རང་ས་རང་ཡུལ་རང་མི་རྣམས་ལ་ངོ་སྤྲོད་པ།__བྲག་ལུང་བར་མ།
རྨ་ཆུ་རྫོང་མཁར་ནས་ནུབ་ཕྱོགས་སུ་སྤྱི་ལེ་བཅོ་ལྔ་སོང་ན་བྲག་དཀར་ལྷ་ལུང་གནས་གསུམ་ལས་བྲག་ལུང་བར་མ་སྟེ་ལུང་བའི་ཕུ་ལ་ཡར་ཅུང་ཙམ་སོང་ན་སུམ་སྣ་ཞེས་པར་རྨོག་རུའི་སྐུ་ཁང་ཡོད། སྐུ་ཁང་དེ་ནི་སྤྱི་ལོ༡༩༤༩ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གསེར་ཁྲི་རྣམ་བཞི་ལས་ཟམ་ཚ་སྐུ་ཕྲེང་དྲུག་པ་བསྐལ་བཟང་ལུང་རིགས་རྒྱ་མཚོ་ལྷ་སྡེ་རྨོག་རུ་སྡེ་བར་ཕེབས་ཤིང་དགུན་བཞུགས་གནངས་པ་མ་ཟད་བཀའ་ཆོས་སོགས་མང་དུ་བསྩལ།
སྤྱི་ལོ༡༩༥༠ལོའི་དཔྱིད་ལ་གུང་ཐང་དྲུག་པ་བསྟན་པའི་དབང་ཕྱུག་ཚང་དགུང་ལོ་ཉེར་ལྔ་བར་ཁོང་ཟམ་ཚ་རིན་པོ་ཆེར་འཚམས་ཞུར་ཕེབས་ཤིང་བཱེ་ཤིང་དགོན་པའི་དགོན་བདག་རྒྱལ་སྐུ་ཕྲེང་ལྔ་བ་རྗེ་བཙུན་སྐལ་བཟང་འཕྲིན་ལས་རབ་རྒྱས་ཚང་དང་རྩེ་དབུས་གཅོད་པ་སྐུ་ཕྲེང་ལྔ་བ་སྐལ་བཟང་ཡེ་ཤེས་འཕྲིན་ལས་རྒྱ་མཚོ། བཱེ་ཤིང་དགོན་པའི་གྲྭ་བ་ཁ་ཤས་བཅས་གདན་དྲངས་ནས་རྒྱལ་ཚང་གིས་ཐུགས་བཞེད་འགྲུབ་པའི་སྨོན་ཚིག་སོགས་དང་རྩེ་དབུས་གཅོད་པ་ཚང་གིས་གཅོད་ཀྱི་སྲིན་བཟློག་དང་བཱེ་ཤིང་དགོན་པའི་གྲྭ་བ་རྣམས་ཀྱིས་བཀའ་འགྱུར་དག་ཚར་བཅས་གསུངས་ནས་ཁོང་གི་ཞབས་པད་བརྟན་པ་དང་འཛམ་གླིང་ཞི་བདེ་དང་ཡུལ་ཁམས་གནས་བདེ་ཡོང་བའི་ཐུགས་སྨོན་རྒྱ་ཆེན་པོ་གནངས། ཁོང་འཇམ་པའི་དབྱངས་བསྟན་པའི་དབང་ཕྱུག་མཆོག་དང་ཁོང་རྣམ་པ་བྲག་ལུང་བར་མའི་ཕུག་ཏུ་ཕེབས་ནས་གནས་ངོས་འཛིན་དང་ལྷ་མོའི་ཚོགས་འཁོར་རྒྱས་པ་གནངས། ཁོང་རྣམ་པ་བྲག་ལུང་བར་མའི་སུམ་སྣར་ཉིན་དུ་མར་བཞུགས་ཤིང་རྗེས་སུ་ཁོང་ཟམ་ཚ་རིན་པོའི་ཆེའི་གཟིམ་གུར་གྱི་ཤུལ་ལ་དབུ་སྐྲ་སྐྲ་ཆོག་གནང་ནས་མི་འཁྲུགས་པའི་སྐུ་དཔར་རྒྱབ་སྟེ་སྐུ་ཁང་འདི་གཞི་བཏང་། སྐུ་ཁང་འདིའི་རྟེན་གྱི་རིམ་པ་དང་སྐོར་ཚད་གཉིས་ལས་དང་པོ་རྟེན་གྱི་རིམ་པ་ལ། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་འཇིགས་བྱེད་བསྙེན་ཆེན་ལ་ལོ་གསུམ་བཞུགས་སྐབས་ཀྱི་འཇིགས་བྱེད་སྐུ་བརྙན་ཕྱག་དཔར་འཁྲུལ་མེད་དང་ཀུན་མཁྱེན་སྐུ་ཕྲེང་ལྔའི་ན་བཟའ། རྗེའི་ཚེམས་དཔར། རྒྱ་གར་བྱང་ཆུབ་ཤིང་གི་དུམ་བུ། མཆོད་རྟེན་བྱ་རུང་ཁ་ཤོར་གྱི་སྲོག་ཤིང་། ལྷ་སའི་ཇོ་བོའི་ན་བཟའ། རྒྱལ་བ་སེང་གེ་ང་རོའི་ན་བཟའ། ལྷ་ལུང་དཔལ་རྡོར་གྱི་ན་བཟའ། མདོ་དབུས་གཙང་གསུམ་གྱི་ཚོགས་རྡུལ། རྭ་སྒྲེང་ཇོ་བོའི་ཕྱག་ནས། གྲུབ་དབང་ཡེ་ཤེས་ཚུལ་ཁྲིམས་ཀྱི་ཕྱག་ཕྲེང་། བླ་བྲང་ཚོགས་ཆེན་མགོན་ཁང་གི་མགོན་ཆོས་རྣམས་ཀྱི་ན་བཟའ། ཆོས་རྒྱལ་གྱི་ཤངས་ཁྲག དགའ་ལྡན་གསེར་གདུང་གི་རྡུལ། ཇོ་ཤཱཀ་རྣམ་གསུམ་དང་གཞན་སྐུ་བརྙན་ཉེར་བདུན་གྱི་ཞལ་ཕྱིས། པཎ་ཆེན་སྐུ་རབས་གསུམ་གྱི་ན་བཟའ། འཛམ་གླིང་ཕྱོགས་བཞིའི་རྟེན་འདུས། རྒྱུད་གྲྭ་སྟོད་སྨད་དང་བླ་བྲང་གྲྭ་ཚང་དྲུག་གི་རྡུལ་མཚོན། གནས་ཆེན་བརྒྱད་ཀྱི་ས། ཀུན་མཁྱེན་མཆོག་གི་ཡོངས་འཛིན་རིན་པོ་ཆེ་གྲགས་པ་རྒྱ་མཚོ་དཔལ་བཟང་པོའི་ཕྱགས་བུའི་ཁ་སྒྲོག་དང་གསོལ་ཏོག་གི་ཤུབས་ཀྱི་ཁ་ཆིངས་འཁྲུལ་བྲལ་སོགས་རྟེན་རྫས་ལ་བླ་བྲང་གསེར་ཁང་ཆེན་མོར་གང་འདུས་པ་མ་འདུས་པ་མེད་པར་གསུངས་པ་འདི་དག་ད་ལྟའི་བར་ཉེས་སྐྱོན་སོགས་སོང་མེད་པར་སྲོག་ཤིང་དང་མཉམ་དུ་བཞུགས་ཡོད། སྤྱི་ལོ༡༩༨༢ལོ་སླར་གསོ་ཅུང་ཙམ་བྱས་ནས་བསྟན་པ་དང