འགྲོ་བ་མིའི་རིགས་ས་སྒང་རིལ་མོ་འདིའི་སྟེང་བྱུང་ཞིང་འཕེལ་བའི་ལོ་རྒྱུས་ཀྱི་རྟ་ཟམ་རེ་རེའི་ཁྲོད་དུ།མི་དང་རང་བྱུང་ཁམས་དབར་གྱི་འབྲེལ་བ་དང་།མི་དང་སྤྱི་ཚོགས་དབར་གྱི་ འབྲེལ་བ།མི་དང་མིའི་དབར་གྱི་འབྲེལ་བ།མི་དང་མིའི་བདག་ཉིད་དབར་གྱི་འབྲེལ་བ་ བཅས་མཚོན་པའི་གཏམ་རྒྱུད་དང་ངག་སྒྲུང་།རྣམ་ཐར་དང་རྟོགས་བརྗོད།ལོ་རྒྱུས་སྙན་ རྩོམ་དང་མགུར་གླུ དེ་མིན་བརྩམས་སྒྲུང་དང་ལྷུག་བརྗོད།སྙན་ངག་སོགས་ལུ་གུ་བརྒྱུད་དུ་མུ་འབྲེལ་བསྟར་ཆགས་སུ་བྱུང་ཡོད་ལ།རྩོམ་ལུས་སྣ་མི་འདྲ་བ་རེ་རེར་ཡང་དེ་བསྟུན་གྱི་ སོ་སོ་བྱུང་ཞིང་འཕེལ་བའི་ལོ་རྒྱུས་རེ་ཡོད་པ་ནི་སྨྲ་མི་དགོས།ལྷག་དོན་དེང་སྐབས་གཙོ་ རྒྱུགས་རྩོམ་ལུས་སུ་གྲུབ་ཚར་བའི་བརྩམས་སྒྲུང་ཡང་དེ་ག་རང་ལས་མ་འདས་སྙམ།རྒྱའི་བརྩམས་སྒྲུང་དཔྱད་བརྗོད་མཁན་ཚོ་བུན་ཞོན(曹文轩)ནས་བཤད་རྒྱུར“མི་རིགས་སོ་སོར་རང་ཉིད་ཀྱི་དངོས་ཡོད་འཚོ་གནས་དང་ཁ་འཕྲོད་པའི་བརྩམས་སྒྲུང་དང་དེའི་ལོ་རྒྱུས་ངེས་པར་ཡོད”ཅེས་དང་ཡང་“བརྩམས་སྒྲུང་ནི་མི་རིགས་ཕན་ཚུན་གཞི་རྩའི་སྟེང་འགྲོ་འོང་གི་འབྲེལ་བ་མ་གྲུབ་ཅིང་།མི་རིགས་སོ་སོའི་རིག་གནས་དེ་ལྟོས་ བཅས་ཁ་རུབ་ཀྱི་(封闭)རྣམ་པར་གནས་སྐབས།ང་ཚོ་འཚོ་བཞེས་ཀྱི་སྤྱི་ཚོགས་འབྲེལ་བའི་ཁྲོད་དུ་གྲུབ་ནས་ཡོད།དེ་བས་བརྩམས་སྒྲུང་ནི་རིག་གནས་ཕན་ཚུན་བརྗེ་རེས་དང་བརྡབ་གསིག་གི་བྱས་འབྲས་མ་ཡིན་ལ།མི་རིགས་ཤིག་གིས་མི་རིགས་གཞན་ཞིག་ལ་ལད་ཟློས་བྱས་ཏེ་བྱུང་བ་ནི་གཞར་ཡང་ཡིན་མི་སྲིད།བརྩམས་སྒྲུང་ནི་མི་རིགས་དེའི་ཁྲོད་རང་སྟོབས(自发)ཀྱིས་བྱུང་བ་ཞིག་ཡིན།①”ཞེས་པའི་འབེལ་གཏམ་འདི་ནི་དེང་སྐབས་འོ་སྐོལ་བོད་ཀྱི་རིག་གནས་སྣང་ཚུལ་གང་རུང་དང་བསམ་ཤེས་ཀྱིས་སྦྱར་ན་ཧ་ཅང་འཕྲོད་འདོད།
ནུབ་ཕྱོགས་ལྟེ་བར་འཛིན་པའི(西方中心主义)རྔམ་ཟིལ་གྱི་ངོས་ནས་བཤད་ན།ནུབ་ཕྱོགས་ཀྱི་རིག་གནས་དེ་དམག་དོན་དང་དཔལ་འབྱོར།ཆབ་སྲིད།སྒྱུ་རྩལ་རྩོམ་རིག་བཅས་གཙོས་རིག་གནས་སྒྱུ་རྩལ་དང་འབྲེལ་བའི་རིག་ཚན་ཀུན་པོའི་ཁུངས་འཕེར་བདེན་དཔང་ལྟ་བུར་གྱུར་འདུག ནུབ་ཕྱོགས་ཀྱི་རིག་གནས་དེ་རིན་ཐང་ཐམས་ཅད་ལ་ཚད་གཞལ་བྱེད་ཀྱི་ཁྲེ་ཙེ་ལྟ་བུར་གྲུབ་འདུག ནུབ་ཕྱོགས་ཀྱི་གཞུང་ལུགས་དང་ལྟ་གྲུབ་གང་ང་ཚོའི་གཏམ་སྦྱོར་བྱ་འགུལ་གྱི་(话语活动)རྟེན་ཕུར་དུ་གྱུར་སྐབས།དཔལ་འབྱོར་གྱི་ངོས་ན་རྗེས་སུ་ལུས་པའི་རྒྱལ་ཁབ་དང་མི་རིགས་སོ་སོའི་རིག་ཚན་ཞིབ་འཇུག་པ་ཚོས།གཅིག་ནས་ནུབ་ཕྱོགས་ལྟེ་བར་འཛིན་པའི་རིག་གནས་ཀྱི་རྔམ་ཟིལ་ལ་ཞེད་པས་དང་།གཉིས་སུ་ན་སྔར་ཡོད་རང་ཉིད་ཀྱི་སྲོལ་རྒྱུན་རིག་གནས་ལ་དེང་རབས་རིག་གཞུང་གི་ཐབས་ལམ་བཀོལ་ནས་ཞིབ་ཏུ་འཇུག་རྒྱུའི་སྒོ་མ་རྙེད་པར་རྐྱེན་བྱས་ཏེ།རང་གི་ད་ཡོད་རིག་གནས་དེའི་ཁྱད་ཆོས་དང་ལོ་རྒྱུས་ཀྱི་དགོངས་པར་རྒྱབ་ཀྱིས་ཕྱོགས་ནས་ནུབ་ཕྱོགས་ཁོ་ནའི་རྗེས་སུ་འགྲོ་ལྡོག་བྱེད་ཀྱིན་མཆིས།
གོང་གསལ་ཕྱོགས་ལྷུང་གི་བཞེད་དགོངས་དེ་ལྟ་བུར་འགོག་སྨན་གྱི་གསོས་སུ་འགྱུར་རུང་བ་ནི།རང་གི་སྔར་ཡོད་སྲོལ་རྒྱུན་རྩོམ་རིག་ལ་འདྲིས་ཆ་མང་དུ་བཏང་ཐོག དེར་དེང་རབས་རིག་ཚན་གསར་བའི་ཐབས་ལམ་སྤྱད་དེ་སྲོལ་རྒྱུན་བརྩམས་སྒྲུང་གི་དགེ་སྐྱོན་ཡོད་རྒུ་སྒོག་པའི་ཤུན་པགས་བཞིན་ཕྱི་གསལ་ནང་གསལ་གྱིས་བཤུ་རྒྱུ་ནི་ཐབས་ཀྱི་དམ་པ་ལགས་ན། དེ་ལྟ་བུའི་ཀུན་སློང་གཙང་མས་ཐོག་དྲངས་ཏེ་འདིར་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་གསུང་རྩོམ《ལྷ་ཆོས་དང་མཐུན་པའི་གཏམ་པདྨའི་ཚལ་གྱི་ཟློས་གར་བཞུགས་སོ། །》ཞེས་པ་དམིགས་སུ་དགར་ནས་རང་བློས་ལྕོགས་ཚོད་ཀྱིས་གསུང་རྩོམ་འདིའི་སྒྱུ་རྩལ་མཚོན་ཐབས་སྐོར་ལ་དཔྱད་པ་ཅུང་ཙམ་སྤྲོ་པ་ལ།
གཅིག དཔེ་མཚོན་ཅན་དུ་བྱས་ཡོད་པ།
གོང་དུ་གླེང་ཟིན་པ་བཞིན་མི་རིགས་སོ་སོར་བརྩམས་སྒྲུང་བྱུང་འཕེལ་གྱི་ལོ་རྒྱུས་ཡོད་པ་གཞིར་བཞག་གི་སྟེང་དུ།བརྩམས་སྒྲུང་དེ་ཡང་དུས་དང་སྒྱུ་རྩལ་མཚོན་ཐབས།བསམ་བློའི་ནང་དོན་བཅས་ཀྱི་ཁྱད་གཞི་མི་འདྲ་བར་གཞིག་ནས་སྲོལ་རྒྱུན་དང་དེང་རབས།དེང་རབས་ཕྱི་མ་སོགས་སུ་དགར་གྱིན་མཆིས།སྲོལ་རྒྱུན་བརྩམས་སྒྲུང་དེ་ལ་ཡང་ནང་གསེས་ཀྱི་དབྱེ་བ་མང་དུ་དགར་རྒྱུ་ཡོད་པ་ནི་སྨྲོས་མ་དགོས། འདིར་དཔྱད་བྱར་གྱུར་བའི་གསུང་རྩོམ《གཏམ་པདྨའི་ཚལ་གྱི་ཟློས་གར》ནི་སྲོལ་རྒྱུན་བརྩམས་སྒྲུང་གི་ནང་གསེས་རབ་རྟོག་བརྩམས་སྒྲུང་གི་ཁོངས་སུ་གཏོགས་སྙམ།འོ་ན་ཅི་ཞིག་ལ་རབ་རྟོག་བརྩམས་སྒྲུང་ཟེར་ཞེ་ན།“རབ་རྟོག་བརྩམས་སྒྲུང་ནི་མི་མ་ཡིན་པ་སེམས་ལྡན་ནམ་སེམས་མེད་གང་རུང་ཞིག་བརྩམས་སྒྲུང་གི་བརྗོད་བྱར་བཀོད་ནས།དེ་དག་ལ་མིའི་བསམ་སྤྱོད་དང་འཚོ་བའི་ཁྱད་པར་སྦྱིན་ཞིང་མི་རུ་རྟོག་སྟེ།བྱུང་རིམ་དང་དོན་དག་ཅིག་གི་སྟེང་ནས་རྩོམ་པ་པོའི་བསམ་བློ་མཚོན་པར་བྱེད་པའམ་རྗོད་པར་བྱེད་པའི་བརྩམས་སྒྲུང་གི་ཐོག་མའི་རིགས་ཤིག་ལ་གོ་བ་ཡིན།②”ཞེས་པའི་མཐའ་སྡོམ་འདི་ལ་ཧ་ཅང་འཐད་པ་ཡིན།རང་རེ་བོད་དུ་དུས་རབས་བཅུ་དགུ་བ་ནས་བཟུང་སྲོག་ཆགས་ལ་སྦྱར་བའི་རབ་རྟོག་གི་བརྩམས་སྒྲུང་ཐུང་ངུ་མང་དུ་བྱུང་ཡོད་