དགེ་ཆོས་ཀྱི་བྱད་གཟུགས་དང་གྱོན་ཆས་སོགས་ལ་དཔྱད་པ།
༡ ལུས་གྱི་ཁྱད་པར།
བོད་གནའ་བོའི་བླ་སྤྲུལ་དགེ་བཤེས་དག་གི་རྣམ་ཐར་གྱི་གླེགས་བམ་རྣམས་ཞིབ་ཀློགས་ཅི་ཙམ་བྱས་ཀྱང་དེ་དག་གི་གཟུགས་པོའི་བོངས་ཚད་
དང༌། མིག་སོགས་དབང་བོ་ལྔའི་སྣང་བརྙན་སོགས་མི་ཞིག་གི་ཁྱད་ཆོས་གང་ཡང་མཐོང་མི་ཐུབ་པ་ཇི་བཞིན། དགེ་ཆོས་ཀྱི་རྣམ་ཐར་ལོ་རྒྱུས་འབྲི་
མཁན་ཚོས་ཀྱང་དགེ་ཆོས་འདི་གསང་སྔགས་ཀྱི་ལྟ་བ་མཐོན་པོ་ལ་གནས་པའི་གང་ཟག་ཅིག་དང༌། བོད་མི་ས་ཡ་དྲུག་གི་ནང་ནས་རྩེ་ཕུལ་ཅིག་ཡིན་
པར་སྒྲུབ་བྱེད་སྣ་ཚོགས་བཀོད་པ་ཙམ་ལས་དགེ་ཆོས་ཀྱི་གཟུགས་དབྱིབས་ཞིབ་འབྲི་བྱས་མེད་སྟབས་ང་ཚོས་ཁོང་གི་སྣང་བརྙན་དེ་ནམ་ཡང་འཇལ་བའི་
གོ་སྐབས་བྲལ་ཀྱང༌། ཐབས་ལམ་གཞན་ཞིག་ཡོད་པ་ནི་ལོ་རྒྱུས་ཡིག་ཆ་རྩོམ་མཁན་ཁག་གིས་ཆེད་དུ་མ་དམིགས་པར་ཞར་བྱུང་དུ་ཐོན་པ་ཁག་གི་ཚིག་
ཟུར་ཕྲ་མོ་ཙམ་ལའང་དཔྱད་ཞིབ་བྱེད་དགོས་པ་དེ་ཡིན།
དཔྱད་བརྗོད་པ་ལ་ལས་དགེ་ཆོས་འདི་ཆེས་གུ་ཡངས་ཁམས་བཟང་གི་གང་ཟག་ཅིག་ཡིན་པར་བཤད་ལ། ལ་ལས་བཀའ་བཀྱོན་རླུང་ཁམས་ཀྱི་གོང་བུ་
ཞིག་ཡིན་པ་བཤད་པ་སོགས་སྣ་ཚོགས་ཤིག་བྲིས་འདུག་པ་དཔེར་ན། རཀ་རས།“སྐུ་དྲུང་དུ་བཅར་ན་ཡང་ཐོག་མར་ཞལ་ངོ་ནག་ཐིང་ངེ་ཞིག་ལ།” ཞེས་
དང་རི་ཁ་བློ་བསྟན་གྱིས།"སྐུའི་གཟུགས་ཆེ་ཆུང་འབྲིང་ཙམ་ལ་སྐུ་ཤ་རིད་ཅིང་ཞལ་རས་དབྱིབས་ཟླུམ་བུ་འབྲུམ་ཤུལ་ཅན་ཞིག་ཡོད་འདུག"ཅེས་
དང༌། ཧོར་ཁང་གིས། "སྐུའི་དབྱིབས་ནི། སྤྱན་ཅུང་ཟད་ཟུམ་པ་ལྟ་བུས་འབྲུ་ཚིགས་སུ་གཟིགས་ཤིང་འཛུམ་མདངས་ཕྲན་བུ་ཡོད་པ་ཞིག་ཡོད"
ཅེས་དང༌། མི་རྒན་ཤེར་རྒྱམ་པས། "ཞལ་རས་ཞུམ་ཉམས་ཙམ་ལ་མདུན་སོ་གཉིས་ཀྱི་སོ་ཞོ་ཤིན་ཏུ་དཀར་ལ་འཛུམ་ཉམས་ཅན་"ཞེས་འབྱུང༌།