་འགྲོ་བའི་དོན་དུ་དགེ་སློང་བསྐལ་བཟང་ཆོས་འབྱོར་གྱིས་དབུ་བཟུང་ནས་སྐྱ་སེར་ཡོངས་ཀྱི་སྨྱུང་གནས་དང་མ་ཎི་སོགས་ཀྱི་རྒྱུན་སྐྱོང་། སྤྱི་ལོ༢༠༠༤ལོར་རྨོག་རུ་སྡེ་བའི་གྲྭ་བ་བཱེ་ཤིང་དགོན་པའི་ཀྲུའུ་རིན་ཐག་ག་བཀྲ་ཤིས་རྒྱ་མཚོ་དང་སྡེ་ཨུའི་ཧྲུའུ་ཅི་ཁྱི་གུ་ཐར་གཉིས་ཀྱིས་གཙོ་འགན་ཁུར་ཏེ་སྐུ་ཁང་བསྐྱར་བཞེངས་བྱས་ནས་ནང་གི་སྐུ་གསུང་ཐུགས་རྟེན་བཅས་ལེགས་པར་འགྲུབ་ཡོད་ལ། སྐུ་ཁ་གསོ་བའི་རིམ་པ་ལ་ཁོང་ཡོངས་འཛིན་རིན་པོ་ཆེ་འཇམ་དབྱངས་རྒྱ་མཚོ་ཚང་དང་ཟམ་ཚ་སྐུ་ཕྲེང་བདུན་པ་བློ་བཟང་དཀོན་མཆོག་ནམ་མཁའ་རྒྱལ་མཚན་ལགས་རྣམ་པ་གཉིས་ཀྱི་གསུང་བཀོད་ལ་གོང་བ་རུ་བས་རྣམ་སྲས་དང་། རྒྱལ་རུ་བས་རྟ་མགྲིན། མྱི་མགོ་རུ་བས་སྒྲོལ་མའི་སྐུ་བཅས་སྐུ་ཁ་གསོ་བའི་རྒྱུན་སྐྱོང་དགོས་ཞེས་བཀའ་གནངས་པ་ལྟར་བསྒྲུབ་བཞིན་ཡོད། གཉིས་པ་སྐོར་ཚད་ཀྱི་རིམ་པ་ལ། མི་འཁྲུགས་པའི་སྐུ་གཙོ་བོར་བཟུང་བའི་སྐོར་ཚད་རིང་བོ་སྟོང་ལྔ། འབྲིང་སྟོང་གསུམ། ཐུང་ངུ་སྟོང་གཅིག་བཅས་ཡིན། ད་ལྟའི་དུས་སུའང་ལོ་རེ་རེ་བཞིན་སྨྱུང་གནས་འཚོགས་པ་དང་སྒང་སྲུང་འཚོགས་པ། སྐུ་ཁ་གསོ་བ་སོགས་རྨོག་རུ་སྡེ་བས་རྒྱུན་བསྐྱངས་ཡོད།
དེ་ནས་ལུང་བའི་ཕུ་ལ་ཡར་སྤྱི་ལེ་ལྔ་ཡས་མས་སོང་ན་གྲུབ་ཆེན་བརྒྱད་ཅུའི་བཞུགས་གནས་བྲག་ལུང་བར་མའི་འགག་བར་ཡིན་ལ། ཆུ་བྲག་ནགས་གསུམ་འཛོམས་པའི་གནས་དེ་རུ་སྐྱེས་ཆེན་དམ་པ་མང་པོའི་སྒྲུབ་ཕུག་དང་གནས་ཁང་མཇལ་རྒྱུ་ཡོད། དེ་ལ་རྗེ་ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་འབུམ་ལས་ལོ་རྒྱུས་དང་གནས་བཤད་སོགས་ཀྱི་སྐོར་ལས་འབྲེལ་ཡོད་ཅིག་བཤུས་ན་འདི་ལྟ་སྟེ།
