གཟིའི་བུ་ག་ལས་བརྡོལ་བའི་རོལ་དབྱངས་ཀྱི་འགྱུར་ཁུགས།

           __གཟི་མིག་གསུམ་པའི་སྙན་ངག་གླེང་བ།
   གཟི་མིག་གསུམ་པར་མིག་གསུམ་པ་ཞིག་ཡོད་ཅིང་།   དེ་ནི་དེང་རབས་བོད་ཀྱི་སྙན་ངག་པའི་ཁྲོད་ཁོ་གཅིག་པོར་མ་གཏོགས་མེད་པའི་ཤེས་རབ་ཀྱི་མིག་ཅིག་ཡིན་ལ།  ཁོས་ཤེས་རབ་ཀྱི་མིག་དེ་བགྲད་ནས་ཆེས་རྒྱུན་ལྡན་གྱི་བྱ་དངོས་ཁྲོད་ན་མཛེས་སྡུག་གི་གནས་ལུགས་གཞན་ཞིག་འཚོལ་བཞིན་ཡོད།  དེའང་ལྟ་བ་ཞིག་སྟེ།   རང་བཞིན་གྱིས་གྲུབ་པའི་ཆོས་རྡུལ་ཙམ་ཡང་མེད་པའི་ལྟ་བ་དེ་ཡིན།  མདོར་བསྡུས་ན་དེ་ཡང་སྙན་ངག་ཅིག་སྟེ།  གཟི་མིག་གསུམ་པའི་རྨི་ལམ་དུ་རྟག་ཏུ་འཁོར་ཞིང་སྨྱུག་རྩེ་ན་ག་ལེར་འགུལ་བཞིན་པའི་ཐེར་ཟུག་གི་སྙན་ངག་ཅིག་ཡིན།
   ཁོ་ད་ལྟ་སྙན་ངག་གི་ཞི་གནས་ལ་སྙོམས་པར་འཇུག་བཞིན་ཡོད་ཅིང་།  ཁོས་མི་འགྱངས་པར་རང་ཉིད་ཀྱིས་འཚོལ་བཞིན་པའི་སྙན་ངག་སྟེ།   བདེན་གྲུབ་ཀྱིས་སྟོང་བ་འཇལ་བའི་ལྷག་མཐོང་ལ་དངོས་སུ་རོལ་མྱོང་བྱ་ཐུབ་ཀྱི་རེད།   དེ་ནི་སྙན་ངག་པའི་མཐར་ཐུག་གི་གནས་མལ་ལམ།  སྙན་ངག་གི་དག་ཞིང་ཡང་རེད།
   ད་ལྟའི་སྙན་ངག་པ་དང་སྙན་ངག་སྤྱིའི་གནས་བབ་ལ་བལྟས་ན།  འཇིག་རྟེན་འདིའི་ཕྱི་ནང་གི་བྱ་དངོས་དག་ལ་ཁ་ཕྱོགས་ནས་དགའ་སྐྱོ་ཆགས་སྡང་གི་ཡིད་འགྱུར་སྣ་ཚོགས་བརྗོད་བྱར་བྱས་ཤིང་།   རྗོད་བྱེད་ཀྱི་ཐབས་ལམ་འདྲ་མིན་གྱིས་དེ་དག་ཕྱིར་མཚོན་བྱས་ཡོད་པ་ནི་རང་གཞན་རྒྱལ་ཁབ་དང་མི་རིགས་མང་བོའི་སྙན་ངག་པའི་ཁྲོད་དུའང་མཚན་མོའི་སྐར་ཚོགས་བཞིན་བགྲང་གིས་མི་ལང་བས།   དེ་ཙམ་གྱི་ཁྱད་ཆོས་ལས་མེད་ཚེ་ངས་འདིར་གཟི་མིག་གསུམ་པ་ཁོ་རང་དམིགས་སུ་བཀར་ནས་གླེང་དགོས་པའི་རྒྱུ་མཚན་ཡེ་ནས་མེད་དོ།།ཡིན་ནའང་གཟི་མིག་གསུམ་པས་བྲིས་པའི་སྙན་ངག་ཕལ་ཆེ་བར་མི་རིགས་གཞན་གྱི་སྙན་ངག་པའི་སྨྱུག་རྩེར་ནམ་ཡང་ཐོན་དཀའ་བའི་བོད་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཏེ།   བརྗོད་བྱ་དང་རྗོད་བྱེད་གཉིས་ཀའི་ཆ་ན་བོད་བརྒྱུད་མཚན་ཉིད་རིག་པའི་ལྟ་གྲུབ་ཀྱིས་ཆུ་ལ་ཆུ་བཞག་པ་ལྟར་དུ་ཡོངས་སུ་ཟིན་ནས་ཡོད་པ་དང་།   དེ་བཞིན་འདི་ལྟ་བུའི་སྙན་ངག་དེང་རབས་བོད་ཀྱི་སྙན་ངག་གི་ཁྲོད་ནའང་ཉིན་མོའི་སྐར་མ་བཞིན་ཧ་ཅང་དཀོན་པའི་ཕྱིར་ན།    ང་ཚོས་ངེས་པར་དུ་གདེང་འཇོག་དང་དོ་སྣང་བྱ་དགོས་པ་ཞིག་རེད།
   ཁོའི་སྙན་ངག་《དབྱངས་ཅན་མའི་ཞལ་གཟིགས།》དང་《ཀེང་རུས་ལ་ལྟ་བ།》གཉིས་ལ་མཚོན་ན།    རྗོད་བྱེད་ཀྱི་ཚིག་དེ་ཧ་ཅང་གོ་སླ་བ་ཞིག་ཡིན་ནའང་།   གང་བརྗོད་པར་འདོད་པའི་བརྗོད་བྱའི་སྙིང་བོ་དེ་ཉིད་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་མཚོན་ཐབས་ཤིག་གིས་ཀློག་པ་བོའི་སེམས་ཁམས་སུ་གསོན་ཉམས་ལྡན་པར་བསྟན་འདུག     སྙན་ངག་དེ་གཉིས་ལ་ཐོག་མར་བལྟས་ཚེ་ཚིག་ཁ་གསལ་ཞིང་དོན་གོ་སླ་བའི་ཧ་ཅང་སྤྱིར་བཏང་ཞིག་ཏུ་སྣང་ནའང་།   ཞིབ་ཏུ་བཀླགས་ཚེ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་ནི་གང་བརྗོད་པར་འདོད་པའི་བརྗོད་བྱ་དེ་ཉིད་བོད་རྒྱུད་མཚན་ཉིད་རིག་པའི་བྱང་ཁོག་བརྒྱུད་ནས་གཏིང་ཟབ་པར་བསྟན་ཡོད་པ་ཞིག་རེད་འདུག
དེ་བཞིན་ཁོའི་སྙན་ངག་ཚང་མར་དམིགས་བསལ་གྱི་འབྲི་ཐབས་ཐུན་མོང་མ་ཡིན་པ་རེ་ཡོད་དེ།  《བསྐལ་བ་སྟོང་དུ་འབྲི་བའི་སྙན་ངག》དང་《བློ་བཟང་གྲགས་པ།   བོད་མིའི་ཚད་ཤིང་།》ལྟ་བུར་མཚོན་ན།   སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དངོས་སམ་དེ་དག་གི་སྣང་ཚུལ་གཞིར་བྱས་ཏེ་སོ་སྐྱེ་ཕལ་བ་ཞིག་གི་ཚུལ་དུ་བྲིས་ཏེ།   “ཕོ་བྲང་ནང་རོལ་གྱི་ལོངས་སྤྱོད་ལ་ཞེན་པ་ལོག་པའི་ཁྱད་འཕགས་ཀྱི་བསམ་བློ་དེས།”  ཞེས་དང་།  “ཞི་དུལ།……གནས་ལུགས་ཀྱི་ཡང་རྩེར་སླེབས་པ”ཞེས་བརྗོད་ཚེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཞིག་གི་ངོས་ནས་ཆེས་སྤྱིར་བཏང་བ་ཞིག་ཡིན་ཡང་།   སོ་སྐྱེ་ཕལ་བ་ཞིག་གི་ཐད་ནས་ཆེས་བླ་མེད་ཀྱི་ཡོན་ཏན་གླེང་རིན་ལྡན་པ་ཞིག་ཡིན་པར་བསྟན་འདུག