ང་ཚོས་འདི་དག་ལས་མཐོང་ཐུབ་པ་ནི། མདོ་སྨད་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་འདི་ཉིད། སྤྱིརར་བཏང་གི་བླ་སྤྲུལ་མཁས་པ་ཇི་
བཞིན་སྐུ་ཤ་རྒྱག་ཅིང་མ་ནེ་ཉིས་བརྩེགས་དང༌། སྐེ་ལྟག་ཏུ་ཤ་གཉེར་ལྟེབ་རྩེག་གསུམ་བཞི་རེ་ཡོད་པ་ཞིག་མ་ཡིན་པར། ང་དང་ལྷ་དང་དྲང་སྲོང་
གསུམ། དཀའ་བ་སྤྱད་པའི་ལུས་པོ་ཕྲ། ཞེས་པ་ལྟ་བུ་ལས་མ་འདས་ལ། ལར་ཁོང་གི་སྐུ་ཤ་རིད་པ་ནི་གཞུང་ལུགས་ལ་དཀའ་སྤྱད་གནང་དྲགས་
ནས་བྱུང་བ་ཞིག་ཀྱང་མ་ཡིན་པར་ལྷན་སྐྱེས་ཀྱི་གཤིས་ཀ་ཞིག་ཡིན་པ་ཁོང་ཆུང་དུས་བཀྲ་ཤིས་འཁྱིལ་དུ་ཡོད་སྐབས་ནས་"དྷི་ཚ་སྐམ་པོར"འབོད་
པས་ཤེས་ནུས།
མཐོ་དམན་སུ་སྐུ་དྲུང་དུ་བཅར་ན་ཞལ་ངོ་ནག་ཐིང་ངེ་ཞིག་ཡོད་པ་དེ་མི་བྱིངས་ཀྱི་ངོར་ཨ་གསར་དབྱེ་འབྱེད་ཆགས་སྡང་ཆུང་བའི་ཡོན་ཏན་ཞིག་
ཡིན་མོད། གུས་ཞུམ་འདར་སིག་གིས་སྐྱག་ལངས་ཤོར་བའི་སྐུ་དྲག་ཚོར་ཕོག་ཐུག་གཏོང་བྱེད་ཀྱི་ཚེར་མ་ཞིག་ཀྱང་ཡིན་སྲིད། ཞལ་རས་ཞུམ་ཉམས་
ཅན་ཞིག་ཡིན་པ་ནི་གཅིག་ཐང་ན། ཉམ་ཆུང་ཚུལ་མཐུན་གྱི་གོམས་གཤིས་བཟང་བོ་འཇགས་པ་ཡིན་སྲིད་ལ། གཅིག་བྱས་ན་སྐབས་དེའི་བཙོན་
འཇུག་ཉེས་ཆད་དྲག་པོས་བཅོམ་པས་ཞུམ་མདངས་ཤིག་ཤར་བ་ཡིན་སྲིད། སོ་ཞོ་དཀར་བའི་ཁྱད་པར་ལ་བལྟས་ན་རང་ཅག་གི་ལོ་རྒྱུས་ཆོས་འབྱུང་
ཁག་ཏུའང། "སོ་མཚམས་དམ་ཞིང་སོ་ཞོ་ཅན། །བུ་མོ་གཞན་ལས་ཁྱད་དུ་འཕགས། །"ཞེས་རྒྱ་མོ་ཀོང་ཇོའི་སོའི་ཁྱད་པར་མ་ལུས་པ་ཚང་འདུག་
པ་འདྲ།
སྣར་སྐྱིད་ངག་དོན་གྱིས། "ཁོང་སྐྲ་རིང་བོ་བྱས་ནས་ཛོར་བོ་ཞེད་པོ་ཞིག་འདུག" ཅེས་དང༌། རཀ་རས། "དབུ་སྐྲ་དཔུང་སྟེང་སླེབས་
ཙམ་ཞིག་ཆགསའདུག"ཅེས་པ་འདི་གཉིས་ནི་ཁོང་བཙོན་ནས་གློད་རྗེས་ཀྱི་བྱད་དབྱིབས་ཡིན་ལ། གདོང་དབྱིབས་དངོས་ལ་འགྲེལ་བཤད་མི་