དེ།《གཏམ་པདྨའི་ཚལ་གྱི་ཟློས་གར》དང་《བྱ་སྤྲེལ་གཏམ་རྒྱུད》།《ཇ་ཆང་ལྷ་མོའི་བསྟན་བཅོས》།《གཡག་ལུག་ར་ཕག་གི་གཏམ་རྒྱུད》།《བསམ་ཡས་བྱ་དེ་དཀར་པོ》བཅས་ཡོད་ལ། རབ་རྟོག་བརྩམས་སྒྲུང་ཐུང་ངུ་འདི་དག་ལ་བོད་ཀྱི་ཟློས་གར་བརྩམས་ཆོས་ལྟར་དུ་གཏམ་རྒྱུད་ཀྱི་བྱུང་རིམ་ལ་མི་རིགས་གཞན་གྱི་བསྲེས་བསླད་མ་ཞུགས་པས་བོད་རྩོམ་རྣལ་མའི་དྲི་བསུང་འཐུལ་ལ།ཚུར་སྣང་བྱས་པའི་འཚོ་བ་རང་རེའི་མི་རིགས་ཀྱི་འཚོ་གནས་དང་ཁ་འཕྲོད་པས།བསམ་བློའི་བཅུད་ཀྱིས་བལྟམས་ནས་ཡོད་སྙམ།
རབ་རྟོག་བརྩམས་སྒྲུང་གིས་གཙོ་བོ་ཕྱི་རོལ་གྱི་སྲོག་ཆགས་ཤིག་སྨྱན་རྫས་སུ་བྱས་ཏེ་བརྗོད་དོན་མཚོན་གྱིན་ཡོད་ན།《གཏམ་པདྨའི་ཚལ་གྱི་ཟློས་གར》ལྟ་བུར་མཚོན་ནའང་།རྩོམ་པ་པོས་བརྗོད་འདོད་ཀྱི་སེམས་དོན་གང་ཞིག་པདྨའི་ཚང་ཚང་འཁྲིགས་པའི་སྐྱེད་མོས་ཚལ་དེ་ན་སྤྲང་རྩི་དོན་གཉེར་ལ་འབུངས་ཀྱིན་པའི་གསེར་སྦྲང་གཡུ་སྦྲང་ཁྱོ་ཤུག་གཉིས་ཀྱི་སྟེང་འཕོས་སུ་བཅུག་ནས་མངོན་པར་མཚོན་ཡོད། རྩོམ་པ་པོར་དངོས་བརྒྱུད་ཀྱི་མྱོང་སྣང་ཟབ་མོ་ཞིག་དང་དངོས་ཡོད་འཚོ་བར་གསལ་རྒྱུས་ལེགས་པོ་ཞིག་མེད་ཚེ།འདི་ལྟ་བུའི་གོ་བསྐོན་བློ་འགུགས་ཀྱི་གྲགས་པ་འབར་བའི་བརྩམས་ཆོས་འབྱུང་དཀའ།“འདི་ནི་དུས་རབས་བཅུ་དགུ་པའི་ནང་དུ་ཁམས་ཕྱོགས་རྫ་ཆུ་ཁར་གནས་པའི་རྫ་དཔལ་སྤྲུལ་རང་ཉིད་ཀྱི་སློབ་མར་གྱུར་པའི་བཀྲ་ཤིས་དགེ་ལེགས་ཀྱི་ཆུང་མ་ནད་དྲག་པོས་ཟིན་པ་དང་ཚེ་ལས་འདས་པ་ལ་བརྟེན་ནས་བརྩམས་གྲུབ་བྱུང་བའི་བརྩམས་ཆོས་ཤིག་རེད།③”ཅེས་དང་ཡང་བསོད་ནམས་རྒྱ་མཚོའི《གཏམ་པདྨའི་ཚལ་གྱི་ཟློས་གར་ཞེས་བྱ་བའི་གྲགས་པ་འབར་བའི་གསུང་རྩོམ་དེའི་བསམ་བློ་ལ་ཅུང་ཞིག་དཔྱད་པ》ཞེས་པར་འཁོད་དོན།“བྲམ་ཟེ་ཁྱེའུ་པདྨ་དགྱེས་པ་ནི་གསང་མིང་སྟེ་དོན་དངོས་ལ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་རང་ཉིད་ཡིན།གསེར་གྱི་སྦྲང་ཆུང་པདྨའི་འདབ་ཡངས་ཞེས་བྱ་བ་ནི་འདན་མ་གཟིམ་དཔོན་ཚང་གི་བུ་བཀྲ་ཤིས་དགེ་ལེགས་དང་།གཡུའི་སྦྲང་ཆུང་པདྨའི་ངག་སྙན་ཞེས་བྱ་བ་ནི་འཇུ་ཚའི་བུ་མོ་རིག་འཛིན་སྒྲོལ་མ་ཞེས་པ་དེ་ཡིན།ད་དུང་མཆིལ་བའིཚོགས་དཔོན་ནི་ཆོས་འཁོར་དགོན་པའི་དབུ་མཛད་ཡིན།④”དང་དེ་མིན་སྦལ་བ་དང་སྦྲུལ་སོགས་ཀྱི་མཚོན་དོན་རེ་རེ་བཞིན་བཤད་འདུག་མོད་འདིར་ཡིག་ཚོགས་ལ་འཇིགས་ནས་མ་བྲིས་སོ།རྩོམ་པ་པོས་དངོས་བརྒྱུད་ཀྱི་འཚོ་བའི་མ་དཔེ་ཅན་(原型化)དེར་སྒྱུ་རྩལ་གྱི་ལས་སྣོན་བྱས་རྗེས་དཔེ་མཚོན་ཅན(典型化)དུ་སྒྱུར་ཡོད།དཔེ་མཚོན་ཅན་དུ་བྱས་པ་དེས་ཐོག་མའི་རྩོམ་པ་པོའི་དངོས་རྒྱུད་དུ་གྲུབ་པའི་མཚོན་དོན་ཆིག་རྐྱང་བ་ལས་འདའ་འགོང་བྱས་ཏེ།ཁོད་ཡངས་པའི་སྒྱུ་རྩལ་གྱི་སྣ་མང་དཔེ་མཚོན་དུ་གྱུར་ཡོད།རྩོམ་པ་པོས་དངོས་ཡོད་འཚོ་བའི་ཁྲོད་དངོས་བརྒྱུད་ཅི་རིགས་ནས་ཐོབ་པ་དང་ཐོས་པ།མྱངས་པ་བཅས་ལས་བྱུང་བའི་འཚོ་བའི་མྱོང་ཚོར་(生活感受)ནི་སྒྱུ་རྩལ་རྩོམ་རིག་གི་མ་དཔེ་ ཡིན་ལ།ཆིག་རྐྱང་གི་རང་བཞིན་མངའ་བའི་མ་དཔེ་དེར་སྒྱུ་རྩལ་གྱི་ལས་སྣོན་བྱས་ཏེ་སྣ་མང་ཡངས་པའི་རང་བཞིན་ཅན་གྱི་དཔེ་མཚོན་དུ་སྒྱུར་རྒྱུའི་བགྱི་བ་འདི་ཉིད་ནི།རྩོམ་རིག་གསར་རྩོམ་དང་རྩོམ་རིག་སྒྱུ་རྩལ་གྱི་རྨང་གདན་ལྟ་བུར་གྲུབ་འདུག དེ་བས་བརྩམས་ཆོས་འདིར་མཚོན་ནའང་རྩོམ་པ་པོས་དངོས་བརྒྱུད་ཀྱི་འཚོ་བའི་མ་དཔེ་ཉིད་སྒྱུ་རྩལ་རྩོམ་རིག་གི་དཔེ་མཚོན་ཅན་དུ་སྒྱུར་ནུས་ཡོད་པ་ནི་སྒྱུ་རྩལ་མཚོན་ཐབས་ཀྱི་ངོས་བཤད་ན་དགེ་མཚན་ཞིག་ཏུ་སེམས།
གཉིས། མཚོན་སྟོབས་ཅན་གྱི་གཏམ་རྒྱུད་ཀྱི་བྱུང་རིམ།
བོད་ཀྱི་བརྩམས་སྒྲུང་ཕལ་ཆེ་བར་ཐུན་མོང་གི་ཁྱད་ཆོས་སྣ་གཉིས་ཡོད་པ་ནི།རབ་རྟོག་གི་འབྲི་ཐབས་སྤྱོད་པའི་ཁྱད་ཆོས་མངའ་བ་དེ་དང་།གཞན་ཞིག་ནི་བརྩམས་ཆོས་ཧྲིལ་བོ་མི་སྣ་ཕན་ཚུན་དབར་གྱི་ལབ་གླེང་དང་ཁ་བརྡས་གྲུབ་ཡོད་པ་དེ་ཡིན།འོ་ན་བརྩམས་སྒྲུང་འདིའི་ཐུན་མིན་གྱི་ཆ་དེ་གང་ཡིན་ཞེ་ན།དེང་རབས་བརྩམས་སྒྲུང་གསར་བའི་རིག་ལམ་སྤྱད་དེ་བལྟས་ན་བརྩམས་སྒྲུང་འདིར་དེ་འདྲའི་ཐུན་མིན་གྱི་ཁྱད་ཆོས་བགྲང་དུ་མེད་མོད།རྩོམ་པ་པོ་འཚོ་བཞུགས་ཀྱི་དུས་རབས་དེའི་ངོས་ནས་གླེང་ན་རིན་དོད་ཡོད་སྙམ།དུས་སྐབས་དེའི་སྒྱུ་རྩལ་རྩོམ་རིག་ཡོད་དོ་ཅོག་གི་བྱེད་ནུས་གཙོ་བོ་ནི་མི་རྣམས་ལ་འཇིག་རྟེན་འདི་སྣང་གི་འདོད་ཡོན་སྤངས་ཏེ་དམ་པའི་ལྷ་ཆོས་སྙིང་ནས་བྱེད་རྒྱུར་སྐུལ་འདེད་བྱ་རྒྱུ་དེ་རེད།དེ་བས་ན་རྩོམ་པ་པོས་ཐོག་མར་རང་ཉིད་ཀྱི་བསམ་དོན་རྗེན་པར་སྟོན་ཐུབ་ཅིང་གོ་བསྐོན་བློ་འགུགས་ཀྱི་ཡུལ་དངོས་ཤིག་བཀོད་འབྲི་བྱེད་རྒྱུ་ནི་འགངས་ཆེན་དུ་གྱུར་འདུག བརྩམས་སྒྲུང་འདིར་མཚོན་ན་གནད་དོན་འདི་ཐག་གཅོད་དོན་མཐུན་བྱུང་ཡོད་འདོད།རྒྱུ་མཚན།རྩོམ་པ་པོས་ཐོག་མའི་གཡུ་སྦྲང་དང་གསེར་སྦྲང་གནས་སའི་ཁོར་ཡུག་གི་ཞིབ་འབྲི་ནས་སྦྲང་མ་ཁྱོ་ཤུག་དེ་གཉིས་མི་རྟག་འཁོར་བའི་ཆོས་ལ་ཞེ་སྐྱོ་བས་དྲང་སྲོང་ལ་ཆོས་ཤིག་གསུང་བར་གསོལ་བ་བཏབ་པའི་དབར་གྱི་བློས་བསླངས་དང་།བར་གྱི་ངག་སྙན་གྱིས་མེ་ཏོག་གི་ཟིལ་མངར་འཐུང་ཞིང་འདབ་ཡངས་ནམ་མཁའ་ནས་འཕུར་ལྡིང་བྱེད་པའི་སྐབས་གློ་བུར་སྤྲིན་ནག་ལྡིང་སྟེ་ཉི་འོད་བསྒྲིབས་པས་པད་མའི་ཁ་ཟུམ་པ་དང་ངག་སྙན་པད་མའི་སྤུབས་སུ་འཐུམས་པ།ཡང་དེ་དང་རྐྱེན་བྱས་ནས་འདབ་ཡངས་ཀྱིས་ངག་སྙན་སྐྱོབ་ཕྱིར་མཆིལ་བའི་ཚོགས་དཔོན་དང་སྦལ་བ།སྦྲུལ།ཁུ་བྱུག་སོགས་ལ་རྐྱེན་ངན་བཟློག་པར་སྐྱབས་བཅོལ་པའི་དབར།མཐའ་མའི་ངག་སྙན་གྱི་རོ་གེ་སར་ལ་འབྱར་འདུག་པ་ལས་འདབ་ཡངས་ཤིན་ཏུ་སྐྱོ་ནས་བྲམ་ཟེའུ་ཁྱེའུ་པད་མ་དགྱེས་པ་ལ་ཆོས་ཞུས་པ་དང་།དྲང་སྲོང་གིས་མི་ཚེ་མི་རྟག་པའི་ཚུལ་དང་འཁོར་བ་ན་བདེ་བ་མེད་པའི་ཚུལ་སོགས་གསུངས་པ་དེར་འདབ་ཡངས་དད་ཤུགས་ཟློག་མེད་སྐྱེས་ནས་ཆོས་ལ་ཞུགས་ཏེ་སྡིག་སྤོང་དགེ་སྒྲུབ་ལ་འབད་པ་བཅས་ཀྱི་བྱུང་རིམ་དང་རྩོམ་པ་པོས་བརྗོད་པར་འདོད་པའི་བསྟན་དོན་དེ།ཆོས་ལ་མྱུར་དུ་འཇུག་པར་སྐུལ་བ་དང་དུས་ད་ལྟ་ཉིད་ནས་འཇུག་པར་སྐུལ་བའི་སེམས་དོན་གཉིས་ཁ་འཕྲོད་གེའུ་སྦྱོར་གྱི་ཚུལ་དུ་ཡོད་པ་ནི།སྒྱུ་རྩལ་མཚོན་ཐབས་ཀྱི་ཆ་ནས་གླེང་ན་ཐུན་མིན་ཁྱད་ཆོས་སུ་གྲུབ་འདུག་འདོད།
དེ་མིན་ད་དུང་ངག་སྙན་འདབ་ཡངས་གཉིས་ཀྱི་ནང་སེམས་ཀྱི་འགྱུར་ལྡོག་ལ་དང་དོད་བྱས་པ་ཧ་ཅང་ལེགས་འདོད་དེ།ངག་སྙན་གྱི་ཐུགས་རྒྱུད་དུ་འཁོར་བ་མི་རྟག་པ་ཡིན་པར་ངེས་ཤེས་འདྲོངས་ཤིང་སྔོན་དྲང་སྲོང་དོན་ཀུན་གྲུབ་པའི་དྲུང་ནས་ཐོབ་པའི་ཟབ་རྒུའི་གདམས་ངག་དག་ཉམས་སུ་མ་བླངས་པས་འགྱོད་སེམས་སྐྱེས་ཏེ།མཐར་འདབ་ཡངས་ལ་ནན་ཏུར་གྱིས་ཟབ་རྒུའི་གདམས་ངག་དག་ཉམས་ལེན་ལ་གཞོལ་དགོས་པར་འབོད་སྐུལ་དང་ཁ་ཆེམས་བཞག་པའི་དབར་གྱི་སེམས་ཁམས་ཀྱི་འགྱུར་ལྡོག་དང་།དེ་མིན་ད་དུང་འདབ་ཡངས་རང་ལ་མཚོན་ནའང་འཁོར་བ་མི་རྟག་པ་ཡིན་པའི་བསམ་བློ་དེ་ཐུགས་རྒྱུད་དུ་མངའ་ཡང་ཕྱིའི་སྦྱོར་བའི་སྟེང་དུ་གདབ་པར་ངག་སྙན་གྱིས་མཚོན་པའི་ཡིད་ཀྱི་དང་བ་འདྲེན་པའི་གསོན་དཔེ་དེ་ལྟ་བུ་མེད་ན་མངོན་དཀའ།དེ་བས་ཐོག་མའི་ནང་སེམས་ཀྱི་དད་ཤུགས་ཁོ་ན་ནས་མཐའ་མའི་ཕྱི་ལུས་ཀྱི་བསམ་སྦྱོར་སྟེང་དུ་གདབ་པའི་འཕེལ་རིམ་གྱིས་གསེར་སྦྲང་འདབ་ཡངས་ཀྱི་ནང་སེམས་ཀྱི་འགྱུར་བ་མངོན་པར་མཚོན་ཡོད་སྙམ།
《མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ》དང་བསྡུར་ན་བརྩམས་སྒྲུང་འདིའི་ཁྲོད་དུ་མངོན་པའི་སྦལ་བ་དང་སྦྲུལ།ཁུ་བྱུག་སོགས་ལ་རང་ཚུགས་རྗེན་པར་གསལ་ཞིང་ཡན་གར་བའི་གཤིས་ཀ་རང་མཚན་པ་རེ་གྲུབ་མེད་ཀྱང་།ལྟོས་བཅས་ཀྱིས་དེ་ཚོར་རང་དང་འཚམ་པའི་གཤིས་ཀ་རེ་རྩོམ་པ་པོས་ཚིག་ཉུང་དོན་བསྡུས་ཀྱིས་བསྟན་ཡོད་པ་ནི།འདབ་ཡངས་དུད་འགྲོའི་གནས་སུ་ཕྱིན་ཏེ་སྐྱབས་བཅོལ་དུས་དུད་འགྲོ་སོ་སོས་ཕྱིར་འདབ་ཡངས་ལ་ལན་ལྡོན་སྟངས་ལས་གསལ་བོར་མཐོང་ཐུབ་པ་དཔེར་ན།སྦལ་བ་ན་རེ།མི་སྡུག་སྟོན་པའི་སྦལ་བ་ང་། །ཀླུ་བདུད་ནག་པོའི་ཕོ་ཉ་ཡིན།།སྤྲིན་ནག་འབྱུང་ཁུངས་གདོལ་བ་ཀླུ།ཁོང་ལ་ཞུས་ན་སེལ་ལོས་ནུས། །ཟེར་ནས་ལྟ་སྟངས་གནམ་དུ་གཅེར་སྐད།དེ་བཞིན་དུ་སྦྲུལ་ནས་འཁྱིལ་འགྲོས་བྱེད་སྐད།ཕྱི་བས་མིག་ཟིམ་ཟིམ་བྱེད་སྐད།རྐྱང་གིས་ཡ་མཆུ་གནམ་དུ་བཏེག་གོ སྡོམ་གྱིས་མདོས་ཐག་མང་པོ་བྲན་སྐད།འོལ་བས་ནམ་མཁའ་ལ་བཤུར་ཞིང་བཤུད་སྐད་འདེབས་སྐད།འཁྱིལ་འགྲོས་བྱེད་སྐད་དང་མིག་ཟིམ་ཟིམ་བྱེད་སྟངས།ཡ་མཆུ་གནམ་དུ་བཏེག་སྟངས།བཤུར་ཞིང་བཤུད་སྐད་འདེབས་སྟངས་སོགས་ཀྱི་ཚིག་སྦྱོར་གྱི་ཕུགས་ནས་ང་ཚོས་སྲོག་ཆགས་དེ་དག་གི་གཤིས་ཀ་དང་སྣང་བརྙན་གྱི་ཆ་ཙམ་མཐོང་ཐུབ།རྐྱེན་ངན་བར་ཆད་ཟློག་ཐབས་ཡོད་ཁུལ་དང་ཡོད་མདོག་སྟོན་པའི་ཁེངས་ཉམས་དང་རང་རློམ།མཛའ་བཤེས།གཡོ་སྒྱུ་དང་བསླུ་བྲིད་བཅས་ཀྱི་གཤིས་ཀའི་གཅེར་གཟུགས་མཐོང་སླ་སྙམ།
གསུམ། བརྩམས་སྒྲུང་འདིའི་སྐད་ཆའི་སྒྱུ་རྩལ།
སྤྱིར་སྲོལ་རྒྱུན་བརྩམས་སྒྲུང་མང་ཆེ་བའི་ལྷུག་བརྗོད་སྤྲོས་སྟངས་ནི་བཅད་ལྷུག་སྤེལ་མ་ཡིན་ཞིང་།ཚིགས་བཅད་ཀྱིས་བརྩམས་སྒྲུང་གི་བསྟན་དོན་སྟོན་པ་དང་ལྷུག་བརྗོད་ཀྱིས་བརྩམས་སྒྲུང་གི་བྱུང་རིམ་ཀེར་གྱིན་ཡོད།བརྩམས་སྒྲུང་འདིའི་ལྷུག་བརྗོད་སྤྲོས་སྟངས་ལ་བརྩམས་ཆོས་རང་ག་བས་འགྲན་དུ་མེད་པའི་ཁྱད་ཆོས་ཤིག་ཡོད་པ་ནི།ཐ་སྙད་ཀྱི་ཞུན་བརྡར་དང་རྩོམ་རིག་གི་སྐད་ཆའི་བཙོ་སྦྱངས་དེ་ཡིན་པར་འདོད།རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་གྱི་ཁོངས་གཏོགས་ཡིན་ཞིང་།སྐད་ཆ་ནི་རྩོམ་རིག་གི་རྒྱུ་ཆ་དང་འདེགས་བྱེད(载体)ཡིན།དེ་བས་ཐ་སྙད་ཀྱི་ཞུན་བརྡར་དང་སྐད་ཆའི་བཙོ་སྦྱངས་ལ་བྱང་ཆ་ཐོན་རྒྱུ་ནི་སྒྱུ་རྩལ་རྩོམ་རིག་གཉེར་མཁན་ཞིག་གི་ཐོག་མའི་ཆ་རྐྱེན་རེད་འདོད།ང་ཚོས་སྲོལ་རྒྱུན་རྩོམ་རིག་ལ་རོལ་མྱོང་བྱེད་སྐབས་ཐ་སྙད་ཀྱི་སྡེབ་ལེགས་ཤིང་སྲོལ་རྒྱུན་གྱི་གདངས་མ་འགག་པའི་ཕ་སྐད་མ་ཡིག་གི་ཉིང་བཅུད་ལ་ལག་སྙོབ་བྱས་ཏེ་དེ་ཉིད་རང་རྒྱུད་ལ་སྦྱོར་རྒྱུ་ནི་བོད་ཀྱི་རྩོམ་རིག་མི་ཉམས་གོང་འཕེལ་འགྲོ་བའི་མཐུན་རྐྱེན་དུ་གྱུར་ཡོད་ན།གཤམ་དུ་བརྩམས་སྒྲུང་འདིའི་ཁྲོད་མངོན་པའི་ཚིག་སྦྱོར་རྨ་མེད་པ་རེ་འགའ་ཆེད་དམིགས་ཀྱིས་ཁོལ་དུ་ཕྱུངས་ནས་གླེང་རྒྱུ་ཡིན།
“དེ་ཡང་ཁེངས་པའི་པདྨ་རྣམས་སྡོང་བུ་རིང་བ།རྒྱས་པའི་པདྨ་རྣམས་འདབ་མ་ཡངས་པ།སྨིན་པའི་པདྨ་རྣམས་ཟིལ་མངར་མང་བ།བཀོད་པའི་པདྨ་རྣམས་ལོ་མ་ཆེ་བ།མ་སྨིན་པའི་པདྨ་རྣམས་མྱུ་གུ་བཀྲ་བ།ཟུམ་པའི་པདྨ་རྣམས་ཐལ་མོ་སྦྱར་བ།གོད་པའི་པདྨ་རྣམས་གེ་སར་བྲལ་བ།ཟག་པའི་པདྨ་རྣམས་རྩི་བཅུད་ཀྱིས་སྟོངས་པ།རྙིང་པའི་པདྨ་རྣམས་འདབ་མ་ལྷུང་བ།དགོད་པའི་པདྨ་རྣམས་གེ་སར་ངོམ་པ།སྦས་པའི་པདྨ་རྣམས་སྦུབས་ན་གནས་པ།ལྷུན་གྱིས་གྲུབ་པའི་པདྨ་རྣམས་སྐྱེ་བར་རུང་བ་ཞིག་ཡོད་དོ།⑤”པདྨའི་སྐྱེད་ཚལ་གྱི་རྣམ་པ་ཞིབ་འབྲི་བྱས་ཡོད་པའི་ཚིག་དུམ་འདིར་མཚོན་ནས་བཤད་ན།པདྨ་རེ་རེའི་བྱད་གཟུགས་འཕྱོར་འབྲི་བྱས་པ་ཞིབ་ཅིང་ཕྲ་བ།ཐ་སྙད་ཀྱི་གདམ་གསེས་དང་ཞུན་བརྡར་གནད་ལ་འཁེལ་བ།མེ་ཏོག་པདྨ་དག་ང་ཚོ་ཀློག་པོ་ཀུན་གྱི་མཐོང་ལམ་དུ་གཟུགས་ཅན་བཞིན་མངོན་པར་བཀྲ་པའི་ཁྱད་ཆོས་ལྡན་ལ།ལྷག་དོན་ཁེངས་པ་དང་རྒྱས་པ།སྨིན་པ།ཟུམ་པ།གོད་པ།རྙིང་བ།དགོད་པ།སྦས་པ་བཅས་ཀྱི་རྒྱན་ཚིག་འདི་དག་གདམ་གསེས་བྱས་ཏེ་སྤྱད་པས།མེ་ཏོག་སོ་སོའི་སྣང་བརྙན་འབུར་གཟུགས་སུ་མངོན་པར་དགེ་མཚན་ལྷ་བླག་གིས་ཐོན་འདུག་ལ།དེ་མིན་ད་དུང“དེ་ནས་སེར་བ་དྲག་ཏུ་བབས་ཏེ་ཤྭ་འུད་དང་རྦབ་རྒོད་ཀྱིས་རི་ལུང་ཁེངས་ཤིང་།གནམ་ལྕགས་ཀྱི་ཚག་སྒྲས་གནམ་ས་འགེངས་པ་ལྟར་བྱེད།ཆུ་ཀླུང་ཐམས་ཅད་རྦ་རླབས་འཕྱོ་ཞིང་གནམ་དུ་འཕྱུར་བ་སྙམ་བྱེད།རི་ཐམས་ཅད་ནི་གྲོག་པོར་བཏང་།ཐང་ཐམས་ཅད་ནི་གྲམ་པར་བརྡལ།མཚོ་ཐམས་ཅད་ནི་ཁྲག་ཏུ་ཁོལ།རྩྭ་ལྡུམ་དང་མེ་ཏོག་ཐམས་ཅད་ཀྱང་ཆེ་བ་རྣམས་བསྙིལ།ཆུང་བ་རྣམས་བརྡལ།རིང་བ་རྣམས་བཅག ཐུང་བ་རྣམས་མནན།ཕྲ་མོ་རྣམས་རྗེས་ཤུལ་ཙམ་ཡང་མེད་པར་བྱས་འདུག་གོ། །⑥”ཤྭ་འོད་རྒྱུགས་ཤུལ་གྱི་ཁོར་ཡུག་དང་མེ་ཏོག་གི་རྣམ་པ་ཞིབ་འབྲི་བྱས་པའི་ཚན་པ་འདིར་མཚོན་ན་ཡང་།ཁེངས་དང་འགེངས།འཕྱུར།གྲོག་པོར་བཏང་།ཐང་མར་བརྡལ།ཁྲག་ཏུ་ཁོལ།བསྙིལ།བརྡལ།བཅག།མནན་བཅས་ཀྱི་ཐ་སྙད་འདི་དག་གིས་སྙན་རྩོམ་སྤྱིར་གྲིམ་ལྷོད་དང་རྔམ་ཟིལ།རྐྱོང་སྐུམ།འཕྱོ་འཇགས།འཕར་ལྡིང་བཅས་ཀྱི་བྱེད་ནུས་ཐོན་པའི་ཚད་ནི་ཧ་ལས་པའི་ཚོད་དུ་འདུག་སྙམ།
“མེ་ཏོག་འདབ་བརྒྱ་བཅུམ་ཞིང་བྱུང་། །གེ་སར་གདུག་རྩུབ་ཚེར་ལྟར་གཟན། །འདབ་མའི་སུལ་མང་རྡོ་ལྟར་སྲ། །འཐུམས་པས་རྐང་ལག་བརྐྱང་བསྐུམ་དཀའ། །འཚུབས་པས་དབུགས་ཀྱི་འབྱིན་སྡུད་དཀའ། །འཚངས་པས་གཏམ་གྱི་བརྗོད་པ་དཀའ། །ད་ནི་མི་ཐར་ཐག་གིས་ཆོད། །ཕྱོགས་ནས་འབྲུག་སྒྲ་ལྡི་རི་རི། །གློ་བུར་རླུང་པོ་འུ་རུ་རུ། །པད་སྤུབས་འཕྱོ་ཞིང་ལྡིང་ལུགས་ཀྱིས། །རྫིང་བུ་འཕྱོ་ཞིང་གཡོ་བ་འདྲ། །སྤྲིན་ནག་སེར་བ་འོང་ཐག་ཆོད། །⑦”ཞེས་པ་འདི་ནི་ངག་སྙན་པད་སྦུབས་སུ་འཐུམས་སྐབས་ཀྱི་མྱོང་རེག་གི་ཚོར་བ་རྗེན་པར་བསྟན་པ་ཞིག་ཡིན་ལ།ལྷུག་བརྗོད་སྤྲོས་སྟངས་འདི་ལ་ཚིག་ཉུང་ཞིང་བསྡུ་ཤུགས་ཆེ་བ།གསོན་ཉམས་ཀྱིས་ཕྱུག་པའི་ཁྱད་ཆོས་ལྡན་སྙམ།དེ་མིན་ད་དུང“ཡིད་འོང་སྙིང་སྡུག་གྲོགས་དེ་གར་སོང་། །