དེའང་གྲུབ་ཆེན་བརྒྱད་ཅུའི་བཞུགས་གནས་ཀྱི་གཙོ་བོ་ཧ་བརྩེགས་གྭའི་སྒོམ་ཁང་བྲག་ལུང་གསུམ་ཞེས་གྲགས་པའི་ནང་དུ་ཕལ་ཆེར་འཐུས་ཚང་དུ་བཞུགས་པར་གསུངས་པ་ལྟར་ལགས་པས། བྲག་ལུང་དེ་གསུམ་གྱི་ལུང་བ་དབུས་མའི་ནང་གི་བྲག་འགག་བརྒལ་ནས་སོང་ན། མཐའ་སྐོར་དུ་རང་བྱུང་འབབ་ཆུས་བསྐོར་བའི་དཀྱིལ་དུ། བྲག་ཆོས་ཁྲི་བརྩེགས་པ་ལྟ་བུའི་ཁར། སྟོན་པ་མཉམ་མེད་ཐུབ་པའི་དབང་བོའི་ཞབས་རྗེས་བཞུགས་པ་ཡིན་ནོ། གནས་ཡིག་འབྲིང་བོར་དེའི་ཉེ་འཁོར་དུ་ཀུན་དགའ་བོའི་ཞབས་རྗེས་ཤིག་ཀྱང་ཡོད་པར་གསུངས། གནས་ཡིག་ཆེན་མོར་བཅོམ་ལྡན་འདས་སྐུའི་མཛད་པ་ཐ་མ་སྟོན་པར་ཉེ་བའི་གོང་རོལ་ཞིག་ཏུ། སྟོན་པ་རྫུ་འཕྲུལ་གྱིས་གནས་འདིར་བྱོན་ནས། བསྟན་པ་བྱང་ནས་བྱང་དུ་དར་བའི་སྐབས་སུ། བསྟན་ལ་འཚེ་བའི་འཇིག་རྟེན་སྐྱོང་བ་རྣམས་དཀར་ཕྱོགས་ལ་འཛུད་པའི་དོན་དུ་དེ་དག་དམ་ལ་བཞག་ཅིང་། དེ་དུས་བསྟན་པ་སྐྱོང་བར་བཀའ་གཏད་གནང་བ་དང་། མ་འོང་མཐའ་འཁོབ་ཀྱི་གདུལ་བྱ་རྣམས་ལ་ཐུགས་བརྩེ་བའི་ཉེ་བར་དགོངས་ཏེ། སངས་རྒྱས་ཀྱི་ཡོན་ཏན་དྲན་ཞིང་དད་པ་འཕེལ་བའི་ཕན་ཡོན་ལ་གཟིགས་ནས་ཞབས་རྗེས་བཞག་པ་ཡིན་ཞེས། ཚད་ཐུབ་ཀྱི་སྐྱེས་ཆེན་དམ་པ་དུ་མས་ལུང་བསྟན་ དང་སྦྱར་ནས་གསུངས་ཡོད་ཀྱང་དྲན་པའི་ཡུལ་དུ་མི་འགྱུར། དེར་མཐུད་ནས་གསུངས་དོན། འཇིག་རྟེན་ཚུ་རོལ་ལ་ཞེན་པ་རྣམས་ཀྱིས་སྟོན་པ་བཅོམ་ལྡན་འདས་བོད་ཡུལ་དུ་བྱོན་པའི་ལོ་རྒྱུས་མ་གྲགས་པས་ན། གནས་འདིར་ག་ལ་བྱོན་སྙམ་པ་འཆར་སྲིད་ཀྱང་། ལུང་སྡེ་བཞིར། སངས་རྒྱས་ཀྱི་མཛད་པ་སྟོན་པར། སྐུ་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་བཞིན་དུ། སྐད་ཅིག་བསྐལ་བར་བྱིན་གྱིས་བརླབས་ཤིང་། འཇིག་རྟེན་གྱི་ཁམས་དུ་མར་བྱོན་ནས། ལྷ་གནོད་སྦྱིན་དུ་མ་དམ་ལ་བཞག་པར་གསུངས་པས་ཀྱང་དོགས་པ་སེལ་ནུས་སོ། ཞེས་བཀོད་པ་ལྟར་ཡིན་ནོ།། དེ་ལྟར་བཅོམ་ལྡན་འདས་ཀྱི་ཞབས་རྗེས་སྙིང་བོར་བཞུགས་པའི་ཁོ་ར་ཁོར་ཡུག་དང་། ཁྱད་པར་གྲུབ་ཆེན་བརྒྱད་ཅུ་སོགས་ཀྱི་བཞུགས་གནས་ཀྱིས་ཡོངས་སུ་བསྐོར་བའི་ཚུལ་གྱིས་གནས་པར་མངོན་ཏེ། གནས་ཡིག་རྒྱས་པར། གྲུབ་ཆེན་སོ་སོའི་སྒྲུབ་གནས་ཞིབ་རྒྱས་ཀྱིས་ངོས་བཟུང་ཞིང་། དེ་རེ་རེར་རང་བྱོན་གང་བཞུགས་རྣམས་གསལ་བར་བཀོད་ཡོད་མོད། ཧ་ཅང་རྒྱས་པས་བློ་ངོར་མ་ཤོང་། གནས་ཡིག་འབྲིང་བོར་གྲུབ་ཆེན་སོ་སོའི་བཞུགས་གནས་དཔེ་སྟོན་ཙམ་ལས་ཞིབ་པར་འཁོད་མེད་ལ། ཡུལ་མི་ཕལ་ཆེར་གྱི་ལག་ཏུ་འབྱོར་བའང་གནས་ཡིག་འབྲིང་བོ་འདི་ལས་ཕལ་ཆེར་མེད་པས། ད་ལྟ་ཀུན་གྱིས་ངོས་ཟིན་པ་ནི། སྒྲུབ་ཕུག་བཅུ་ཕྲག་ཡས་མས་ཤིག་སྟེ། སྒོམ་ཁང་བྲག་ལུང་དབུས་མར། མདོ་ནས་གཡས་སྐོར་གྱིས་སོང་བ་ན། ས་ར་ཧའི་སྒྲུབ་ཕུག་དང་། ཨ་ན་ཀའི་སྒྲུབ་ཕུག ད་རི་ཀ་བའི་སྒྲུབ་ཕུག སློབ་དཔོན་ཀླུ་སྒྲུབ་ཀྱི་སྒྲུབ་ཕུག ལུང་ཕུའི་གཡོན་ཏུ་ཤ་བ་རིའི་སྒྲུབ་ཕུག ཕམ་མཐིང་བའི་སྒྲུབ་ཕུག ཏིལ་བརྡུང་བའི་སྒྲུབ་ཕུག་བཅས་དང་། གཡས་ཀྱི་བྲག་ལུང་དུ་བྱ་རི་བའི་སྒྲུབ་ཕུག ར་ཧུ་ལའི་སྒྲུབ་ཕུག ལཱུ་ཨུ་བའི་སྒྲུབ་ཕུག གཡོན་གྱི་བྲག་ལུང་དུ་ཛ་ལན་དྷ་རའི་སྒྲུབ་ཕུག