    ད་དུང་《རང་སེམས་འོད་གསལ་གྱི་མཆོད་པ།》 ཞེས་པར་གསལ་བྱེད་སུམ་ཅུ་ནི་“ངའི་ཚེ་གང་གི་ལམ་རྒྱགས་ཡིན།   མིག་ཟུང་ཡིན།      འོད་སྣང་ཡིན།   ཡོད་ཚད་ཡིན།” ཞེས་བརྗོད་ནས་གསལ་བྱེད་སུམ་ཅུའི་རིན་ཐང་དང་དེའི་རྩ་ཆེ་བའི་རང་བཞིན་གླེང་སྟེ།   དེ་མེད་ཚེ་ཁོ་ལ་ཅི་ཡང་མེད་ཅིང་།   ཅི་ཡང་མི་ནུས་པ་ཞིག་ཡིན་པ་བསྟན་ཡོད་པ་དང་།    དེ་ལས་བོད་རིགས་དང་གསལ་བྱེད་སུམ་ཅུའི་འབྲེལ་བའང་ཞོར་ནས་བསྟན་ཡོད་ལ།   དེའི་ཕྱིར་གཞན་ཅི་ཡང་མ་གླེང་བར་ཀ་ཁ་སུམ་ཅུ་ཙམ་བསླབས་པའི་བཀའ་དྲིན་དེ་ནི་གཞན་གང་གིས་ཀྱང་མཚོན་པར་མི་ནུས་ཤིང་གང་ལས་ཀྱང་རབ་ཏུ་ལྷག་པ་ཞིག་ཏུ་ངོས་འཛིན་བྱས་ནས།   ཀ་ཁ་སུམ་ཅུ་ཁྲིད་མཁན་ནི་རྩ་བའི་བླ་མ་དང་ཁྱད་མེད་ཡིན་ཞེས་པའི་བོད་མིའི་སྲོལ་བཟང་ངག་རྒྱུན་དེའི་བདེན་དོན་ར་སྤྲོད་བྱས་ཡོད་པ་རེད།   དེ་ལྟར་སྙན་ངག་འདིའི་ནང་དུ་ཡང་ཆེས་རྒྱུན་ལྡན་ཞིག་བྲིས་ཏེ་ཆེས་རླབས་ཆེན་གྱི་གནས་ལུགས་ཤིག་གོ་བར་བྱས་འདུག
ད་དུང་“སྙན་ངག་ཆོས་ཅན།    སྙན་ངག་ཡིན་པར་ཐལ།   སྙན་ངག་ཡིན་པའི་ཕྱིར།”  ཞེས་པའི་སྙན་ངག་གི་འབྲི་ཐབས་འདི་ཡང་ད་སྔ་ཡན་ཆད་དུ་བོད་ཀྱི་སྙན་གི་ཁྲོད་དུ་བྱུང་མ་མྱོང་བ་ཞིག་གོ།
    དེ་བཞིན་ལོ་རབས་དགུ་བཅུ་བ་ནས་ཉིས་སྟོང་གཅིག་དང་གཉིས་ཀྱི་ལོའི་གཡས་གཡོན་ལ་བྲིས་པའི་སྙན་ངག་ཕལ་ཆེ་བར་ཉིད་དང་རང་ཉིད་ཀྱི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་མཚོན་པའི་ནང་སེམས་ཀྱི་འགྱུར་བ་ཙམ་གཙོ་བོར་བརྗོད་ཡོད་ཀྱང་།   དེའི་ཕྱིས་སུ་བྲིས་པའི་སྙན་ངག་དག་ལ་ད་གཟོད་རང་ཚུགས་ཐུབ་པའི་ལྟ་བ་དང་ལྡན་ཏེ།   ཉེ་རིང་ཆགས་སྡང་གི་དྲི་མས་མ་གོས་ཤིང་།   