དགོས་བ་འདྲ་པར་འདི་ལས་མཐོང་ཐུབ་མོད། འདྲ་པར་གྱི་སྤུས་ཀ་མི་བཟང་བས་འགྲམ་པར་འབྲུམ་ཤུལ་ཡོད་མེད་མི་མཐོང་བས་རི་ཁ་བློ་བསྟན་
གྱིས་སུ་ལ་དྲིས་པ་ཡིན་ན་བདེན་ཁ་སྤྲོད་རྒྱུ་ལས་ཐབས་གཞན་ཅི་ཡང་མེད། ཁ་མིག་ལ་འཛུམ་མདངས་རང་ཆས་བ་ཞིག་ཡོད་པར་བཤད་པ་དེ།
ཞལ་རས་པད་མོའི་འཛུམ་མདངས་ཅན། ཞེས་པ་ལྟ་བུའི་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་ཞལ་གྱི་ཡོན་ཏན་ཚང་བར་བཤད་ན་མཐོ་དྲགས་
ཀྱང༌། འདོད་པའི་བསྟན་བཅོས་རྩོམ་སྐབས་ཀྱི་དཔྱད་གཞིའི་རྒྱུ་ཆ་བཙལ་དུས་བེད་སྤྱོད་ཆེ་ཤོས་ཤིག་ཡིན་ཤས་ཆེ།
༢ ངག་གི་ཁྱད་པར།
དགེ་ཆོས་མཆོག་གི་སྙན་ངག་སྙན་པ་ལས་གསུང་སྐད་སྙན་པའི་ཁྱད་པར་གང་ཡང་མ་ཐོས་ཀྱང༌། རཀ་རས། "མགུར་མ་འདྲ་བོ་དེ་འདྲ་ཡོང་
གི་འདུག དེ་དུས་འདི་འདྲ་ཞིག་བཏང་གི་ཡོད་རྒྱུ་རེད། ཨ་མདོ་ལ་ང་ཚོའི་སྦ་གླུ་ཟེར་བ་ཞིག་བཏང་དུས་ཚིག་འདིའི་འགྲོ་སྟངས་བྱས་ན་དེ་འདྲ་རེད་
ཤག་གསུང་གི་འདུག"ཅེས་ཏུན་ཧོང་ཡིག་རྙིང་ལ་ཞིབ་འཇུག་གནང་སྐབས་གནའ་བོའི་ཆོས་རྒྱལ་ཚོའི་སྐབས་ཀྱི་མགུར་གླུ་དེ་ཚོ་གླུ་རུ་བླངས་འདུག་ལ།
ཇོ་ནེ་འཇམ་དབྱངས་ཀྱིས། "སྐྱིད་ལ་སྡུག་པའི་འཇིག་རྟེན་མི་ཡུལ་འདིར། ཤི་ཡང་ཕྱི་མིག་བལྟ་བའི་རེ་བ་ཡིས། ཟེར་བ་དེ་འདྲ་བོ་ཁོང་རང་གི་
གླུབཏང་ཡག་གི་རྩོམ་ཞིག་ཡོད་པ་རེད། "ཅེས་དང༌། "གཞོན་དུས་དགའ་བའི་ཆུང་མ་ངས་མ་བླངས། ། རྒས་དུས་དགོས་པའི་ནོར་རྫས་ངས་མ་
བསགས། ། སྤྲང་བོའི་མི་ཚེ་ལྕགས་སྨྱུག་ལྷན་ཅིག་ཏུ། །ཟད་པ་འདི་ནི་བདག་གི་སྣང་བ་སྐྱོ། ། དེ་འདྲ་བོ་ཡོད་པ་རེད། དེ་གླུའི་གྲས་ལ་བཏང་
གི་རེད"ཅེས་བཤད།