ཀུ་མ་རི་བའི་སྒྲུབ་ཕུག་བཅས་ཡོད། བྲག་ལུང་དེ་གསུམ་དུ་ངོས་མ་ཟིན་པའི་ཕུག་པ་ངོ་མཚར་མཐའ་ཡས་པས། དེ་དག་གྲུབ་ཆེན་སོ་སོ་རྫུ་འཕྲུལ་གྱིས་བྱོན་པའི་གནས་ཡིན་པ་གདོན་མི་ཟ་བས་བྱིན་རླབས་ཀྱི་རྟེན་དུ་གལ་ཆེ་ལ། སོ་སོར་ངོས་ཟིན་པ་རྣམས་དད་པའི་རྟེན་དུ་བཀོད་པ་ལས། ངོས་མ་ཟིན་ཀྱང་དད་པས་ཕྱག་སྐོར་བྱེད་ནུས་ན་བྱིན་རླབས་འབྱུང་བར་འགལ་བ་མེད་དོ། ཀུ་ཀུ་རི་བའི་སྒྲུབ་ཕུག་ནི་དྲེའུ་དཀར་མའི་ངོས་སུ་ཡོད་ལ། ཉིད་ཀྱི་ཕྱག་ཞབས་ཀྱི་རྗེས་དང་། ཁྱི་རྗེས་སོགས་གསལ་བར་བཞུགས། བལ་བོ་ཕམ་མཐིང་བ་ཆུང་བ་ལས་ཀྱི་ཕྱག་རྒྱ་བཙལ་བར་མདོ་སྨད་བརྒྱུད་ནས་བྱོན་དུས། སངས་རྒྱས་ཀྱི་ཞབས་རྗེས་ལ་མཇལ་བར་གནས་འདིར་དངོས་སུ་བྱོན་ནས་བཞུགས་པར་གསུངས་ཤིང་། ཞབས་རྗེས་དེ་དང་ཉེ་བར་ཁོང་གི་སྒྲུབ་ཕུག་ཡོད་ལ། དེར་ཕྱག་རྗེས་ཀྱང་གསལ་བར་བཀོད་ཡོད།
གོང་གི་གསུངས་དུམ་བུ་འདི་ལས་བྲག་ལུང་བར་མའི་གནས་ཀྱི་ཆེ་བ་དང་བྱིན་རླབས་ཀྱི་མཚན་ཁ་དེ་ཤེས་ཀྱང་དེང་སང་ནི་སྒྲུབ་ཕུག་སོགས་ངོས་ཟིན་མཁན་མེད་ལ་སྒྲུབ་ཕུག་ཏུ་སྒོམ་པའང་མེད་མོད། དེ་རུ་མཇལ་སྐོར་ཞུ་མཁན་ཅུང་མང་བས་འདྲ་པར་དང་ལྷན་དུ་གཡས་སྐོར་གྱི་རྣམ་པའི་སྤྱན་བསྟར་རགས་ཙམ་ཞུས་ན་འདི་ལྟར།
བྲག་ལྷ་བཤོས། འདི་ཡིས་མིང་གིས་ལྷ་བཤོས་ཁོག་ཅེས་འབོད་ལ་འགག་གི་མ་རྒྱུ་ཡི་རི་རྩེ་ཡིན།
སྒྲ་སྙན་དབྱིབས་ཀྱི་བྲག་ངོས་འདིར་མ་ཎི་ཡིག་དྲུག་རང་བྱོན་ཏུ་བབས་ཡོད་ཀྱང་དད་པ་ཅན་སུ་ཞིག་གིས་སྣུམ་བྱུགས་པས་ད་ལྟ་མ་ཎི་མི་གསལ། འགག་གི་མ་རྒྱུ་ཕྱོགས་ཀྱི་བྲག་ངོས་སུ་ཡོད།
མ་རྒྱུ་ཕྱོགས་ཀྱི་རི་ངོས་སུ་ཡར་འཛེགས་ན་དམྱལ་བའི་འཕྲེང་ཞེས་པའི་བྲག་ཕུག་ཀླད་ཁྲ་ཞིག་ཡོད་པ་དེར་ཕུག་སྒོ་ནས་འཛུལ་ཏེ་ཀླད་ནས་བུད་ཚེ་དམྱལ་བའི་འཕྲེང་བརྒྱུད་པར་བཤད།
བྲག་སྣེ་འདི་ནས་བུད་ན་གཅན་གཟན་ཞིག་གི་ཁ་ནང་ནས་བུད་པ་ཡིན་ཟེར། འདི་ནི་དམྱལ་བའི་འཕྲེང་གི་བྲག་ཧྲིལ་བོ་རེད།
བྲག་གླང་ཆེན་གྱི་དབྱིབས་འདྲ་བ་འདིའི་འོག་ཏུ་སྒྲུབ་ཕུག་ཅིག་ཡོད་ལ་དེ་ནི་ཀུན་གྱིས་སྤྲུལ་སྐུ་ཁྲོ་གཉན་རྒྱལ་མཚན་གྱི་སྒྲུབ་ཕུག་ཡིན་པར་བཤད། ཡང་ངོས་འཛིན་ཚུལ་གཞན་ཞིག་ཀྱང་ཡོད་དེ། ཚ་ཞིང་འདན་མའི་སྒྲུབ་ཕུག་ཡིན་ཟེར། དེ་ལ་ཚ་ཞིང་འདན་མ་སྒྲུབ་ཕུག་ལས་བཞུགས་ཏེ་མདའ་འཕངས་ནས་སྲིབ་ངོས་ཀྱི་བྲག་འདབས་ནས་གནས་སྒོ་ཞིག་ཕྱེས་ཟེར།
སྒྲུབ་ཕུག་གི་གཡས་གཡོན་གྱི་བྲག་སྟེང་ན་འཛམ་གླིང་སེང་ཆེན་གྱི་ཁྱི་རྟ་འབྲི་གསུམ་གྱི་རྗེས་སོགས་རྗེས་སྣ་ཚོགས་ཀྱང་ཡོད།
འདི་ནས་བརྒྱུད་ན་མའི་དྲིན་ལན་སོད་པར་བཤད་ལ་ཡར་བརྒྱུད་དེ་མར་མགོ་རྟིང་སློག་ནས་འབབ་དགོས། དེ་ནི་ཡར་བྲག་ངོས་བརྒྱུད་བྲག་ཁུང་ལ་འཛུལ་བ་ནི་མའི་མངལ་དུ་ཞུགས་པ་དང་མར་མགོ་རྟིང་སློག་སྟེ་འོང་བ་ནི་མངལ་ལས་སྐྱེས་པའི་ཟོལ་འདྲ་བོར་མཐོང་། སྤྲུལ་སྐུ་ཁྲོ་གཉན་རྒྱལ་མཚན་གྱི་སྒྲུབ་ཕུག་ནས་མར་ཅུང་བབས་ན་ཡོད།
ནང་སྐམ་ལ་ཡངས་པའི་བྲག་ཕུག་འདི་སུ་ཞིག་གི་སྒྲུབ་ཕུག་ཡིན་པའི་བཤད་སྲོལ་མེད་ཀྱང་གྲུབ་ཆེན་བརྒྱད་ཅུ་ལས་གཅིག་གི་སྒྲུབ་ཕུག་ནི་ཡིན་ཡང་སྲིད།
གུང་ཐང་དྲུག་པ་བསྟན་པའི་དབང་ཕྱུག་ཚང་དགུང་ལོ་ཉེར་ལྔ་བར་ཕེབས་སྐབས་ཀྱི་ཕྱག་རྗེས།
ཨ་རྡོའི་གནས་ཁང་། ཕྱག་རྗེས་གནས་ཁང་གི་སྒོ་རུ་ཡོད་ལ་འདི་ལ་གདན་མས་གནས་སྒོ་ཕྱེས་པ་ལས་བཤད་སྲོལ་གཞན་ཞིག་ཀྱང་ཡོད་དེ། ཨ་རྡོ་ཞེས་པའི་རྒད་པོ་ཞིག་གིས་ཁོག་འདིར་བུད་མེད་ཅིག་གློ་བུར་མཐོང་བས་རྗེས་དེད་པར་བྲག་ལ་འཛུལ་བར་སྣང་བས་ཡོང་བ་ན་བྲག་ཕུག་འདིར་འཕྲད། ནང་དུ་འཛུལ་ཡང་སུ་དང་གང་ཡང་མ་མཐོང་བས་གནས་བདག་གི་རྫུ་འཕྲུལ་ཡིན་པར་འདོད། དེ་ལྟར་ཨ་རྡོའི་གནས་ཁང་ཞེས་ཐོགས།
