཆད་ལ་ཉུང་བ་ཡོད་སྣང་ཡང་ཤར། འཛམ་གླིང་ཡུལ་གྲུ་གང་ས་ནས་ཡུལ་སྐོར་བ་ཧ་ཅང་མང་པོ་ཞིག་གློ་བོ་ཡུལ་གྱི་རང་བྱུང་མཛེས་སྡུག་དང་དགོན་པ་རྙིང་པ་སོགས་ཤར་ཕྱོགས་པའི་རིག་གཞུང་ལ་རྒྱུས་ལོན་ཆེད་བསྐྱོད་ཀྱིན་པ་རེད།

དམིགས་བསལ་གློ་བོ་སྟོད་ཀྱི་ཕུག་པ་དག་ནས་གནའ་བོའི་དངོས་རྫས་མང་པོ་རྙེད་དང་རྙེད་མུས་དེར་ནུབ་ཕྱོགས་པ་ཚོས་དོ་སྣང་དམིགས་བསལ་བྱེད་མུས་སུ་སྣང་། ལོ་ངོ་འགའ་ཡི་སྔོན་དུ་ཨ་རི་བ་ཡུལ་སྐོར་ཁག་གཅིག་ལ་གློ་བོ་སྟོད་ཀྱི་ཕུག་པ་ཞིག་ནས་མིའི་རུས་པ་མགོ་མཇུག་ཆ་ཚང་བ་ཞིག་རྙེད་ནས་དེང་སྐབས་དབྱིང་ལནྜ་གྱི་འགྲེམ་སྟོན་ཁང་ཞིག་ན་ཡོད་འདུག དེ་མིན་ཅ་དངོས་རྙིང་པ་གསར་དུ་རྙེད་པ་མི་ཉུང་བ་ཞིག་ཚུ་སྡེ་བར་ཡོད་སྐད་ཀྱང་མཆིས། གནའ་རྫས་ཞིབ་མཇུག་པ་ཚོས་རུས་པ་དེ་དག་ལོ་ངོ་གཅིག་སྟོང་བརྒྱད་བརྒྱ་དགུ་བརྒྱ་སོང་ཡོད་པ་ངོས་འཛིན་གྱིན་ཡོད་སྐོར་ལ་གཞིགས་ན་ཧི་མ་ལ་ཡའི་ས་ཁུལ་ལ་འགྲོ་བ་མི་གནས་སྡོད་བྱེད་འགོ་ཚུགས་ནས་ལོ་དུ་ཙམ་སོང་ཡོད་མེད་ཀྱང་ཚོད་དཔག་བྱེད་ཐུབ།

རྫོང་གསམ་ནས་མཚོ་ཤར་བར་འགྲུལ་སྐྱེལ་སྣུམ་འཁོར་འདུག་ལ་སྣུམ་འཁོར་གྱི་གླུ་སྐད་དང་ལྷན་འགྲུལ་བ་ཚོ་མགོ་དང་གཟུགས་པོ་ཕར་གཡོ་ཚུར་གཡུག་གིས་གར་འཁྲབ་བཞིན་འགྲོ་བ་ཡིན། སྤྱི་ཚེས་ ༢༧ ཉིན་རྒྱབ་ལ་རྫོང་གསམ་ནས་ཚུ་སྡེ་བའི་བར་བསྐྱོད། བར་ཐག་སྣུམ་འཁོར་ལ་ཆུ་ཚོད་གཉིས་ཙམ་ཐོགས། ཚུ་ཡུལ་སྡེ་གསུམ་ཡོད་ལ་སྡེ་བའི་ཕར་ངོས་དེར་རི་དམར་བོ་བརྗིད་ཆེ་བ་ཞིག་ཡོད་པ་དེའི་སྐེད་ཡོད་ཚད་ཕུག་པས་ཁེངས་ཡོད། གནའ་བོའི་མི་རྣམ་ཕུག་པར་བསྡད་པའི་བདེན་དཔང་ཡང་མང་དག་ཅིག་རྙེད་ཡོད་ཅིང་། ཕྱི་གླིང་གི་ཡུལ་སྐོར་བ་ཚོས་གཅིག་ནས་གཅིག་བརྒྱུད་ཀྱིས་གནས་ཚུལ་ཤེས་གསལ་ལྟར་དོ་སྣང་ལྷག་ཏུ་བྱེད། དེང་སྐབས་ཚུ་སྡེ་བ་ནི་གློ་སྨོན་དང་རྫོང་གསམ་བར་གྱི་འགྲུལ་སྐྱེལ་སྣུམ་ཁོར་གྱི་ལས་ཁུངས་ལྟེ་བ་ཞིག་ཀྱང་ཡིན། དགོང་མོ་མགྲོན་ཁང་བདག་པོ་དང་གློ་བོའི་སྐོར་ལ་ཁ་བརྡ་གང་མང་ཞིག་བྱས།