སྣོད་བཅུད་དམ་ཕྱི་ནང་གི་བྱ་དངོས་ཀྱི་འགྱུར་བ་དེད་ནས་གཟུ་བོའི་བློ་གྲོས་ཀྱིས་དེ་དག་གི་མཐར་ཐུག་གི་གནས་ལུགས་གཙོ་བོར་བརྗོད་པའི་ལམ་དུ་ཁ་ཕྱོགས་འདུག་ཅིང་།    སྒྱུ་རྩལ་གྱི་ཆ་ནས་དོན་རྒྱན་དང་བསྡུས་བརྗོད་ལ་སོགས་པའི་མཚོན་ཐབས་རང་བཞིན་བཀོལ་ཏེ་ཡོད་པ་ནི་“སྙན་ངག་གི་ནམ་མཁའ”དང་“རྩིག་ལྡེབས་སུ་བཀལ་བའི་མེ་ལོང་ནང་གི་ནམ་མཁའ”ལྟ་བུ་སོགས་ཏེ།   མེ་ལོང་དང་དེའི་ནང་གི་ནམ་མཁའ་སོགས་བདེན་གྲུབ་ཡིན་མིན་དང་།  དེ་དག་གི་བར་དུ་མཚུངས་ཆོས་སོགས་སྦྱར་དུ་ཡོད་མེད་ནི་འདིར་དམིགས་བསལ་གྱིས་བརྗོད་ན་འདི་ལྟར་ཡིན་ཏེ།   “རྩིག་ལྡེབས་སུ་བཀལ་བའི་མེ་ལོང་དེ་ལས་སྐར་ཚོགས་ཀྱིས་སྟོངས་པའི་ནམ་མཁའ་ཞིག་མཐོང་བྱུང”ཞེས་པ་ནི་རྩིག་ལྡེབས་སུ་སྟེ།    རང་བཞིན་འོད་གསལ་ཡིན་པའི་སེམས་ངོས་སུ་བཀལ་བའི་མེ་ལོང་སྟེ།    ཕྱོགས་ཞེན་དང་ཆགས་སྡང་གི་དྲི་མས་བཏང་ཞིང་སྣོད་བཅུད་ཀྱི་བྱ་དངོས་མཐའ་དག་གམ་དེ་དག་གི་གནས་ལུགས་དག་ལྷམ་མེར་འཆར་ནུས་པའི་ཚད་མ།    དེ་ལས་སྐར་ཚོགས་ཀྱིས་སྟོངས་པའི་ནམ་མཁའ་ཞིག་མཐོང་བྱུང་བ་སྟེ།   ཆོས་ཀུན་དོན་དམ་པར་བདེན་མེད་དུ་སྣང་བའི་གནས་ལུགས་མཐོང་བྱུང་ཞེས་བརྗོད་ཡོད་པ་སྟེ།    ནང་སེམས་ཀྱི་འགྱུར་བ་ཕྱི་དངོས་པོའི་རྣམ་པས་མཚོན་པར་བྱས་ཡོད་པ་དང་།   དེ་ཡང་རང་དགར་མཚོན་པ་ཙམ་མིན་པར།    དམིགས་བསལ་གྱི་མཚུངས་ཆོས་ཡོད་པ་དག་གོང་འོག་སྒྲིག་ཡོད་པ་རེད།    རྩིག་ལྡེབས་སུ་ཅི་ཞིག་བཀལ་ཡང་ཆོག་པ་བཞིན་སེམས་ངོས་སུའང་ཅི་ཞིག་ཡིན་ཡང་འཆར་རུང་བ་དང་།   མེ་ལོང་ནི་མིའི་ལུས་སྟེང་གི་བཙོག་པ་བསལ་ཏེ་ཡག་བཏོད་བྱེད་དུ་སྤྱོད་པ་བཞིན།    ཚད་མ་ནི་མ་རྟོགས་ལོག་རྟོག་ཐེ་ཚོམ་སོགས་ཀྱི་འཁྲུལ་བ་བཅད་དེ་གནས་ལུགས་ཡང་དག་འཚོལ་བྱེད་ཅིག་ཡིན་པ་ངོ་གསལ་བོ་སྤྲད་འདུག  
