རེ་རྐང་གླིང་གི༼སྒྲོལ་མའི་གཉིད་ལབ༽ཀྱི་ཕྲན་བཤད།
ན་གཞོན་སྙན་ངག་པའམ། སྒྲུང་གཏམ་པ། རི་མོ་བ། སྙན་ངག་པའི་མི་རབས་གསུམ་པ་ལས་འཇོན་ཐང་ཡག་ཤོས་ཀྱི་སྐྱེས་བུ། སྣ་འཛོམས་ཤེས་ཡོན་པ་ཞིག་གི་ཁྱད་ཆོས་འབུར་དུ་དོད་པ། རེ་རྐང་གླིང་བའི་སྒྲུང་རྩོམ་ལ་ཁྱད་ཆོས་གཞན་དང་བསྡུར་ཐབས་མེད་པའི་རྒྱུ་མཚན་ཡོད་འདུག ༼སྒྲོལ་མའི་གཉིད་ལབ༽ཞེས་པ་དེ་ནི་རྟོགས་པའི་ལྗོངས་ངོས་རྩེག་རིམ་དུ་ཤར་ནས་རྫོགས་མཐའ་མེད་པའི་འཇིག་རྟེན་བྱ་བའི་བར་དོ་ཞིག་ངོ་སྤྲོད་བྱས་ཡོད་པ་ནི་འདབ་མ་སྟོང་ལྡན་གྱི་མི་སེམས་བསྟར་ཕྲེང་མ་ཞིག་ཏུ་འདོད། གཏམ་རྒྱུད་ཀྱི་འགོ་རྐང་མཐའ་དག་སྙན་ཚིག་གི་བཞིན་ཉམས་ཆེ་བའི་ཚིག་འགྲོས་ཀྱིས་སྤུད་པ། བྱུང་རིམ་འདི་ནས་འགོ་བརྩམ་པ་དེ་མཇུག་བསྡུ་བའི་སྐབས་སུ་སླར་ཡང་ལྡོག་ངོས་གཞན་ཞིག་ཏུ་འགྱུར་བ་སོགས། སུས་ཀྱང་མ་བྲིས་པའི་ཡིད་ལྗོངས་དེ་དངོས་ཡོད་འཚོ་བའི་གཏོར་བཤིག་ཁོ་ནའི་སྒྲོམ་གཞི་ལས་ཡོངས་སུ་མ་འཁྲུག་ཅིང་། ཡིན་སྲིད་པའི་གཉིད་ལམ་དེ་ཉིད་མིན་སྲིད་པའི་ཀློག་མཁན་གྱི་གདེང་ཚོད་ནས་ཡང་ཡང་འགས་གཏོར་བྱས་ཏེ་དེ་ཉིད་ལས་འཇིག་རྟེན་གཞན་ཞིག་གི་ཡོལ་བ་ཕྱེས་སོང་། ཁོར་ཡུག་གི་རྭ་ལྡོམ་དག་ལན་པ་མིན་ན་ད་དུང་འཚོ་བའི་ལང་ཚོ་ནི་ཕྱུགས་ཆུང་མ་ཞིག་ཡིན་འོས་མོད། ད་ནི་སྙིགས་མར་འགྱུར་བའི་གྲུ་ག་འདི་དག་ནས་སེམས་ཁྲལ་ལྟ་བུའི་གནད་དོན་གང་མང་ཞིག་ཁྱིམ་ལུད་ལྟར་ཀླད་པའི་མཚོག་མ་ནས་ཡོངས་སུ་སྤུངས་ཏེ་བཀབ་ཟིན་པས། སེམས་ཡན་གྱི་ལྡེམ་འགྲོས་དེ་རིང་ནས་རིང་དུ་ཕྱིན་ཞིང་། དགུ་ཚིགས་ཀྱི་སྐར་མ་གླེང་བ། ཐུང་ནས་ཐུང་དུ་ཕྱིན་པ། རུམ་ཁ་ཙམ་དུ་ལུས་ཏེ་སྒེར་གཤིས་ཀྱི་སྐད་ཆར་འགྱུར་བ། གཉིད་ལབ་འདི་དག་ནི་འཇིག་རྟེན་ལྷིང་འཇགས་ནས་སྐྱེས་པའི་ཚེར་སྡོང་ཇི་བཞིན་མལ་ཁྲིའི་མཐའ་བཞི་ཁོ་དྲུག་ནས་སྐྱེས་བྱུང་། ཕོ་མོའི་བར་གྱི་འགོག་མེད་སྣང་བའམ། རང་བྱུང་གི་རྩི་བཅུད་དེ་གོས་སྐུད་འཁེལ་བ་ཇི་བཞིན་ཀློག་མཁན་གྱི་རྐང་བའི་འཐེབ་རྒན་ལ་བཏགས་ཡོད་པ། སྐབས་དང་སྐབས་སུ་ཚིག་འགྲོས་ཀྱི་དགོས་མཁོ་ལྟར་འཐེན་སྲིད་པ། དེ་ཡང་ཁོང་གི་གཏམ་རྒྱུད་འདིའི་ཁྱད་ཆོས་ཤིག་ཏུ་འདོད། སྤྱི་ཚོགས་ཀྱི་ངན་ངོན་འགལ་འདུ། ཉ་ཉོག་སྣང་བའི་ཕོག་ཐུག་གི་བླང་དོར་ཟེར་བ་དེ་ཚོ་ཞིབ་ཚགས་ངང་ཀློག་མཁན་རང་གིས་མྱོང་དགོས་པ་ལགས། གཏམ་རྒྱུད་ད་དུང་མཇུག་མ་རྫོགས་པའི་སྐབས་གླགས་དེར་འབྲི་མཚམས་འཇགས་པ། དེ་ནི་ད་དུང་ཀློག་མཁན་གྱི་སྣང་བའི་ལྡེབས་སུ་གློག་མ་ཟིམ་པར་བརྩི་འཇོག་གི་དགོས་མཁོར་གོ་ན་ཆོག་གོ།
༢༠༡༡ ༥ ༡༩
རྩོམ་ཁུངས། བསམ་གཏན་གྱི་ཟིན་བྲིས།