སྤྱི་ཚེས་ ༢༨ ཉིན་ཚུ་སྡེ་བ་ནས་ས་དམར་བར་བསྐྱོད། རི་འདེབས་ཀྱི་སྣུམ་ལམ་ཀྱག་ཀྱོག་དེས་སེམས་ལ་དངངས་སྐྲག་གིས་སེམས་པ་ཚ་ཟིང་ཟིང་བྱེད་ཀྱང་སྣུམ་ཁོར་གྱི་གླུ་སྐད་དེས་དབུགས་རིང་ཡར་ཡར་འཐེན་བཞིན་སོང་། ས་དམར་སྡེ་བའི་གཡོན་ཕྱོགས་རི་སྨུག་པོ་དེའི་འོག་འདབས་ན་ཅུང་གཞི་ཟེར་བའི་གུ་རུ་པདྨ་འབྱུང་གནས་ཀྱི་གནས་རི་གྲགས་ཆེན་ཞིག་ཡོད་སྐད།

སྤྱི་ཚེས་ ༢༩ ཉིན་ས་དམར་ནས་སྨོན་ཐང་ལ་བསྐྱོད། སྣུམ་འཁོར་ལ་ཆུ་ཚོད་བཞི་དང་ལྔའི་བར་ལ་ས་དམར་ནས་སྨོན་ཐང་བར་བསྐྱོད་ཐུབ། སྨོན་ཐང་དུ་སྣུམ་འཁོར་ལས་བབས་མ་ཐག་ཏུ་བཟང་མོ་སྡེ་བར་ཁྱུག་ཙམ་མཐོང་བའི་བུ་མོ་འགའ་ཞིག་འདུག་པ་དེ་དག་དང་འཕྲད་བྱུང་ལ། བུ་མོ་གཅིག་གིས་བློ་སེམས་དཀར་བོས་ང་ཕྲེང་དཀར་སྡེ་བ་ནས་ཡིན། སང་ཉིན་ངེད་ཀྱི་ནང་ལ་ཤོག་ཨ་ཟེར་ནས་བོས་བྱུང་ཡང་ཁོམ་པ་མ་བྱུང་། སྨོན་ཐང་ནི་གློ་བོ་ས་གནས་ཀྱི་ཡུལ་སྐོར་ལྟེ་གནས་གཙོ་བོ་དེ་ཡིན་ཞིང་། དེ་གར་གློ་བོ་རྒྱལ་པོའི་རྒྱལ་ཁང་དང་། དུས་རབས་བཅུ་གསུམ་གྱི་ལོ་རབས་བརྒྱད་ཅུའི་ནང་བྱོན་པའི་གློ་བོ་ཆོས་རྒྱལ་ཐོག་མ་ཨ་མ་དཔལ་དང་ཁོང་གི་སྲས་རྒྱལ་རབས་གཉིས་པ་ཨ་མགོན་བཟང་པོས་བཞེངས་པའི་བྱམ་ཆེན་དགོན་དང་། ཐུབ་ཆེན་དགོན། དེ་བཞིན་གཡུང་དྲུང་བོན་གྱི་གླུ་དྲག་དགོན། དུས་རབས་བརྒྱད་པའི་ནང་གུ་རུ་པདྨ་འབྱུང་གནས་ཀྱི་བསམ་ཡས་མ་བཞེངས་སྔོན་དུ་བཞེངས་པར་གྲགས་པའི་གར་དགོན་པ་སོགས་དགོན་པ་བྱིན་ཆེན་ཧ་ཅང་མང་པོ་ཞིག་མཇལ་རྒྱུ་ཡོད།

གློ་བོ་རྒྱལ་པོ་ཨ་མ་དཔལ་གྱི་རྒྱལ་ཁང་ཐོག་མར་གྲགས་པའི་ཁང་ཤུལ་ད་ལྟའང་སྨོན་ཐང་དང་མཚོ་ཤར་བར་གྱི་རི་བོ་ཟླུམ་པོ་དེའི་རྩེར་འདུག དེ་བཞིན་རྩྭ་རང་དང་། མཚོ་ཤར་བཅས་ལ་རྒྱལ་ཁང་ད་ལྟའང་ཡོད། ཇོ་མོ་གླང་མའི་མགྲོན་ཁང་གི་བདག་པོ་བཟང་པོས་བཤད་དོན་ལ། སྔོན་ཆད་སྨོན་ཐང་ལ་གློ་བོ་རྒྱལ་པོའི་ཞབས་ཞུ་བ་མང་ཚོགས་སྡེ་ཚན་མང་དག་ཅིག་ཡོད་དེ། ཤིང་འབུལ་མཁན་དང་། ཡོས་བརྔོ་རྩམ་བཟོ་བ་སོགས་ཡོད་ལ་དེ་དག་སོ་སོའི་ལས་ལ་དཔགས་པའི་གླ་ཕོགས་ཀྱང་ཡོད་འདུག དེ་བཞིན་མང་ཚོགས་ལ་སྡེ་ཚན་ཕྱེས་ནས་སྡོད་ཁང་ལ་མཚོན་ན་རིགས་དམན་པ་ཚོས་ཁང་པ་ཐོག་བརྩེགས་གཅིག་ལས་རྒྱག་མི་ཆོག་པ་དང་། མང་ཚོགས་དཀྱུས་མ་ཚོས་ཁང་པ་ཐོག་བརྩེགས་གཉིས་བཟོ་ཆོག་པ། ས་གནས་ཀྱི་འགོ་ཁྲིད་ཚོའི་ཁང་པའི་ཕྱི་ལ་མཛེས་བཟོ་ཆོག་པ་ལས་དེ་མིན་ལ་མི་ཆོག་པ་སོགས་ཀྱི་ལམ་ལུགས་ཡོད་པས་གྲོང་མི་ཚོའི་སྐོར་ལ་སྡོད་ཁང་གིས་ཀྱང་འགྲེལ་བཤད་རྒྱག་ཐུབ་ཟེར།

unnamed-10སྤྱི་ཚེས་ ༣༠ ཉིན་སྨོན་ཐང་ནས་མཚོ་ཤར་ལ་བསྐྱོད། མཚོ་ཤར་ནི་གློ་བོ་སྟོད་ཀྱི་ས་བབ་མཐོ་ཤོས་ཀྱི་ཡུལ་སྡེ་ཞིག་ཡིན། དེར་རྙིང་མའི་དགོན་རྙིང་གཅིག་དང་ས་སྐྱའི་དགོན་པ་གཅིག ཡུལ་མི་ཚོས་རྫོང་འབོད་པའི་རི་ཁུག་གཅིག་ན་མིས་བཟོས་པའི་བྲག་ཕུག་ཡ་མཚན་ཅན་ཧ་ཅང་མང་པོ་ཞིག་ཀྱང་མཐོང་ཐུབ། གོ་ཐོས་ལྟར་ན་བྲག་ཕུག་བརྒྱ་དང་བརྒྱད་ཡོད་པ་དང་། སྔོན་མ་དམག་འཁྲུག་སྐབས་ཡིབ་ནས་སྡོད་སའི་ཆེད་དུ་བཟོས་པ་ཡིན་སྐད། གང་ལྟར་བྲག་ཕུག་ནང་མི་རྒྱུན་རིང་བསྡད་པའི་དན་དཔང་ལ་དུ་བ་དང་། ས་གཞིའི་རྡོ་ཟད་པོ་བཅས་ལས་དཔོག་ཐུབ། མཚོ་ཤར་ནས་བལྟས་ན་གློ་བོ་སྨོན་ཐང་ཕྱོགས་སོགས་ནི་ཧ་ཅང་མཛེས་སྡུག་ལྡན་པ་ཞིག་སྟེ། མཐའ་ཀུན་གངས་རི་རྭ་བས་ལེགས་པར་བསྐོར་ཞིང་། དབུས་ནས་དལ་གྱིས་རྒྱུ་བའི་གཙང་པོ། སྔོ་ཞིང་དྭངས་པའི་ནམ་མཁར་སྤྲིན་དཀར་ལང་ལིང་དུ་རྒྱུ་བ་བཅས་མཐོང་དུས་ཁྱེད་ཀྱིས་སེམས་ལའང་བདེ་བ་བླ་མེད་ཅིག་སྟེར་བར་གདོན་མི་ཟ།