    རྗོད་བྱེད་ཚིག་གིས་བརྗོད་བྱ་སྟོན་སྟངས་ཀྱི་ཆ་ནས་ཀྱང་།   ཐད་གར་དུ་ཁ་བརྡ་བྱས་པ་ལྟ་བུའི་དེང་དུས་ཀྱི་སྙན་ངག་ཕལ་མོ་ཆེ་དང་མི་འདྲ་བར།   “གང་ལྟར།   ངས་དཔྱིད་མགོའི་མེ་ཏོག་བཞད་སྟངས་ལས་ཁྱོད་རང་མཐོང་གི    གང་ལྟར།   ངས་སྟོན་ཁའི་ལོ་འདབ་འཐོར་ཚུལ་ལས་ཁྱོད་རང་དྲན་གི”ཞེས་སེམས་ལྡན་གྱི་ཚོར་བ་དེ་སེམས་མེད་ཀྱི་དངོས་པོའི་རྣམ་འགྱུར་གྱིས་མཚོན་པར་བྱས་ཡོད་ལ།   དེ་ཡང་མཚོན་པར་བྱས་པ་ཙམ་མིན་པར་ནང་སེམས་ཀྱི་འགྱུར་བ་དང་ཕྱི་དངོས་པོའི་རྣམ་པ་གཉིས་ཟུང་འབྲེལ་དགོས་བརྗོད་བྱ་གཞན་ཞིག་མི་མངོན་པའི་ཚུལ་གྱིས་གསོན་ཉམས་ལྡན་པར་བསྟན་ཡོད་པ་རེད།   
   “ཇོ་ནང་བ།   བསྐལ་བ་སྙིགས་མའི་དུས་འདིར།   རབ་ཡིན་ན་ཁྱེད་དང་ཁྱེད་ལྟ་བུའི་སྐྱེས་ཆེན་ཚོ་འཇིག་རྟེན་འདིར་སླར་མི་འབྱོན་པར་ཞུ།”ཞེས་ཀུན་གྱིས་སླར་འབྱོན་པར་གསོལ་བའི་ལྡོག་ཕྱོགས་ནས་བརྗོད་ཡོད་ཀྱང་།   ཚིག་འདིའི་ནང་དུ།   བསྐལ་བ་སྙིགས་མའི་དུས་ཀྱི་མི་ཚང་མས་སྐྱེས་ཆེན་སྐྱེས་ཆེན་ཡིན་པར་ངོས་མི་ཟིན་ཅིང་།   ལེགས་ཉེས་བླང་དོར་གྱི་གནས་ལུགས་ལ་དེ་བས་ཀྱང་རྨོངས་པ་དང།   སྐྱེས་ཆེན་དེ་དག་ཕྱིར་ཕེབས་ནའང་ཀུན་ལ་ཕན་ཐོགས་དཀའ་བའི་ཚབས་ཆེའི་གནས་སྟངས་བརྗོད་དེ།    ངེས་པར་མྱུར་དུ་སླར་ཡང་འབྱོན་དགོས་པའི་ཚུལ་ཤུགས་སུ་བརྗོད་ཡོད་པ་རེད།
   ད་དུང་རྗོད་བྱེད་ཀྱི་ཆ་ནས་“རོལ་དབྱངས་ལྟ་བུའི་བདུད་རྩི”དང་“རྨི་འཕྲུལ”“འདར་གྱིན་པའི་མེ་ཏོག”“སྟོང་བསམ་གྱི་རོལ་རྩེད”“མཛེས་སྡུག་གི་དགག་གཞི”“དུངས་ཞེན་གྱི་བཙོན་ར”སོགས་གསོན་ཉམས་ལྡན་པའི་ངང་ནས་སྡེབ་སྦྱོར་བྱས་པའང་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་འབྲི་ཐབས་ཤིག་ཏུ་སྣང་ངོ་།།
    གཟི་མིག་གསུམ་པས་“སྙན་ངག་ནི་ངག་གི་སྒྱུ་རྩལ་འབའ་ཞིག་ལས་འགོངས་ཏེ་ཕྱི་དངོས་པོའི་བྱེད་རྩོལ་འཕོ་འགྱུར་གྱི་སྒྱུ་རྩལ་དང་ནང་སེམས་བྱུང་རྣམ་རྟོག་འཁྲིགས་པའི་སྒྱུ་རྩལ་སོགས་སྣང་ཞིང་སྟོང་ལ་བདག་ཏུ་མ་ངེས་པའི་གནས་ལུགས་མཐའ་དག་སྒྱུ་རྩལ་གྱི་ངོ་བོར་འཕོས་པ་ལྟ་བུ་ཞིག་སྟེ།   