མ་བཀླགས་ཚད་མེད་ཀྱི་སྒྲུང་གཏམ།
______<<ཚེ་རིང་དོན་འགྲུབ་ཀྱི་སྒྲུང་འབྲིང་ཕྱོགས་བསྒྲིགས་ཀྱི>>སྔོན་འགྲོའི་གཏམ།
ཚེ་རིང་དོན་འགྲུབ་ནི་སྒྲུང་གཏམ་ཁོ་ན་འབྲི་མཁན་གྱི་རྩོམ་པ་པོའི་རིགས་སུ་གཏོགས། དེ་ལས་ཀྱང་སྒྲུང་གཏམ་ཐད་གྲུབ་འབྲས་ལེགས་ཤོས་ལོན་པའི་རྩོམ་པ་པོ་ཞིག་ཡིན་ཏེ། མདོར་དྲངས་ནས་བཤད་ན་དེ་ནི་དོན་དག་གསུམ་ལ་རག་ལས།༡བརྩམས་སྒྲུང་དེ་དག་གི་རྨང་གདན་ནི་ཁྱོད་དང་ང་ད་ལྟ་འཚོ་ཞིང་སྡོད་པའི་ཁོར་ཡུག་འདི་ཡིན་པས་ན།རྩྭ་་ཐང་དང་དང་དགོན་སྡེ།སྤྲུལ་སྐུ་དང་དད་འབངས།ད་དུང་ལས་བྱེད་པ་དང་དཔོན་པོ་སོགས་ལ་ཁྱོད་དང་ང་འདྲ་བའི་གསོན་ཉམས་ཤིག་ཤར་ཡོད།༢བརྩམས་སྒྲུང་དེ་དག་ནི་དྲང་བདེན་གྱི་གཞུ་རྒྱུད་ལས་འཕོས་པའི་མདའ་མོ་རེ་རེ་ཡིན་པས་ན།ཀློག་མཁན་རྣམས་ཀྱིས་དགའ་བསུ་དང་ལེན་བྱེད་སླ། ༣སྒྲུང་ཐུང་དག་གི་ངོས་ནས་བཤད་ན།ཁོང་གི་གསར་རྩོམ་གྱི་ཐབས་རྩལ་ཁྱད་པར་དུ་འཕགས་པའི་ཕྱིར།ཨ་རི་པ་མག་ཁྲེན་ནམ་ཨོའུ་ཧིང་རོས་དང་གྲལ་གཅིག་ལ་འཁོད་ཆོག་ལ་མ་ཆོག་ཙམ་དུ་སྣང་། སྐུ་ངོ་ཚོས་ཁོང་ལ་བོད་ཀྱི་མག་ཁྲེན་ལྟ་བུའི་སྒྲོ་འདོགས་མེད་པར་ཞུ།ཁོང་གིས་སྒྲུང་འབྲིང་བརྩམས་པ་མང་པོ་མེད་ནའང་སྒྲུང་ཐུང་གི་རྨང་གཞིའི་སྟེང་ནང་དོན་གྱི་སྡོར་མ་མང་ཙམ་བརྒྱབ་པའི་ཚུལ་ཡིན་ལ།སྐབས་སྐབས་སུ་དམངས་སྒྲུང་ཕྱོགས་སྒྲིག་ཅིག་ཀློག་པ་དང་འདྲ་ཞིང་།རེས་འགར་བྱུང་བ་བརྗོད་པའི་སྙན་རྩོམ་རིང་མོ་དང་མཇལ་བ་འདྲ།སྤྱིར་བཏང་གི་ཆོས་ལ་དཔྱད་ན།སྤུས་ཀ་དག་པའི་སྒྲུང་གཏམ་ཞིག་ཐོན་པ་དེས་ཡར་ཐོན་བྱུང་བའི་སྤྱི་ཚོགས་ཤིག་ཤུགས་ཀྱིས་བསྟན་ཡོད་ཅིང་།ཡང་ན་སྒྲུང་གཏམ་དེས་ཚོགས་པ་ཞིག་རྨོངས་གཉིད་ལས་དཀྲོགས་པའི་འོས་འགན་ཁུར་དུ་བཞེས་ཡོད།བརྩམས་ཆོས་ཕྱི་མ་དག་ནི་ཕྱི་ཚུལ་ནས་བལྟས་ན་ཉེ་རིང་ཆགས་སྡང་བྲལ་བའི་བརྐོས་རིས་ཉམས་ཆེན་ཞིག་དང་འདྲ་ནའང་།དོན་དུ་ཚོགས་པ་དེ་ལ་ཕུགས་བསམ་དང་བརྩེ་དུང་བཅངས་ཡོད་པར་སེམས།སྐྱེ་བོ་དེ་འདྲ་བའི་བསམ་གཞིག་གི་དམིགས་ཡུལ་དང་གྲུབ་འབྲས་ཀྱང་ཚོགས་པ་དེའི་ཁེ་ཕན་ལ་ཐད་ཀར་རག་ལས་པས།ཁོང་ཚོས་ཧ་ཅང་ཐབས་མཁས་ངང་ཁྱོད་དང་ང་ལ“འདི་གཡུག་ཞོག་དེ་ཁྱེར་ཤོག”ཅེས་བསྒོ་སྲིད།དེ་བས་དུས་རབས་ངེས་ཅན་ནམ་ཁོར་ཡུག་ངེས་ཅན་ཞིག་གི་ནང་དུ། སྒྲུང་གཏམ་ནི་སྒྲུང་གཏམ་གཙང་གཙང་མིན་པར་རྒན་པོ་ཚོར་ཕོག་ཐུག་གཏོང་བའི་ལག་ཆ་རེའང་ཡིན་སྲིད། འོན་ཀྱང་ཚེ་རིང་དོན་གྲུབ་མཆོག་གིས“རི་བོང་དང་སྡོམ་པ”ཉིས་ཆ་ཟིན་ཡོད་པ་དེ་ཅི་ནས་ཀྱང་ཁས་ལེན་བྱ་དགོས་པ་ཞིག་རེད། དེང་གི་ཆར་སྐྱེ་བོ་འགའ་རེས“སྲོལ་རྒྱུན”དང“དེང་རབས་”ཀྱི་འགལ་ཟླའམ་དབྱེ་བ་སོགས་སྐད་ཆ་ཡ་མཚན་རེ་གླེང་གིན་ཡོད་པ་མ་ཟད། རྩོམ་རིག་རེ་གཉིས་སིལ་བུར་གཤགས་ནས་འདི“སྲོལ་རྒྱུན་དང་འདི་དེང་རབས”ཞེས་སྐད་རྒྱག་གིན་འདུག “ཕྱི་བཅོས་ཚན་ཁག་གི་སྨན་པ”དེ་ཚོའི་མདུན་དུ་དཔེ་དེབ་འདི་བཞག་ཚེ་ཅི་ཞིག་ཇི་ལྟར་སྨྲ་བར་སྔོན་དཔག་བྱ་དཀའ་མོད། སྨན་པ་ལའང་ན་ཚས་གཙེ་སྲིད་པས་ཆུ་མ་འོང་སྔོན་ལ་རགས་ཤིག་བརྩིགས་པ་ཡིན། མདོར་དྲིལ་ན། གུས་པོས་འདིར་ཞུ་འདོད་པ་ནི། ཕ་སྣ་ཐ་འཐེན་མཁན་ཞིག་ལ་བུ་སྦི་རག་བཏུང་མཁན་ཞིག་སྐྱེས་པར། བུ་འདིས་ཕ་ཤུལ་ཇི་ལྟར་འཛིན་ཞེས་བླུན་པོས་རང་མཚང་འབྱིན་པའི་སྨྲ་བརྗོད་མེད་པར་གསེར་ཞལ་བཙུམས་རོགས་ཞུ་ཞེས་པ་དེའོ།། གཏིང་ཟབ་པའི་བསམ་གཞིག་དང་ཁྱད་མཚར་བའི་སྒྲིག་བཀོད་ལས་གཞན། ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་གྱི་རྗོད་བྱེད་ཚིག་ཕྲེང་གསེབ་ཏུ་རོལ་རྩེད་ཀྱི་ཆ་ཡིས་ཁེངས་ཤིང་། ཁ་མཚར་དང་ཟུར་ཟས་ཁེངས་པའི་རོལ་རྩེད་དག་ཀྱང་གཞན་རིགས་ཀྱི་ལད་ཟློས་མིན་པར། རང་རིགས་ཀྱི་སྟེ་ཁྱོད་དང་ང་ཡི་སེམས་ལ་མེ་བཙའ་བཞིན་ན་བ་དེ་ཡིན། དེ་བས་ཁོང་གི་རོལ་རྩེད་འདུ་ཤེས་དེ་ནི“ཁ་དགོད་ཞོར་དུ་ཁོག་ལ་སྡུག་ཅིག་འཇོག”ཐུབ་པའི་ཚད་མཐོ་སྒྱུ་རྩལ་ཞིག་ཡིན། ཚེ་རིང་དོན་གྲུབ་ཀྱི་ནང་སེམས་ནི་ཁེར་སྡུག་གིས་ཁེངས་པ་ཞིག་ཡིན་པས། ཁོའི་བསམ་པའི་འཁྱེར་སོ་དང་ཀུན་ཏུ་སྤྱོད་པའང་ཧ་ཅང་དམིགས་བསལ་ལྡན་པ་ཞིག་ཡིན་ཞིང་།ཧ་ཅང་གི་དམིགས་བསལ་དེ་ཤེས་རྟོག་བྱེད་ས་ནི་ཁོང་གི་བརྩམས་ཆོས་དག་ལས་མ་འདས། ཀློག་པ་པོ་ཞིག་ངོས་ནས་བཤད་ན།ཁོང་དང་གླེང་མོལ་བརྒྱུད་དེ་ཁོའི་ནང་སེམས་ལ་འཛུལ་བའི་དམིགས་ཡུལ་འགྲུབ་པའི་བྱེད་ཐབས་གཙོ་བོ་ནི།ཁོང་དང་མཉམ་དུ་ཨ་རག་པི་ཙི་དོ་གསུམ་རེ་རོལ་ཞོར་ཤ་རྒྱ་མ་གང་དོ་ཞིག་ཟ་བ་དེ་མིན་ལ། “གླེང་མོལ་ཚོགས་འདུ”ཞིག་ལས་ཁོང་ལ“གསུང་བཤད”དུམ་བུ་ཞིག་གནང་བའི་རེ་ཞུ་བྱེད་པའང་མ་ཡིན་ཏེ།གལ་ཏེ་ཁྱོད་རང་ཁོང་དང་བར་ཐག་རིང་སར་བསྡད་ནས་ཁོང་གི་བརྩམས་ཆོས་ཀློག་ཐུབ་ན་དེ་ནི་ཐབས་ལམ་འབའ་ཞིག་གོ།ངས་གོང་ལྟར་སྨྲ་སྤོབས་པ་ནི་ཚེ་རིང་དོན་གྲུབ་ཀྱིས་ང་ལ་ཡིད་ཆེས་ཚད་མེད་བྱས་དང་བྱེད་ཀྱིན་པས་ཡིན་ལ།མི་ལོ་ཉི་ཤུ་ལྷག་གི་མཛའ་བཤེས་དང་རྒྱུས་ལོན་ལ་བརྟེན་ནས།ངས་ཁྱོད་ལ་དཔེ་དེབ་འདི་ངོ་སྤྲོད་བྱས་ཡོད་དེ།ཀློག་ཚར་རྗེས་ཁྱོད་ལ་འགྱོད་པ་མེད་པར་ངས་ད་ལྟ་ནས་ཁས་ལེན་བྱས་པ་ཡིན།
རྩོམ་ཁུངས།