ཆོས་ཉིད་དེ་ཤེས་བཞིན་དུ་གཡོལ་གྱི་ཡིན་ནམ།
——— འཇུ་སྐལ་བཟང་གི<<རྒོད་པོ་དང་ནམ་མཁའ>>བཀླགས་པའི་འཆར་སྒོ།
ཕྲན་དཔྱད<<རྒོད་པོ་དང་ནམ་མཁའ>>ཞེས་པ་འདི་ནི་ང་རང་ཆེས་ཀློག་པར་སྤྲོ་བའི་སྙན་ངག་ཅིག་ཡིན། ངས་ཀྱང་རང་ཉིད་ཆེས་དགའ་སའི་སྙན་ངག་དག་ལ་འགྲོ་ཞོར་འདུག་ཞོར་གྱིས་དགའ་མོས་རེ་བརྗོད་པ་མ་ཡིན་པར། དུས་ཀུན་བསམ་གཞིག་ཡང་ཡང་བྱས་ཏེ་ཀློག་པ་ཡིན། ང་རང་ཆེས་མི་དགའ་སའམ་ཀློག་པར་ཆེས་མི་སྤྲོ་བ་དེ་འགན་འཁྲིའི་འདུ་ཤེས་ཞན་པའི་སྙན་ངག་པ་དག་གི་བརྩམས་ཆོས་ཡིན། སྙན་ངག་དེ་འདྲར་གཅིག་ན་བསམ་གཞིག་གི་ལྕི་ཚད་ཞན་ལ། གཉིས་ན་མི་རིགས་ཀྱི་འགན་འཁྲི་ལྕི་མོས་བློས་བསླངས་བྱས་པའི་བརྩམས་ཆོས་མིན་སྟབས་ཡིན།
དང་པོ་སྙན་ངག་འདི་ཉིད་ཀློག་དུས། ང་དང་ང་ལྟ་བུའི་རྩོམ་པ་པོ་ཕལ་བ་ཞིག་གི་འགན་འཁྲིའི་འདུ་ཤེས་ཀྱིས་བློས་བསླངས་བྱས་པའི་ཆོས་ཉིད་གསལ་བོར་བསྟན་ཡོད་པ་ཤེས་པས། སྙན་ངག་འདིར་ཆགས་པའི་མཛའ་བརྩེའང་ཟབ་མོར་ཡོད། ད་ལྟ་བསམ་ན་ཆོས་ཉིད་དེ་ལས་འདའ་འགོང་མི་ཐུབ་པའི་མི་རིགས་ཁ་འཁྱེར་བ་མང་བོ་ཞིག་གི་ངང་ཚུལ་མཐོང་རྗེས།འདི་ཉིད་ལ་གདེང་འཇོག་དང་ཆོས་ཉིད་དེ་གསེད་དཀྲོལ་ཡང་ཡང་བྱེད་འདོད་བྱུང༌། སྙན་ངག་འདི་ལ་ཐུན་མིན་གཞན་དང་མི་འདྲ་བའི་ཁྱད་པར་ཞིག་ཡོད་པ་ནི།རྩོམ་པ་པོས་རང་གི་རིག་རྟོག་དང་ཆོས་ཉིད་ཟུང་འབྲེལ་གྱིས་སྦྱར་བས། སྙན་ངག་གི་ཕྱིའི་རྣམ་པའི་ཆ་ནས་སྙན་འཇེབས་དང་སྣང་བརྙན་ལ་འབུར་བསྐོས་ཀྱི་ཞིབ་ཆ་མེད།དེ་ནི་སྙན་ངག་འདིའི་ཞན་ཆ་ཞིག་རེད་ཅེས་བརྗོད་ནའང་མི་ཆོག་རྒྱུ་ལ་ག་ཡོད། འོན་ཀྱང༌། རྣོ་བསམ་ཞིབ་ཏུ་བཏང་ན། ཞན་ཆ་དེ་ངེས་མེད་གཏོང་བའི་ཡོན་ཏན་དང་ཁྱད་ཆོས་ནི་ནང་བསམ་བློའི་ལྕི་ཚད་ཀྱི་སྟེང་ན་ཡོད་པས། རྩོམ་པ་པོས་མཛེས་དོན་མཐར་ཐུག་གི་དམིགས་པའང་དེ་གར་དྲངས་ཡོད། ཐོག་མར“དུས་རླུང་བསེར་བུ་ལྡང་ཙ་ན། ཁུར་མང་བགྲེས་པོ་ཞིག་ཀྱང་མཁའ་ལ་ལྡིང་སོང་”ཞེས་དུས་ཚིགས་ཤིག་དང་བྱེད་པོ་ཞིག་མངོན་སུམ་གྱིས་བསྟན་ཡོད། མི་རིགས་ཀྱི་འདུ་ཤེས་ཟབ་པའི་མི་ཞིག་ལ་མཚོན་ན། དུས་རབས་ཀྱི་ཁྱད་ཆོས་ལྟར་དུས་བབས་ཀྱི་འགན་འཁུར་དང་ལོ་རྒྱུས་ཀྱི་གནས་བབ་ཕྲག་ཏུ་བཞེས་རྒྱུ་ནི་སུ་ཞིག་གིས་ཆེད་དུ་ཚགས་བཙུགས་པ་མ་ཡིན་པར། བདེན་སྟོབས་དང་གནས་ལུགས། ཆོས་ཉིད་ཀྱི་ངོས་ནས་ངེས་ཤེས་རྙེད་དགོས་པ་ཞིག་ཡིན། དེ་ལ་བཅོས་མ་མ་ཡིན་པའི་དང་བའི་ཡིད་ཀྱི་སྒོ་ནས་ལོ་རྒྱུས་ཀྱི་འགན་འཁུར་ལེན་རྒྱུ་ནི་རླབས་ཆེན་གྱི་མི་སྣ་གང་དེའི་འགན་འཁུར་དང་འདུ་ཤེས་འཛིན་སྟངས་ཤིག་རེད། དེ་བས་འདིར་ཡང“དུས་ཀྱི་རླུང་བུ”ཞེས། སྣ་མང་བསྲེས་སྦྱོར་གྱི་རིག་གནས་ཕུན་སུམ་ཚོགས་པའི་དུས་ཀྱི་རྦ་རླབས་གཅིག་ཏུ་ཁོལ་བའི་དུས་སྐབས་ཤིག་བསྟན་ཏེ། རྟག་པར་མི་རིགས་ལས་དོན་གྱི་ཐད་ལ་བསམ་གཞིག་དང་ཞིབ་འཇུག འདུ་ཤེས་དང་འགན་འཁྲི་ལྕི་མོ་མ་བཅོས་དང་བའི་སྒོ་ནས་ལེན་པའི་མི་ཞིག་ལ་མཚོན་ན། ཁོ་ལ་མ་བཅོས་དང་མ་སྐུལ་བའི་སྒོ་ནས་མི་རིགས་ཀྱི་འགན་ཁུར་མང་ལ།
རྟག་པར་འདུ་ཤེས་དེ་གྲིམ་ལྷོད་མེད་པས་ལྕི་ཚད་ཡང་ཕལ་བའི་དོ་ཟླར་མི་འོང་བའི་ཆ་ནས“བགྲེས་པོ”ཞེས་སྨྲས་ཀྱང་མི་རུང་བ་ག་ལ་ཡོད། དེ་ནི་དུས་རབས་ཀྱི་སྒུལ་ཤུགས་ཁྲོད་ནས་གཞན་དང་འདྲ་མཉམ་གྱིས། རང་གི་ལ་རྒྱ་དང་སྤོབས་པས་བཏེགས་ཏེ་ཟབ་མོ་དབྱིངས་ལྟ་བུར་མཆོངས་ཐུབ་ཅིང་མཐོ་བ་ནམ་མཁའི་མཐོངས་ལྟ་བུར་ལྡང་ཐུབ་པའི་ལ་རྒྱ་དང་སྤོབས་པ།སེམས་ཤུགས་དང་ཐུགས་འཁུར། སྙིང་སྟོབས་དང་འགན་འཁྲི་སོགས་ཀྱིས་བསླངས་པ་ཞིག་རེད། འདི་ནི་ལ་རྒྱའི་སྒུལ་ཤུགས་ཁྲོད་ཀྱི་སྤོབས་པ་ཞིག་ཀྱང་ཡིན་སྲིད་ལ། མ་བཅོས་དང་བའི་ཡིད་ཀྱི་བརྩེ་བས་བཏེགས་པའི་འགན་འཁྲིས་དེད་པ་ཞིག་ཀྱང་ཡིན་སྲིད། སྤྱིར་ན་མི་སུ་ཞིག་ཡིན་ཡང༌། གང་དེ་འཚོ་ཞིང་བཞེས་པའི་དུས་སྐབས་རེ་ཡོད་པ་འདྲ་མཉམ་ཡིན་པས། རྒྱལ་ཁབ་དང་མི་རིགས་ཀྱི་འགན་ཁུར་ཕྲག་ལ་བབས་པའང་འདྲ་མཉམ་ཡིན། འོན་ཏེ། འདྲ་མཉམ་མིན་ས་དེ་ནི་གང་མང་གིས་རང་ཉིད་ཀྱི་ཕྲག་ལ་བབས་པའི་ལོ་རྒྱུས་དང་དུས་རབས་ཀྱི་འགན་འཁུར་དེ་རྟོགས་མི་སྲིད་ལ། འགན་འཁྲི་ཡང་མེད་པ་ཞིག་རེད། དེ་བས་རླབས་ཆེན་གྱི་སྐྱེས་བུ་ཟེར་བ་ནི་གནད་འགག་དེའི་སྐབས་འཁྲུངས་པའི་གདོང་ལེན་པ་དང་སྙིང་སྟོབས་ཅན།ལ་རྒྱ་མཁན་ཞིག་ལ་བཤད་པའང་ཡིན་པས།
དེ་ནི་རྩོམ་པ་པོའི་སྣང་ཡུལ་ནས་ནམ་མཁའི་མཐོང་ལྟར་རྒྱ་ཁྱོན་གཞལ་མཐའ་བྲལ་བའི་འཕུལ་ཡུལ་ལ་ཡོད་ལ། དེ་རུ་བསྐྱོད་དང་ལྡིང་དང་མཆོངས་ཕོད་པའི“རྒོད་པོ”ཞིག་རེད།འདི་ནི་ཆོས་ཉིད་ཅིག་ཡིན་ལ་ངེས་དོན་གྱི་རླབས་ཆེན་གྱི་མི་སྣ་ལ་འཛོམས་དགོས་པའི་ཆ་རྐྱེན་ཡང་ཡིན་པ་རེད། དེ་འདྲའི་རླབས་ཆེན་གྱི་རྒོད་པོ་ཞིག་ལ་མཚོན་ན། ཁོའི་འཕུར་ཡུལ་གྱི་གནས་གཞི་སུ་ཞིག་གིས་སྟོན་མི་དགོས་པར་ནམ་མཁའི་མཐོང་ལྟར་བློས་ཟིན་པ་ཞིག་རེད། གཞིག་དང༌། དེ་འདྲའི་སྣ་མང་རིག་གནས་ཀྱི་བསྲེས་སྦྱོར་གྱི་རྦ་རབས་དགུང་དུ་འཁྲུགས་པའམ། དེང་སང་གི་སྐད་ཆ་ལྟར་ན། འཛམ་གླིང་གོ་ལ་ཧྲིལ་བོ་གཅིག་འགྱུར་ཅན་ལ་ཕྱོགས་པའི་དུས་རབས་སམ། འཛམ་གླིང་ཧྲིལ་བོར་དུས་འགྱུར་རྦ་རླབས་གཅིག་ཏུ་ཁོལ་བའི་ཚ་ཚ་འུར་འུར་གྱི་བར་སྐབས་ཤིག་ལ།
མི་རིགས་ལས་དོན་ལ་ཐུགས་ཁུར་ཟབ་བཞེས་གནང་བའི་རླབས་ཆེན་གྱི་སྐྱེས་བུའམ་རྒོད་པོ་ཞིག་ལ་མཚོན་ན།གཏན་ཏུ“བྲག་གོག་སྐམ་པོའམ”འུ་ཅག་ལྟ་བུའི་སྐྱ་ཆད་སྔོ་སྡུག་གི་གནས་བབས་ཤིག་ལ་ཁེན་ནས་སྡོད་ཚུགས་སམ། དེ་བས། བསྟོད་ཡུལ་གྱི་ཆ་ནས་དེ་འདྲའི་རླབས་ཆེན་གྱི་སྐྱེས་བུ་ཡོད་པ་གང་ཤེས་ཀྱང༌།འབོད་སྐུལ་གྱི་ཆ་ནས་དེ་འདྲའི་དམིགས་པ་བཟུང་ཡོད། འདིར་བལྟས་ན། ད་གཟོད་དོན་དམ་གྱི་ཤེས་ཡོན་པའམ་རླབས་ཆེན་གྱི་སྐྱེས་བུ་ཞེས་པ་ཞིག་ཀྱང་གོ་རྒྱུ་རྙེད་ལ། འུ་ཅག་གིས་ཤེས་ཐུབ་པའང༌། མ་བཅོས་དང་བའི་སྒོ་ནས་མི་རིགས་ཀྱི་ལས་དོན་ཕྲག་ལ་བཞེས་པའི་རླབས་ཆེན་གྱི་སྐྱེས་བུ་སུ་ཞིག་འཁྲུངས་སོང༌།སུ་ཞིག་ལུས་བྱུང༌། རྩོམ་པ་པོས་བལྟས་ཚེ། འུ་ཅག་ལ་མཚོན་ན། རང་ཉིད་ཀྱི་ལོ་རྒྱུས་དང་རིག་གནས། འདུ་ཤེས་དང་ས་བབས་གང་གི་ཆ་ནས་ཀྱང་རང་རྐྱ་འཕེར་ཞིང་རང་ཚུགས་ཐུབ་པའི་ཤ་ཚུགས་ཀྱི་ལུས་དོད་ཡོད་པ་མ་ཟད། མིའི་རིགས་ཀྱི་རིགས་གང་ཞིག་ཡིན་ཡང༌། བགྲོད་ཆོག་པའི་མདུན་ལམ་དང་གནས་ཆོག་པའི་རྒྱུ་མཚན་གང་གིས་ཀྱང་འདྲ་མཉམ་ཡིན་པས། རང་རྐྱ་ཐུབ་ཅིང༌།རང་ཚུགས་མ་དོར་བའི་སྒོ་ནས་རང་གི་ཁྱད་ཆོས་ལྡན་པའི་མདུན་ལམ་ཞིག་སྙེག་པར་རྒྱུ་མཚན་མེད་པ་དང་ཉེས་པ་ཞིག་མ་ཡིན་པར། ལྡོག་སྟེ། རང་གི་ཁྱད་ཆོས་ལྡན་པའི་མེས་པོ་བགྲོད་ཤུལ་གྱི་བཤུལ་ལམ་ནམ་མཁའི་ཁྱོན་ལྟར་ཡངས་པ་ཡོད་ལ། རང་གི་གསར་གཏོད་དང་ཁྱད་ཆོས་ལྟར་འདྲོངས་པའི་བློ་རིག་དང་ལ་རྒྱ། སྤོབས་པ་དང་དོགས་སློང༌།སྙིང་སྟོབས་དང་མི་གཞིའི་ཁྱད་ནོར་ཡོད་པས། ཞུམ་དགོས་དོན་གཏན་ནས་མེད། དེ་ནི་གོང་ནས་བཤད་པའི་རླབས་ཆེན་གྱི་རྒོད་པོ་ཞིག་ལ་མཚོན་ན།ཤེས་སྲིད་པའི་དཀྱེད་ཡངས་ཀྱི་ངེས་ཤེས་ཤིག་ཡིན་པ་མ་ཟད། ཕལ་བའི་ཕྱུག་རྫི་ཡིན་ཡང་ངེས་ཤེས་རྙེད་ཐུབ་པའི་དན་རྟགས་རིང་མོ་ཞིག་རེད། འདི་ནི་ཆོས་ཉིད་ཀྱིས་གསེད་དཀྲོལ་གནང་བའི་མི་ཇུས་ཀྱི་རྒྱལ་མཚན་ཞིག་ཡིན་པ་མ་ཟད། མི་རིགས་སྲིད་ཇུས་ཀྱིས་བདེན་ཁ་ལྷོད་ཡོད་པའི་ཐབས་ལེགས་ཀྱི་དགོངས་གཞི་ཞིག་ཀྱང་ཡིན་པས་ཞུམ་དོན་གཏན་ནས་མེད། རྩོམ་པ་པོས་ཆོས་ཉིད་དེ་ངེས་ཤེས་ཟབ་མོ་རྙེད་པའི་སྒོ་ནས་རླབས་ཆེན་གྱི་རྒོད་པོ་ཞིག་གི་བློའི་དཀྱེད་ཡངས་ཀྱི་ཆ་ནས་ངེས་ཤེས་དེ་རྙེད་པར་འབོད་སྐུལ་བྱས་ཡོད་པ་རེད། དེ་འདྲའི་རླབས་ཆེན་གྱི་རྒོད་པོ་ཞིག་གམ། ཡང་ན་མི་རིགས་ལ་བརྩེ་བ་ཟབ་ཅིང་ལས་དོན་མཐའ་དག་མ་བཅོས་དང་བའི་སྒོ་ནས་འགན་འཁུར་ལེན་པའི་སྐྱེས་བུ་ཞིག་ལ་མཚོན་ནའང༌། ཁོ་ནི་མི་ཡིན་པའི་ཕྱིར། བརྟན་གཡོའི་བྱ་དངོས་མཐའ་དག་འགྱུར་ལྡོག་གི་རང་བཞིན་ཅན་སོགས་ཚོད་འཛིན་གྱི་རྒྱུ་རྐྱེན་གྱིས་ཁོའི་བློ་རིག་དང་དཀྱེད་ཡངས། དོགས་སློང་དང་སྙིང་སྟོབས།ཡང་ན་འདུ་ཤེས་འཛིན་སྟངས་གང་ལ་མཚོན་ནའང་ཚོད་འཛིན་དང་ཚད་བཀག་ཡོད་པ་ལས། ཁོའི་མདུན་ལམ་ལྟ་བུའི་འཕུར་ཡུལ་ནམ་མཁའ་ལ་ཟད་པ་དང་བྲི་བ་མེད་པར།རྒྱ་ཆེ་ཞིང་ཁོད་ཡངས་པས།
འདི་ན་མེད་ཀྱང་དེ་ན་ཡོད་པ་ལྟ་བུའི་ཕྱོགས་ཡོངས་ཀྱི་སྒོ་ནས་རྙེད་དགོས་པ་ཞིག་རེད། རྩོམ་པ་པོས་ཆོས་ཉིད་དེ“ནམ་ཞིག་གཤོག་རྩལ་བྲི་ཡི་ནམ་མཁའ་ཟད་པར་མི་འགྱུར་བ་བདེན”ཞེས་མཚོན་སྟོབས་ཅན་གྱི་ཚིག་ལ་དྲངས་ཡོད། འདི་ནི་ཆོས་ཉིད་ཅིག་རེད་ལ་བདེན་ལུགས་དང་གནས་ལུགས་ཤིག་ཀྱང་ཡིན་པས། ང་ཚོས་ཤེས་དགོས་པའི་གནད་འགག་ཅིག་རེད་བསམ། འདི་དང་རིགས་སྔ་མའི་བསྟོད་རྩོམ་དག་དང་མི་འདྲ་སའམ་ཐོལ་བརྒལ་གྱི་ཆ་དེའང་དཀྱེལ་ཡངས་དང་ཚད་ཐིགས་ཀྱི་ཆ་འདི་ན་ཡོད་བསམ།(བོད་སྔ་རབས་པའི་བསྟོད་རྩོམ་དག་ནི་མིའི་རྟོགས་པ་དང་ཤེས་རབ་ལས་བརྒལ་ཏེ།ཇི་ལྟ་བ་དང་ཇི་རྙེད་པའི་ཤེས་བྱ་མཐའ་དག་མཁྱེན་པ་དང་ནུས་པ།གཟིགས་པ།རྟོགས་པ་སོགས་ཚད་མེད་པའི་སྒོ་ནས་དངོས་དོན་ལ་རྒྱབ་འགལ་བྱས་ཡོད་པར་སྣང་ལ། གང་ལྟར། འདི་ནི་བསྟོད་རྩོམ་ཞིག་ལ་ཁས་ལེན་བྱས་ན་རིགས་སྔ་མ་དང་མི་འདྲ་ས་དེ་མིའི་ཤེས་རབ་དང་མིའི་རྟོགས་པ།མིའི་ཤེས་བྱ་ལ་ཚད་བཀག་ཡོད་པའི་དངོས་དོན་བསྟན་ཡོད) རྩོམ་པ་པོས་ཆོས་ཉིད་ཟབ་མོ་དེ་མཚོན་ཕྱིར“དེ་ལྟ་ནའང༌། གཤོག་རྩལ་མ་བྲི་ཕྱིར་ལ་ལྡོག་ན། རྒོད་པོ་སྤོབས་པ་ཞུམ། གཤོག་རྩལ་བྲི་ཚེ་ཕྱིར་ལ་ལྡོག་ཀྱང༌།ལྡོག་པའི་ལམ་དུ་འཆི”ཞེས་སྒྱུ་རྩལ་དང་ལྡན་པའི་སྐད་ཆར་དྲངས་ཡོད། ངེས་དོན་གྱིས་རླབས་ཆེན་གྱི་སྐྱེས་བུ་དམ་པ་ཞིག་ལ་མཚོན་ན། ཁོའི་མི་ཚེའི་ཆོས་ཉིད་ཀྱང་དེ་འདྲ་ཞིག་ཡིན་པ་རེད། ཁོའི་ཐུན་མིན་གྱི་ཁྱད་ཆོས་ཏེ། བློ་རིག་དང་སྙིང་སྟོབས། ཤེས་བྱ་ཡི་མཚོན་དོན་བྱས་པའི་གཤོག་རྩལ་བྲི་བ་ལས། ནམ་མཁའི་གཟུགས་སུ་བཀོད་པའི་མི་རིགས་མདུན་ལམ་ནི་ཕྱོགས་མང་བོ་ཞིག་ནས་འཚོལ་དགོས་པ་དང་ཡོད་པ།