ང་ཚོའི་འདི་དག་ལས་མཐོང་ཐུང་པ་ནི། དགེ་ཆོས་ཀྱི་མགྲིན་དབྱངས་སྙན་མིན་ལ་མ་ལྟོས་པར་གླུ་གཞས་བཏང་མྱོང་བར་མ་ཟད། དེང་སང་
སྔོན་ཐོན་རྒྱལ་ཁབ་ཁག་གི་གླུ་བ་སྐད་གྲགས་ཅན་དེ་དག་ཇི་བཞིན་ཚིག་དང་དབྱངས་རང་གིས་བརྩམས་ཤིང༌། རང་གི་ངག་ནས་ལེན་པའི་ཁྱད་ཆོས་
ཡོངས་རྫོགས་ཚང་ཡོད་པར་སེམས། ཡང་རཀ་རས།"དཔག་བསམ་འཁྲི་ཤིང་གདངས་བཏང་ནས་གསུང་གི་རེད། ཨ་མདོའི་གདངས་ཤིག་བཏང་
ཡག་འདུག སྙན་པོ་ཞེ་དྲག་འདུག"ཟེར་ཚུལ་ལ་བལྟས་ན་ཆོས་སྤྱོད་ཀྱི་དབྱངས་རྟ་སྙན་ཙམ་གཏོང་གིན་ཡོད་པ་ཤེས་ནུས།
འདིར་བཤད་པའི་ངག་ནི་འཇིག་རྟེན་སྤྱི་ལུགས་ཀྱི་མགྲིན་དབྱངས་ཀྱི་ཁྱད་པར་ཙམ་ལས། ཡི་གེ་གསུང་རབ་ཐམས་ཅད་ངག་ཏུ་འཇོག་པའི་
བསྟན་བཅོས་ཀྱི་ལུགས་བཞིན་བཤད་པ་མིན་ལ། གལ་སྲིད་དགེ་ཆོས་བསྟན་བཅོས་ཀྱི་ཐ་སྙད་ལས་བྱུང་བའི་ངག་ལ་ཅི་ཙམ་མཁས་མིན་ནི་འགྲེལ་
བཤད་ཀྱི་ངལ་བ་མི་དགོས་པ་ཞིག་ཡིན།
༣ སེམས་གཤིས་ཀྱི་ཁྱད་པར།
སྤྱིར་བཏང་མི་ཞིག་གི་སེམས་གཤིས་ཀྱི་གདེང་ཚད་གཞལ་རྒྱུ་དེ་ལས་སླ་བོ་ཞིག་གཏན་ནས་མ་ཡིན་ཀྱང༌། ཡ་རབས་མ་རབས་སྤྱོད་པས་ཤེས།
ཟེར་བ་ལྟར་ཕྱིའི་སྤྱོད་ལམ་གྱི་རྒྱུ་མཚན་ཡང་དག་ལས་ནང་སེམས་ཀྱི་འཁྱེར་སོ་རོབ་ཙམ་རྟོགས་ཐུབ་པ་ཡིན། རི་ཁས།"ཐུགས་གཤིས་ནི་འཇིག་རྟེན་
པའི་གཤིས་ལུགས་དག་ལ་ཡེ་ནས་ཐུགས་སྣང་མེད་པར་གཟིམས་ཤག་ཏུ་སྐྱེ་བོ་རྒན་གཞོན་ཕོ་མོ་འདྲ་ཞིག་སླེབས་རུང་ཡར་ཕེབས་བཞུགས་ཙམ་ཡང་མི་
གསུང༌།"ཞེས་དང༌། རཀ་རས། "ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ལ་་གནས་པ་ལྟ་བུ་གང་ལ་ཡང་ཆགས་ཞེན་མེད་པ། བཟའ་བའི་རིགས་ཐམས་
ཅད་གསོལ་བ། བཏུང་བའི་རིགས་ཐམས་ཅད་བཞེས་མཁན། མཐོ་དམན་བཟང་ངན་སུ་དང་འགྲོགས་པ་ལ་རྣམ་རྟོག་མེད་མཁན།"ཞེས་འབྱུང་བ་