མཚོ་ཤར་གྱི་བུ་མོ་བཀྲ་ཤིས་དབང་མོས་“ཤར་རྡོ་རྗེ་བྲག་རི་ལ་”ཞེས་པའི་དཀྲོལ་ལེན་དེ་དང་སྨོན་ཐང་གི་རྒད་པོ་བཀྲ་ཤིས་ཀྱིས་“་གངས་དང་སེངྒེ་དབར་ལ་”ཞེས་པའི་གླུ་དབྱངས་དེས་ངའི་ཕ་ཡུལ་གྱི་དམངས་གླུ་ལ་ཡང་ལན་གཅིག་ཕྱིར་འདང་རྒྱག་ཏུ་བཅུག དོན་དངོས་སུ་ངའི་ཕ་ཡུལ་གྱི་དམངས་གླུ་ཟེར་བ་དེ་ཧམ་པ་ཚ་དྲགས་པ་འདྲ། གློ་བོ་དང་། དོལ་པོ། ནུབ་རི། སྙེ་ཤང་། ཤར་བ། འུམ་ལ་སོགས་ང་ཚོར་ཐུན་མོང་གི་དམངས་གླུ་ཡོད་པ་བཞིན་ཡུལ་སྲོལ་གོམས་གཤིས་མང་ཆེ་བ་གཅིག་མཚུངས་ཡིན། དོན་དངོས་སུ་རྒྱ་གར་མངའ་ཁོངས་ཀྱི་མོན་ལ་དྭགས་སོགས་ང་ཚོ་མི་རིགས་གཅིག་ཡིན་པ་ཐུན་མོང་གི་རིག་གཞུང་གོམས་སྲོལ་དེ་དག་གིས་གསལ་སྟོན་བྱས་འོང་བ་ཡིན། འོན་ཀྱང་འུ་ཅག་ཁ་འཐོར་གྱི་རང་བཞིན་དུ་གནས་ཡོད་སྟབས་ཕན་ཚུན་དབར་ལ་རྒྱུས་མངའ་ཞན། དོ་སྣང་ཅན་ཚོ་ལས་ས་གནས་སྡེ་ཚན་གྱི་མིང་ཙམ་ཡང་མི་ཤེས་པར་སྣང་།

སྤྱི་ཚེས་ ༣༡ ཉིན་གློ་སྨོན་ཐང་ནས་ཞོགས་པ་ཆུ་ཚོད་བརྒྱད་པ་ལ་རྡོག་ཐོན་གྱིས་དགོང་མོ་ཆུ་ཚོད་བཞི་བ་ཙམ་རྫོང་གསམ་དུ་འབྱོར། ས་གནས་ཀྱི་སྣུམ་འཁོར་རིན་འབབ་གློ་སྨོན་ཐང་ནས་ཚུ་སྡེ་བ་བར་མི་རེར་ནེ་སྒོར་ ༡༥༠༠ རེ་དང་། ཚུ་ནས་རྫོང་གསམ་བར་མི་རེར་ནེ་སྒོར་ ༤༠༠ རེ་ཡིན་འདུག
འགྲུལ་རོགས་རྒན་པོ་དེས་བཤད་དོན་ལ། སྔོན་མ་ང་ཚོས་རྫོང་གསམ་ནས་སྨོན་ཐང་ཉིན་ལྔ་དྲུག་ཙམ་མཁྲེས་པོ་ཁུར་ནས་འགྲོ་མྱོང་ཞིང་ལྷམ་སོགས་གྱོན་པ་བཟང་པོ་མེད་སྟབས་མིག་ཆུ་ཤོར་བ་གྲངས་ཀྱིས་ག་ལ་ལང་། དེང་སང་སྐྱིད་པོ་རེད་ཟེར།

                                                         ༠༡/༠༤/༢༠༡༧/

རྩོམ་ཁུངས། ཁ་བརྡ་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གློ་བོར་བསྐྱོད་པའི་ཟིན་ཐོ།

2017-07-08 དོལ་པོ་པདྨ་དགོས་འབྱོར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།