སྐད་ཆ་རེ་གཉིས་ཀྱིས་བོད་ཀྱི་རྩོམ་རིག་དཔྱད་བརྗོད་ལ་ཞན་ཆ་ཤོར་བའི་རྐྱེན་གླེང་བ།
མི་རིགས་ཤིག་གི་རྩོམ་རིག་འཕེལ་རྒྱས་སུ་འགྲོ་དགོས་ན། རྩོམ་རིག་གསར་རྩོམ་དང་རྩོམ་རིག་དཔྱད་བརྗོད་གཉིས་ནི་མེད་
དུ་མི་རུང་བའི་གྲུབ་ཆ་གཙོ་བོ་གཉིས་ཡིན། རྩོམ་རིག་གསར་རྩོམ་གྱིས་རྩོམ་རིག་དཔྱད་བརྗོད་ལ་རྒྱུ་ཆ་འདོན་སྤྲོད་བགྱིས་ལ། རྩོམ་རིག་དཔྱད་བརྗོད་ཀྱིས་རྩོམ་རིག་གསར་རྩོམ་ལ་སྣེ་ཁྲིད་དང་མཛུབ་སྟོན་བྱས། རྩོམ་རིག་གི་དཔྱད་བརྗོད་ཕྱོགས་བསྡོམས་ བྱས་ཏེ་ད་གཟོད་རྩོམ་རིག་གི་གཞུང་ལུགས་གྲུབ། རྩོམ་རིག་གཞུང་ལུགས་ཀྱི་སླར་ཡང་རྩོམ་རིག་གསར་རྩོམ་དང་རྩོམ་རིག་ དཔྱད་བརྗོད་ལ་ལེགས་ཉེས་དབྱེ་འབྱེད་ཀྱི་ཚད་གཞི་མཁོ་སྤྲོད་གནང་བས། རྩོམ་རིག་བྱ་འགུལ﹙文学活动﹚ཁྲོད་དུ་རྩོམ་རིག་དཔྱད་བརྗོད་ཀྱིས་ནུས་པ་གལ་ཆེན་འདོན་གྱིན་ཡོད། མི་རིགས་ཤིག་གི་རྩོམ་རིག་དར་རྒྱས་བྱུང་དགོས་ན་རྩོམ་རིག་དཔྱད་བརྗོད་ནི་ལོགས་སུ་བསྐྱུར་མི་རུང་བའི་ལས་འགན་འགངས་ཆེན་ཞིག་ཏུ་འཁུམས།
སྤྱིར་རྩོམ་རིག་དཔྱད་བརྗོད་ཀྱིས་རྩོམ་རིག་གི་སྣང་ཚུལ་ལ་ཕྱོགས་བསྡོམས་དང་། བརྩམས་ཆོས་དངོས་ལ་དཔྱད་གླེང་། ཀློག་མཁན་དང་བརྩམས་ཆོས་བར་ལ་འབྲེལ་ཟམ་འཛུགས་པ། དཔྱད་བརྗོད་ཁྲོད་ནས་རྩོད་པ་སྤེལ་བ་བཅས་ཀྱིས་ནུས་པ་ ཡོད་ལ་འདི་དག་རྩོམ་རིག་དཔྱད་བརྗོད་ཀྱི་ལས་འགན་ཡང་ཡིན། འོན་ཀྱང་ངེད་ཅག་གི་རྩོམ་རིག་དཔྱད་བརྗོད་ཀྱི་གནས་ བབ་ལ་འཁྱུག་ཙམ་བལྟས་ན་དཔྱད་བརྗོད་ཀྱི་ལས་འགན་དེ་དག་ཁྲོད་ནས་མང་ཤོས་ཤིག་བཏང་སྙོམས་སུ་བསྐྱུར་བ་ཚབས་ཆེ།
རྩོམ་རིག་དཔྱད་བརྗོད་ཀྱི་ཞན་ཆ་ཡང་འདི་ནས་མངོན་པ་རེད། ཡང་སྙིང་ཞན་ཆ་འདི་དག་འབྱུང་བའི་རྒྱུ་དང་རྐྱེན་གང་ ཡིན་ཟེར་ན། འདི་ཡང་རྩོམ་རིག་དཔྱད་བརྗོད་ཀྱི་གྲུབ་ཆ་དང་མཐུན་རྐྱེན་ལ་ཞན་ཆ་ཤོར་སོང་བ་རེད། སྤྱིར་གཞུང་ལུགས་ཚད་བཀག་ཡོད་པ། དཔྱད་བརྗོད་ཀྱི་ཆེད་ལས་མེད་པ། ཆེད་ལས་དཔྱད་བརྗོད་ཀྱི་མི་སྣ་དཀོན་པ། དཔྱད་བརྗོད་ཀྱི་ཡུལ་འཛོམས་པོ་མིན་པ། རྩོམ་རིག་དཔྱད་བརྗོད་ལ་དང་དོད་བྲལ་བ་སོགས་ཡིན་ནམ་སྙམ།
དང་པོ། གཞུང་ལུགས་ལ་ཚད་བཀག་ཡོད་པ།
རྩོམ་རིག་གཞུང་ལུགས་རྒྱབ་རྟེན་དུ་བཞག་ཏེ་རྩོམ་རིག་གི་སྣང་ཚུལ་སྤྱི་དང་བརྩམས་ཆོས་བྱེ་བྲག་པར་དཔྱད་བརྗོད་སྤེལ་བ་ནི་རྩོམ་རིག་དཔྱད་བརྗོད་ཀྱི་སྤྱིའི་འགྲོ་ཕྱོགས་ཡིན། ང་ཚོར་གྱ་ནོམ་པའི་རྩོམ་རིག་གཞུང་ལུགས་ཤིག་གྲུབ་མེད་ལ། རྩོམ་རིག་དཔྱད་བརྗོད་ཀྱི་གཞུང་ལུགས་ནི་དེ་ལས་ཀྱང་དཀོན། དེ་བས་རྩོམ་རིག་དཔྱད་བརྗོད་བྱས་པར་གཞུང་ལུགས་ཐད་ཀྱི་ཚད་བཀག་ཐེབས། རྒྱུ་མཚན་དེའི་དབང་གིས་ང་ཚོས་མི་རིགས་གཞན་ཞིག་གི་གཞུང་ལུགས་ལ་ཟུར་ལྟ་བྱས་རྒྱུ་ནི་ཁ་ཚ་དགོས་གཏུག་གི་བྱ་བཞག་ཡིན། མི་རིགས་གཞན་ཞིག་གི་གཞུང་ལུགས་ལ་ལྟ་དགོས་ཚེ། སྐད་རིགས་གཞན་ཞིག་མ་མཐའ་ཡང་ཤེས་དགོས། མི་རིགས་དེ་དག་གི་རིག་གནས་ལ་རྒྱུས་ཅུང་ཡོད་དགོས་པ་མ་ཟད། མིང་དུ་གྲགས་པའི་བརྩམས་ཆོས་རེ་གཉིས་ཀྱང་ངེས་པར་དུ་བཀླག་དགོས། དེ་ལྟར་བྱས་ཚེ་ད་གཟོད་གཞུང་ལུགས་ཀྱི་གོ་བ་རྒྱ་བསྐྱེད་པར་སྟབས་བདེ་བཟོ་ཡོང་སྲིད། གཞན་ཡང་གཞུང་ལུགས་དེ་དག་དངོས་པོ་སྤོར་བ་ལྟར་ཐད་ཀར་རང་ཅག་གི་བརྩམས་ཆོས་སྟེང་དུ་ཡང་སྦྱོར་མི་རུང་བས་རྩོམ་རིག་དཔྱད་བརྗོད་ཀྱི་ཚེགས་ཤིན་ཏུ་ལྕི། གཞུང་ལུགས་ཐད་ཀྱི་ཚད་བཀག་ཡོད་པའང་རྩོམ་རིག་དཔྱད་བརྗོད་ལ་ཞན་ཆ་ཤོར་བའི་རྒྱུ་རྐྱེན་གྲས་སུ་བཞག་ན་འོས་པར་སེམས།
གཉིས་པ། རྩོམ་རིག་དཔྱད་བརྗོད་ཀྱི་ཆེད་ལས་མེད་པ།
མི་རིགས་སློབ་ཆེན་སོ་སོར་རྩོམ་རིག་དཔྱད་བརྗོད་ཀྱི་ཆེད་ལས་བཙུགས་མེད་པས་རྩོམ་རིག་དཔྱད་བརྗོད་གཏན་འཇགས་དང་འཕེལ་རྒྱས། རྒྱུན་བསྲིངས་པར་ཁག་ཐེག་གང་ཡང་མེད། གཞན་མི་རིགས་སློབ་ཆེན་ལ་ལས་ཞིབ་འཇུག་སློབ་མར་ རྩོམ་རིག་གི་ཆེད་ལས་ཡོད་ཀྱང་། ཚད་ལྡན་གྱི་རྩོམ་རིག་དཔྱད་བརྗོད་ཀྱི་ཆེད་ལས་མེད་ཚོད་འདུག རྩོམ་རིག་དཔྱད་བརྗོད་ཀྱི་ཆེད་ལས་མེད་པས་རྩོམ་རིག་དཔྱད་བརྗོད་དོན་དུ་གཉེར་མཁན། དེར་ཐུགས་བསམ་གནང་མཁན། དེའི་ཕྱོགས་སུ་ཞིབ་འཇུག་བྱེད་མཁན་སོགས་དཀོན་འདུག མདོར་ན་ང་ཚོའི་རྩོམ་རིག་དཔྱད་བརྗོད་སོ་ནམ་ཤོར་བའི་ཞིང་ས་བཞིན་དུ་མི་ལུས་ཀ་མེད་རེད། རླུང་ནང་གི་མར་མེ་བཞིན་ཏུ་མི་གནས་ཐུ་མེད་རེད། རྩོམ་རིག་དཔྱད་བརྗོད་པའི་སྡེ་ལ་བལྟས་ན་ཡང་སློབ་ཆེན་ག་གེ་མོའི་དགེ་རྒན་རེ་གཉིས་དང་རྩོམ་སྒྲིག་ཁང་ཆེ་གེ་མོའི་རྩོམ་སྒྲིག་པ་རེ་གཉིས་ལས་མེད། དེ་བས་རྩོམ་རིག་དཔྱད་བརྗོད་ཀྱི་རྒྱུན་མ་འགག་པར་རུ་དཔུང་བཙན་པོ་ཞིག་བསྒྲིག་དགོས་ན་རྩོམ་རིག་དཔྱད་བརྗོད་ཀྱི་ཆེད་ལས་ནི་མེད་དུ་མི་རུང་བའོ།
གསུམ་པ། ཆེད་ལས་དཔྱད་བརྗོད་ཀྱི་མི་སྣ་དཀོན་པ།
རྩོམ་རིག་དཔྱད་བརྗོད་ཀྱི་ཆེད་ལས་མེད་པས་ཆེད་ལས་དཔྱད་བརྗོད་ཀྱི་མི་སྣ་ངང་ངམ་ཤུགས་ཀྱིས་དཀོན་འགྲོ ཡིན་ཡང་དགའ་ཁ་ཁྱེར་ཕྱོགས་དབང་གིས་ཆེད་ལས་མིན་རུང་རྩོམ་རིག་དཔྱད་བརྗོད་དོན་དུ་གཉེར་མཁན་རེ་གཉིས་ཡོད་ཀྱང་སྲིད། གང་ལྟར་ཆེད་དུ་རྩོམ་རིག་དཔྱད་བརྗོད་ལ་འཇུས་ཏེ་དེའི་འབྲེལ་ཡོད་ཀྱི་དཔེ་ཆ་ཀློག་པ་དང་། ཞིབ་འཇུག་བྱས་པ། འབྲི་རྩོམ་གནང་བ། དཔྱད་གླེང་སྤེལ་བ་སོགས་ཀྱི་མི་སྣ་ཤིན་ཏུ་དཀོན། ང་ཚོའི་དཔྱད་བརྗོད་སྤེལ་མཁན་རྣམས་ཀྱང་ལས་རྣམ་པ་སྣ་ཚོགས་སུ་འཇུག་མཁན་ཡིན་པས། དཔྱད་བརྗོད་ཀྱི་དོན་དེ་གྲལ་དག་པོ་ཞིག་ཏུ་འཁྱོངས་ཀྱིན་མེད་ཚོད་ འདུག དེ་བས་ང་ཚོའི་རྩོམ་རིག་དཔྱད་བརྗོད་མི་རིགས་གཞན་དང་རྒྱལ་ཁབ་གཞན་དང་འདྲ་བར་ཉིན་རེ་བཞིན་འཕེལ་ རྒྱས་དང་། དཔྱད་བརྗོད་ཀྱི་སྤུས་ཀ་ཡང་ཇེ་ལེགས་སུ་འགྲོའོ་ཞེས་པའི་ཚིག་གི་རྒྱ་འདེབས་པའི་གདེང་ཁོ་བོར་མེད་དོ།