འདི་དག་ལས་མཐོང་ཐུབ་པ་ནི། ཆོས་ཕྱོགས་ནས་བཤད་ན་གསང་སྔགས་ཀྱི་སྤྲོས་བཅས་དང་སྤྲོས་མེད། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་གསུམ་ལས་
ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པར་གནས་པར་བཤད་ན་མི་འཚམ་པ་གང་ཡང་མེད་ལ། ཐུན་མོང་སྤྱི་ལུགས་ལྟར་ན། འབད་འབད་དུང་དུང་གིས་
མཛད་རྗེས་རི་མོར་ཕབ་པ་དག་སྐུ་དྲག་སོགས་བཙན་པོ་རྣམས་ཀྱིས་འཕྲོགས། གདོས་བཅས་ཤ་ཁྲག་ལས་གྲུབ་པའི་ལུས་པོ་ནི་བཙོན་ལས་མནར་
གཅོད་ཀྱིས་བསྣད། ཤར་མདོ་སྨད་ནས་འཕྱུར་ཡོང་བའི་སྙིང་ཁོང་གི་རེ་བ་ནི་ཡལ། བོད་གསར་བརྗེའི་ཆེད་མ་འོངས་བྱེད་འཆར་གྱི་ས་ཁྲ་གསར་
བ་ནི་ནག་བསུབ་བཏང་ཚར་བས། སྔར་ལམ་རིམ་བློ་སྦྱོང་དབུ་ཕར་སོགས་གཞུང་ཆེན་མོ་དག་ལས་ཐོབ་མ་མྱོང་བའི་དམར་ཁྲིད་ཟབ་མོ་ཞིག་སྟེ།
འཇིག་རྟེན་གྱི་བྱ་བཞག་མཐའ་དག་མཐའ་མར་བསླུ་བའི་ཆོས་ཅན་དུ་དམར་ཁྲིད་ཐེངས་མང་བོར་ངོ་སྤྲད་པས་ཀྱང་དེ་ལྟར་རེ་བྲལ་ཡི་ཆད་ཀྱི་ངང་ལུས་
པ་མིན་སྙམ།
ཡང་རཀ་རས།"དངོས་གནས་ཡ་རབས་པ་ལ། ང་ཚོ་སུ་ཡོང་བའི་སྐབས་སྤུན་ཟླ་དེ་པར་ཡོང་ཕྱིན། ཁྱོད་རང་མགོ་མཇུག་མེད་པ་གསུངས་ནས་
ཞེ་དྲག་འཚེར་སྣང་ཡོད་པ་རེད"ཅེས་དང༌། སྣར་སྐྱིད་ངག་དོན་གྱིས། "དེ་འདྲའི་སྐབས་ལ་བཀའ་བཀྱོན་ཞེ་དྲགས་གནང་གི་རེད།"ཞེས་དང༌།
"མར་སྡོད་གསུངས་ནས་ཁོ་རང་གི་མཆོད་འཕྲོ་དེ་མར་སྤྲད་ནས་ཟོ་གསུངས་པ་རེད། ཡིན་མིན་ཞུ་ས་ཡོད་པ་མ་རེད།"ཅེས་དང༌། "མཚམས་མཚམས་
ལ་བཀའ་བཀྱོན་ཞེ་དྲགས་གནང་གི་རེད།"ཅེས་དང༌། རཀ་རས། "ག་རེ་ཡིན་ནས་ཟླ་བ་བཟང་བོ་དང་བོ་ཡོང་དུས་ཕྱག་འཇུག་ནང་མར་རྒྱུས་
གསུངས།"ཞེས་པ་འདི་དག་ལ་བལྟས་ན་དགེ་ཆོས་ལ་རླུང་དང་རང་ཤེད་ཅི་བས་ཚ་བ་ལྟ་བུ་ཞིག་འདུག་ཀྱང༌། སྐབས་རེར་རླུང་ལངས་རྒྱུ་དེའང་