དེ་ནི་མིའི་བློ་རྩེ་དང་འཚོལ་དཔྱོད་ཀྱི་ཚད་བཀག་ལས་བརྒལ་དགོས་པའི་བསམ་པ་བསྟན་ཡོད། དེ་ནི་ཤེས་བྱ་དང་རྟོགས་བྱ་གལ་ཆེན་ཞིག་རེད། དེ་ནི་ཁེར་ལམ་ཞིག་ཡིན་པས་གཅིག་ན་བཀག་ན་ཡོངས་ནས་རྫོགས་པ་ཞིག་གཏན་ནས་མ་ཡིན།
ཆོས་ཉིད་འདིར་སིམ་པའི་དོན་དམ་གྱི་སྐྱེས་བུའམ་ངེས་དོན་གྱིས་རླབས་ཆེན་གྱི་རྒོད་པོ་ལ་མཚོན་ན། ཁོའི་བློ་རིག་དང་སྤོབས་པ། སྙིང་སྟོབས་ཀྱིས་ཟིན་པ་མཐའ་དག་ལ་གདོང་གཏོད་པ་མ་ཟད། གཏད་ངེས་པ་ཞིག་ཀྱང་ཡིན་པས། དེ་དང་དེ་ལྟ་བུ་ལ། ད་གཟོད་དོན་དམ་གྱི“ཤེས་ལྡན་པ”ཞེས་ཀྱང་སྨྲས་ཆོག་ལ། ད་གཟོད“མི་བུ་སྒལ་ཚིགས་ཅན”“མི་བུ་དཔྱོད་ཤེས་པ” “མི་བུ་དོགས་སློང་ཅན” “མི་བུ་བརྩེ་བ་ཅན” “མི་བུ་འགན་འཁྲི་ཅན”ཞེས་མཚན་སྙན་གྱི་བ་དན་ཡང་ངེས་དོན་གྱིས་སྒྲེང་ཆོག དེ་ལྟ་བུའི་སྐྱེས་བུར་མི་གཞི་ཡོད་ལ་ཡར་ལངས་ཐུབ་ཅིང༌། རེ་བ་དང་དམིགས་ཡུལ་ཡོད། དེ་ནི་རླབས་ཆེན་གྱི་སྐྱེས་བུ་ཞིག་ཡིན་ཏེ། དམིགས་པ་དང་ཕུགས་བསམ་མཐོ་དྲག་པས། དུར་ས་མཁའ་ལ་འདེབས་རྒྱུའི་རྟོག་འཆར་ཡིན་ཡང་སྙིང་སྟོབས་ཀྱིས་་ཁེངས་ཡོད་པའི་མི་རིགས་ཤིག་གི་གདོང་རྒྱུད་འཁྲུལ་མེད་ལའང་རྩིས་ཆོག་པ་མ་ཡིན་ནམ།
ད་ལྟ་བསམ་ན།མ་མཐར་ཡང་ང་ཚོ་ལའང་དེ་ལྟར་འདང་རྒྱག་གིས་ཟིན་པའི་སྐྱེས་བུ་ཡོད་པ་མ་ཡིན་ནམ། འོན་ཀྱང༌། སྐྱེས་བུ་དེ་དག་གིས་ཆོས་ཉིད་དེ་ཤེས་བཞིན་དུ་གཡོལ་ཟིན་པ་དང་གཡོལ་ངེས་པ་ནི་ཅི་འདྲའི་ཕངས་སེམས་ཤིག་རེད། འདི་ནི་ང་ཚོས་བཤད་ན་འདོད་པའི་ཤེས་ཡོན་པའི་གནད་དོན་ཞིག་རེད་ལ། རྩོམ་པ་པོ་ཁོང་ཡང་ཐེ་བའི་སྐྱེས་བུ་སྐོར་ཞིག་གི་ཉེས་དམིགས་ཀྱང་མ་ཡིན་ནམ།
རྩོམ་ཁུངས། ངེད་དྲ་བ།