འཇམ་པའི་འདབ་ཡངས་བསྐྱོད་དེ་གར་སོང་། །སྙན་པའི་གླུ་སྒྲ་སྒྲོག་དེ་གར་སོང་། །བརྩེ་བའི་གསང་གཏམ་ཅན་དེ་གར་སོང་། །མཛེས་པའི་འཛུམ་མདངས་ཅན་དེ་གར་སོང་། །དགྱེས་པའི་འཕུར་ལྡིང་ཅན་དེ་གར་སོང་། །གཡུ་ལོ་ཟུར་མིག་ཅན་དེ་གར་སོང་། །རྐང་དྲུག་ཡན་ལག་མཛེས་དེ་གར་སོང་། །གསལ་བའི་ཐིག་ལེ་ཅན་དེ་གར་སོང་། །གནག་སྣུམ་སྐྲ་ལོ་ཅན་དེ་གར་སོང་། །ཁོ་བོའི་སྙིང་གི་དུམ་བུ་གར་སོང་། །⑧”ཞེས་པའི་ལྷུག་བརྗོད་སྤྲོས་སྟངས་འདི་དག་དོན་དྲིལ་ན་གསེར་སྦྲང་ཁོ་བོའི་སྙིང་གི་དུམ་བུ་གཡུ་སྦྲང་ཁྱོད་ནི་གང་དུ་བུད་སོང་ཞེས་པའིདོན་ཡིན་མོད།གཡུ་སྦྲང་ཁོ་ན་ཡང་ཡང་བསྐྱར་ན་ཟློས་སྐྱོན་དུ་འགྲོ་ཉེན་པས་འདིར་མིང་གི་རྣམ་གྲངས་གཞན་བཀོད་དེ་བརྗོད་པས་དོན་གཅིག་ལན་གྲངས་བཅུ་ཙམ་བཟླས་ཀྱང་སྐྱོན་དུ་འགྲོ་རྒྱུ་ལྟ་ཞོག ད་དུང་སྙན་ཆའི་ཁྱོགས་ཤིང་གསེར་སྦྲང་ཁོ་མྱ་ངན་གྱིས་གདུང་བའི་ཉམས་སྣང་དང་བསམ་པའི་བརྩེ་དུངས་སོགས་བཅོས་མིན་རྗེན་པར་བསྟན་ཡོད།
གོང་གསལ་ཁོལ་དུ་ཕྱུང་བའི་ལྷུག་བརྗོད་སྤྲོས་སྟངས་ལས་ཕུད་ཡིད་ཀྱི་དང་བ་འདྲེན་པའི་དཔེ་མང་མོད།འདིར་ཡིག་ཚོགས་སྐྱུངས་ཕྱིར་མ་བཀོད།མདོར་ན་བརྩམས་སྒྲུང་འདི་ནི་ཐ་སྙད་དང་སྙན་ཚིག་གི་གཏེར་མཛོད་ཆེན་པོ་ཞིག་ཏུ་ཁོ་བོས་སེམས་སོ།
བཞི། མཇུག་བསྡུ་བ།
བརྩམས་ཆོས་འདི་ནི་ཆོས་འཇིག་རྟེན་གཉིས་ཀྱི་གནས་ཚུལ་སྟོན་པ་ཅན་ཞིག་ཡིན་མོད།འདིར་བསམ་བློའི་དགེ་མཚན་བཏང་སྙོམས་སུ་བཞག་ནས་ཁོ་བོ་བརྩམས་ཆོས་འདིའི་ཕྱི་ཤུན་ལ་འཐམས་དོན་ཡང་།བརྩམས་ཆོས་འདིར་བསམ་བློ་ཕུད་པའི་སྒྱུ་རྩལ་གྱི་མཛེས་པ་བཀྲ་འདུག་པས་སོ། །
དཔྱད་རྩོམ་འདིར་འཁོད་པའི་དཔྱད་གཞིའི་ཡིག་ཆ།
① 曹文轩《小说门》P17—18
② བདུད་ལྷ་རྒྱལ།《འཚོལ་རྟོག་སྙིང་སྟོབས》p4—5
③ 《བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན》སྨད་ཆ།p904
④ 《བོད་ཀྱི་ཤེས་རིག་ཞིབ་འཇུག》1991ལོའི་དེབ་དང་པོ།p79པར་གསལ།
⑤ 《དཔལ་སྤྲུལ་གསུང་འབུམ》པོད་ཀ་པ།p302
⑥ 《དཔལ་སྤྲུལ་གསུང་འབུམ》པོད་ཀ་པ།p331—332
⑦ 《དཔལ་སྤྲུལ་གསུང་འབུམ》པོད་ཀ་པ།p327
⑧ 《དཔལ་སྤྲུལ་གསུང་འབུམ》པོད་ཀ་པ།p315
རྩོམ་ཁུངས། སྒྲེན་པོའི་ཟིན་བྲིས།