འགྲོ་བ་མིའི་རང་གཤིས་ལས་མ་འདས་པས་ཉེས་སྐྱོན་དུ་བརྩི་རིན་མི་འདང་བ་ཞིག་ཡིན། ཡང་རཀ་ར་པས། "མཁས་ཉམས་ཀྱི་དྲེགས་པ་རྩ་བ་ནས་མེད་
པ། དྲི་བ་གང་འདྲ་ཞིག་ཞུས་ཀྱང་སྙིང་པོ་ཡོད་མེད་ཀྱི་དབྱེ་འབྱེད་དང༌། མི་ཤེས་པ་ཚོ་ལ་མཐོང་ཆུང་ལྟ་བུ་རྩ་ནས་མི་མཛད"ཞེས་བཤད་པ་འདི་ནི་
མཁྱེན་རབ་ཀྱི་རྩལ་རྒྱས་ཤིང་འཇིག་རྟེན་གྱི་མཐའ་མཐོང་བ་མ་ཟད། མི་རིགས་འདྲ་མིན་དང་ཆ་ལུགས་སྣ་ཚོགས་ལ་ཉམས་མྱོང་གཏོང་ཟབ་ཡོད་པའི་
རྟགས་མཚན་ཞིག་དང༌། མི་ཐམས་ཅད་ཀྱིས་ལགས་སོ་ཟེར་བ་ལས་གཞན་ཅི་ཡང་རྣ་བས་ཐོས་མ་མྱོང་བའི་བླ་ཆེན་མི་དྲག་གི་སྐྱེ་རྒྱུད་མིན་ལ། མི་
མང་གི་ལག་ནས་གཡོ་འཕྲུལ་དང་བཙན་དབང་གིས་བསྡུས་པའི་ཁྲལ་ཟས་ལོག་འཚོ་ཁྲག་དྲི་བྲོ་བས་ལུས་སྟོབས་རྒྱས་ཀྱང༌། ལས་དཀའ་ཞེས་པ་དེ་
དོན་དངོས་སུ་དཀའ་མོ་ཞིག་ཡིན་མིན་མིག་གིས་མཐོང་མ་མྱོང་བའི་མི་སེར་ཉམ་ཆུང་གི་སྐྱིད་སྡུག་མི་ཤེས་པ་ལྟ་བུའང་རྩལ་ནས་མ་ཡིན་པར། ཁོང་
སྤྲུལ་སྐུ་ཡིན་མིན་གང་ལྟར་ཡང་གྲྭ་རྐྱང་དཀྱུས་མའི་ངན་ངོན་མནོག་ཆུང་གི་འཚོ་བར་གོམས་ཤུགས་ཆེ་སྟབས། ཟས་བཟང་ངན་གྱི་ཁ་འདེམ་མེད་
ཅིང༌། མི་ཉམ་ཐག་ལ་ཁྱད་གསོད་མེད་པའི་ཡོན་ཏན་ལྷན་སྐྱེས་སུ་ཡོད་པར་སྣང༌། འོན་ཀྱང་སྤྲང་ཕྲུག་འདྲེ་རུ་གྱུར་པ་ཁ་ཤས་སུ་བས་ཀྱང་སྡུག་
པས་མཐའ་གཅིག་ཏུ་ངེས་པ་མེད་ཕྱིར། གོང་སྨོས་དེ་དག་རྗེས་སུ་ཡི་རང་བྱེད་འོས་པའི་དགེ་ཆོས་ཀྱི་ཡོན་ཏན་ཞིག་ཡིན་པ་སྨོས་མི་དགོས་སོ།
ཡང་རཀ་རས། "ད་རང་ང་སྐྱིད་པོ་མ་བྱུང་ཙང་གཙང་བོའི་ཁ་དེར་ཕྱིན་ནས་ཡག་ཐག་ཆོད་ཅིག་ངུས་བཞག་པ་ཡིན་དེས་ཕན་བྱུང་གསུངས་པ་
རེད"ཅེས་བཤད་པ་ལྟ་བུའི་མཚམས་རེར་དབང་མེད་ཀྱི་གད་མོ་ཤོར་བ་དང༌། སྐབས་རེར་འགོག་མེད་ཀྱི་ངུ་ངག་འདོན་པ། མཚམས་རེར་སུ་