གནས་ཁང་སྒོ་ནས་ཉིན་ངོས་སུ་ཡར་བལྟས་ན་མཐོང་བའི་སྒྲུབ་ཕུག་གི་བྲག་སྒོ།
དབུ་མེད་ཀྱི་ཀ་ཡིག་རང་བྱོན། འགག་ཡན་གྱི་གནས་ཁང་གི་ཡན་གྱི་བྲག་ངོས་ཤིག
བྲག་འདི་འགག་མན་གྱི་མ་རྒྱུ་རུ་ཡོད།
སྤྲུལ་སྐུ་ཁྲོ་གཉན་རྒྱལ་མཚན་གྱི་སྒྲུབ་ཕུག་གི་སྒོ
གཞན་ཡང་བྲག་ཕུག་ཆེ་ཆུང་མི་འདྲ་བ་མང་དུ་ཡོད་ཀྱང་ངོས་ནི་ག་ལ་ཟིན་ཏེ་མི་ཟིན་ལ་པར་ཡང་མ་བརྒྱབ། གོང་གསལ་གནས་ཡིག་ལྟར་ན་བྲག་ལུང་བར་མའི་ནང་དུ་ས་ར་ཧའི་སྒྲུབ་ཕུག་དང་ཨ་ན་ཀའི་སྒྲུབ་ཕུག ད་རི་ཀ་བའི་སྒྲུབ་ཕུག སློབ་དཔོན་ཀླུ་སྒྲུབ་ཀྱི་སྒྲུབ་ཕུག ལུང་བའི་ཕུའི་གཡོན་དུ་ཤ་བ་རིའི་སྒྲུབ་ཕུག ཕམ་མཐིང་བའི་སྒྲུབ་ཕུག ཏིལ་བརྡུང་བའི་སྒྲུབ་ཕུག་བཅས་ཡོད་པ་དང་། བྲག་ལུང་གོང་མའི་ནང་དུ་བྱ་རི་བའི་སྒྲུབ་ཕུག ར་ཧུ་ལའི་སྒྲུབ་ཕུག་དང་། བྲག་ལུང་འགབ་མའི་ནང་དུ་ཛ་ལན་དྷ་རའི་སྒྲུབ་ཕུག་དང་ཀུ་མ་རི་བའི་སྒྲུབ་ཕུག་བཅས་ཡོད་པར་གསུངས་ཀྱང་ད་ལྟ་ངོས་ག་ལ་ཟིན། གཞན་ཡང་བྲག་ལུང་དེ་གསུམ་གར་ངོས་མི་ཟིན་པའི་ཕུག་པ་ངོ་མཚར་མཐའ་ཡས་པར་གསུངས་པ་བཞིན་བྲག་ལུང་གསུམ་ནས་བརྒྱུད་པའི་བྲག་ར་མདུན་ལུང་ཁྲ་འཛོ་དང་ཨ་མྱེས་སྐུ་བླ་སྤུན་གསུམ་སོགས་ཀྱི་བྲག་ལ་ཕུག་པ་ཧ་ཅང་མང་ངོ་།།
སངས་རྒྱས་སྟོང་གི་བླ་རི།།
གྲུབ་ཆེན་བརྒྱད་ཅུའི་བཞུགས་གནས།།
བྲག་དཀར་ལྷ་ལུང་གནས་གསུམ།།
མཇལ་ལ་ཕེབས་རོགས་གནངས་དང་།།
ཞེས་རྨོག་རུ་ཤེས་རབ་རྡོ་རྗེ་ནས་སྟབས་བདེར་ཞུས།
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།