གྲྭ་བས་བཀླགས་ན་ཆོས་ཀྱི་དེ་ཉིད་རྟོག་རྒྱུ་ཡོད་ཅིང་སྐྱ་བོས་བཀླགས་ན་འཇིག་རྟེན་གྱི་བྲོ་བ་མྱང་རྒྱུ་ཡོད་པ་ཞིག་གོ།”ཞེས་བརྗོད་པ་བཞིན།  ཁོའི་ནང་སེམས་ཀྱི་འགྱུར་བ་དང་ཕྱི་དངོས་པོའི་སྣང་ཚུལ་དག་གནས་ལུགས་ཤིག་གི་ངོ་བོར་དབྱེར་མེད་འདྲེས་ནས་བསྡད་ཡོད་པ་ནི་ཁོའི་སྙན་ངག་གི་ཁྱད་འཕགས་སྒྱུ་རྩལ་དང་ཉམས་མེད་ཀྱི་བླ་སྲོག་རེད།    དེ་ཡང་“སུས་ཀྱང་མ་མཐོང་བའི་རྒྱུན་ལྡན་གྱི་བྱ་དངོས་སྣ་ཚོགས་པ་རྣམས།    མཛེས་སྡུག་གཞན་ཞིག་གི་ངོ་ངོར།   གསང་སྟབས་ཀྱིས་མཐོང་གིན་འདུག”པ་དེའམ།   “རྩིག་ལྡེབས་སུ་བཀལ་བའི་མེ་ལོང”ནང་གི་“ནམ་མཁའ”དེ་ཡིན་ནོ།།
དེ་བཞིན་《དྲན་པའི་ལེའུ།》དང་《རྣམ་ཤེས་ཀྱི་ལེའུ།》《དབྱངས་ཀྱི་ལྷ་མོ།》སོགས་ཀྱི་གཏིང་རིམ་ན་དལ་བུར་འགུལ་བཞིན་པའི་གནས་ལུགས་དེ་ནི་ཁོའི་སྙན་ངག་གི་བླ་སྲོག་རེད་དོ།།
   དེ་ལྟར་སྙན་ངག་པས་ང་ཚོར་ཁོས་སྙན་ངག་གི་ཀློང་རིམ་མྱུལ་ནས་གཞན་དང་མི་འདྲ་བའི་སྙན་ངག་གི་བླ་སྲོག་ཅིག་གསར་དུ་རྙེད་ཡོད་ཚུལ།  “རོལ་དབྱངས་ལྟ་བུའི་བདུད་རྩིའི་ཐིགས་པ་ཁ་ཤས་དཀར་གཙང་གི་ཉལ་གོས་དེའི་བར་གསེང་དུ་འཐོར་བྱུང”ཞེས་བརྗོད་དེ།   ཉེ་རིང་ཆགས་སྡང་སོགས་ཀྱི་དྲི་མས་མ་གོས་པའི་བསམ་གཞིག་སྟེ།___དཀར་གཙང་གི་ཉལ་གོས་དེའི་བར་གསེང་དུ་རོལ་དབྱངས་ལྟ་བུའི་བདུད་རྩི་སྟེ།___ལུས་སེམས་མྱོས་པར་བྱེད་པའི་གནས་ལུགས་ཟབ་མོ་དག་འཐོར་བྱུང་བ་སྟེ།___སྔར་མ་རྙེད་པ་ཞིག་གསར་དུ་རྟོགས་པར་བརྗོད་ཡོད་པ་བཞིན་ནོ།།
                      (ཁ་བྱང་ཆུང་ངུ་དེ་ངེད་དྲ་བས་བཏགས་པ་ཡིན)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཟིའི་བུ་ག་ལས་བརྡོལ་བའི་རོལ་དབྱངས་ཀྱི་འགྱུར་ཁུགས།

2011-09-01 ཉི་ཐིག༼ཟི་ཁྲོན༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།