ལའང་ཉན་འཇོག་མེད་པར་རང་འདོད་ཁོ་ན་བྱེད་པ། ཆང་དང་བུད་མེད་ལ་འདོད་ཞེན་ཆེ་བ་འདི་རིགས་འཇིག་རྟེན་གྱི་སྙན་ངག་མཁན་སྤྱིའི་ཁྱད་
ཆོས་ཤིག་ཡིན་ལ། ནམ་ཡིན་ཡང་སྐྱོ་བ་དང་མྱ་ངན་གྱིས་སྨྲེ་ངག་འདོན་པའི་ཚོར་བ་སྐྲ་རྩེ་ལྟར་ཕྲ་བ་དེ་ཡང་སྙན་ངག་མཁན་ལ་མེད་དུ་མི་རུང་བའི་
རྒྱུ་ཆ་ཞིག་ཏུ་སེམས།
༤གྱོན་ཆས་ཀྱི་ཁྱད་པར།
དགེ་ཆོས་རྒྱ་གར་དུ་མ་སླེབས་བར་དུ་བོད་གནའ་བོའི་གྲྭ་ཆས་དཀྱུས་མ་ཞིག་གྱོན་ཡོད་པ་ཚོད་དཔག་བྱེད་ཐུབ་མོད། རྒྱ་དཀར་དུ་འབྱོར་ནས་
མིའི་ནང་དུ་མི་འདྲེས་པས་གང་ཅིར་ཞིབ་འཇུག་བྱེད་སྐབས་དཀའ་ངལ་ཆེ་བ་དང༌། བོད་ནས་མཉམ་གྱོན་གྱི་གྲྭ་ཆས་དེ་དག་གིས་ཡུན་རིང་མ་འདང་
སྟབས། རྒྱ་གར་བའི་སྲོལ་རྒྱུན་གྱི་གྱོན་ཆས་པུས་མོའི་ཚིགས་བར་དུ་སླེབས་པ་དེ་འདྲ་ཞིག་གམ། ཡང་ན་ལ་དྭགས་སོགས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་
སྐྱེས་པའི་གྱོན་ཆས་བརླ་སྒང་གཡས་གཡོན་གཉིས་སུ་ཧྭ་བར་བཟོས་ཡོད་པ་ཞིག་གྱོན་མེད་དམ་སྙམ་སྟེ། རི་ཁས།"ན་བཟའ་རྒྱ་སྨུག་ལྷུག་ལྷུག་སྐ་རགས་
སྐེད་པའི་སྟེང་དུ་བཅིངས་པ་ཞིག་དང༌། རྒྱ་དཀར་ཞྭ་མོ་ཞིག་བཞེས་ཀྱིན་ཡོད་འདུག"ཅེས་བཤད་པ་ལས་མཐོང་ཐུབ་ལ། རཀ་རས།"ན་བཟའ་
བཞེས་སྟངས་ནི་སྨད་ཕྱོགས་པ་མང་བོའི་གྱོན་སྲོལ་ལྟར། སྐུ་རགས་དཔྱི་སྟེང་ནས་ལ་མ་ལུག་ཏུ་གསོལ་བ།"ཞེས་པ་ལས་མཐོང་བ་ནི། སྐབས་འགར་ཨ་
མདོའི་རས་ལྭ་"དབུས་གཙང་བས་ཕྱུ་པ་"ལ་སྐ་རགས་ཀྱང་ཨམ་བཅིངས་བྱས་ཡོད་པ་ཤེས་ཐུབ། མི་རྒན་ཤེར་རྒྱམ་གྱིས།"རས་རྒྱ་སྨུག་གི་ཕྱུ་པ་གྱོན་
པ་ཞིག་འདུག"ཅེས་དང༌། "སྐབས་དེའི་ཁོང་གི་ན་བཟའ་བཞེས་ལུགས་ནི་ཐེར་མ་རྫ་སྨག་རྙིང་སོང་གིཕྱུ་ཆེན་རྐུབ་སུལ་ཕྲན་བུ་བསྡུས་པ་དང༌།
འཇུར་རྟ་ཡུ་རིང་སེར་པོ་རྙིང་སོང༌། དབུ་ཞྭ་ཚེ་སྐྱིན་ཁེབས་ཕྱིང་པ་ལི་ཧང་མདོག་ལ་པགས་པ་ཟད་དོ་རྙིང་སོང་ཞིག་བཅས་མནབས་ཤིང༌།"ཞེས་
དང༌། རཀ་རས།"ན་བཟའ་ཕྱུ་བ་རང་རེད། ན་བཟའ་མཆོད་སྟངས་དེ་ཨ་མདོའི་མཆོད་སྟངས་དཔྱི་མགོའི་སྒང་དེར་ལྷ་གེ་ལྷུག་གེ་ཞིག་གྱོན་པ་མི་
ཡོང་བས་དེ་འདྲ་ཞིག་མཆོད་ནས་བཞུགས་ཀྱི་རེད། སྣང་ར་དགེ་འདུན་བཟོད་པས། "ལྷ་སར་ཕེབས་དུས་ཤུ་རྩི་གྲུལ་གྱི་ཕྱུ་པ་རིང་བོ་ཞིག་དང་མགོ་
ལ་ཨོ་མོ་སུ་ཡི་ཞྭ་མོ་གྱིན། ལག་རྟེན་རྒྱུགས་པ་རིང་པོ་ཞིག་བསྣམས་"ཞེས་དང༌། ཡང༌། "ཕྱུ་བ་རིང་པོ་ཐེབས་ཆག་དེ་འདྲ་ཞིག་གྱོན་གྱི་རེད།
འཇུ་རྟ་རུ་སུའི་འཇུ་རྟ་ཡུ་བ་རིང་བོ་དེ་འདྲ་ཡོད་པ་གྱོན་ནས་འགྲོ་བསྡད་ཀྱི་རེད།"ཅེས་དང༌། རཀ་རས། "རས་མདོག་གིས་རྒྱབ་ཤ་བྱས་པགས་
ཚག་(རྩག)ཞིག་བཞེས་ནས།"ཞེས་དང༌། སྣར་སྐྱིད་ངག་དོན་གྱིས། "ཕྱི་ལོགས་ནས་བལྟས་ན་སྤྲང་བོ་སྨྱོན་པ་འདྲ་བོ་རེད།"ཅེས་སོགས་ལ་སྤྱི་
བསྡོམས་ཀྱིས་བལྟས་ན་མཁས་དབང་དགེ་ཆོས་ཀྱི་ན་བཟའི་ཁྱད་པར་རྣམས་མཐོང་ཐུབ་པར་མ་ཟད། དེ་སྐབས་ཁོང་ལ་བློ་མཐུན་སྙིང་ཉེ་ཡི་བུ་སློབ་དང་
གཉེན་ཉེ་གྲོགས་མཆེད་ཡོད་མེད་གང་ལྟར་ཡང༌། ཁམས་གཙང་གི་གྱོན་ཆས་ཤིག་ཀྱང་མ་རག་པར་སྤྲང་འཁྱམས་བྱེད་བཞིན་པའི་ཆེས་མཐའ་མཇུག་
གི་མི་ཚེའི་རང་མདངས་དངོས་གནས་པ་དེ་གསར་རྗེན་དུ་མཐོང་ཐུབ་པ་ཡིན། དེར་བརྟེན་དགེ་ཆོས་ཀྱི་སྐོར་འབྲི་མཁན་ཚང་མ་གཅིག་མཐུན་གྱིས་
རྟག་པར་ན་བཟའ་མི་གྱོན་པར་ཀམ་པ་ལི་ཞིག་གྱོན་ཡོད་པར་བྲིས་པ་དེའང་མ་འབྱོར་བ་ཁོ་ན་ལས་ཀམ་པ་ལི་ལ་ཐུགས་དགྱེས་དྲགས་པས་ཨེ་ཡིན་སྙམ་
པའི་ཚོར་བ་ཞིག་ཀྱང་རང་ཤུགས་ཀྱིས་སྐྱེས་སོ།།
རྩོམ་ཁུངས།