བཞི་བ། དཔྱད་བརྗོད་ཀྱི་ཡུལ་འཛོམས་པོ་མིན་པ།
རྩོམ་རིག་གསར་རྩོམ་དང་རྩོམ་རིག་དཔྱད་བརྗོད་གཉིས་ནི་བྱ་ཞིག་གི་གཤོག་ཟུང་ལྟ་བུ་ཡིན་སྟབས། རྩོམ་རིག་དཔྱད་ བརྗོད་ལ་སྟོབས་མེད་ན་རྩོམ་རིག་གསར་རྩོམ་གྱི་ཤུགས་ངང་གིས་ཞན་འགྲོ དཔྱད་བརྗོད་ཀྱང་མིག་གི་མཐོང་ཚད་དང་ལག་ ཏུ་ཟིན་ཚད་དུ་བྱས་མི་རུང་སྟེ། བརྗོད་བྱར་དོན་སྙིང་ལྡན་པ། སྒྱུ་རྩལ་ལ་འཚོལ་བསྙེགས་ཡོད་པ། གསར་གཏོད་ཀྱི་ཆར་ཡོད་ པ། དུས་སྐབས་གང་རུང་ཞིག་གི་རྩོམ་རིག་བརྩམས་ཆོས་ཀྱི་འཐུས་ཚབ་ཏུ་འགྲོ་བ་སོགས་ལ་དམིགས་སུ་བགར་ལས་དཔྱད་པ་ བགྱིས་དགོས་ལ། གཞན་ཡང་བརྗོད་བྱར་དོན་སྙིང་དང་སྒྱུ་རྩལ་རིན་ཐང་མེད་པའི་བརྩམས་ཆོས་དེ་དག་ལ་ཡང་སྐྱོན་ཆར་ མཛུབ་མོ་བཙུགས་ཏེ་དཔྱད་བརྗོད་གཏོང་དགོས། ཡིན་ཡང་ང་ཚོའི་རྩོམ་སྟེགས་སུ་ཁྱད་དུ་འཕགས་པའི་བརྩམས་ཆོས་མང་ བོ་ཞིག་བྱུང་མྱོང་མེད་ལ། འདི་ནི་མཆོག་གོ་ཞེས་པའི་མང་མང་གིས་ཐུན་མོང་དུ་ཁས་ལེན་པའི་བརྩམས་ཆོས་ཀྱང་ལྷགས་ མེད། གང་ལྟར། དཔྱད་བརྗོད་གཏོང་རིན་འདུག་པའི་བརྩམས་ཆོས་གྲངས་ཞེ་དྲག་ཏུ་ཉུང་བས། རྩོམ་རིག་དཔྱད་བརྗོད་
ཀྱི་ཡུལ་འཛོམས་པོ་མིན་ནོ།
ལྔ་བ། རྩོམ་རིག་དཔྱད་བརྗོད་ལ་དང་དོད་བྲལ་བ།
རྩོམ་རིག་བརྩམས་ཆོས་ལས་དཔྱད་བརྗོད་ལ་དང་དོད་བྲལ་ཏེ།རྩོམ་རིག་གི་བྱ་བ་གཉེར་མཁན་དང་། རྩོམ་རིག་ལ་མོས་ བ་ཡོད་མཁན་འགའ་ཤས་ཤིག་མ་གཏོགས་དུས་དེབ་སྟེང་སྤེལ་བའི་དཔྱད་བརྗོད་ལ་ཡང་ཞིབ་མོ་མི་བལྟ། ཀློག་མཁན་གྱི་ཆ་ ནས་གཞིགས་ན་རྩོམ་རིག་དཔྱད་བརྗོད་ལ་དང་དོད་བྲལ། ང་ཚོའི་རིག་གནས་ཀྱི་བྱ་བ་གཉེར་མཁན་གང་མང་ཞིག་གིས་སྤྱིར་ རྩོམ་རིག་ལ་ཡང་དོ་སྣང་མ་བྱས། རྩོམ་རིག་དཔྱད་བརྗོད་ནི་དེ་བས་ཀྱང་ངོ་། འདི་ཡང་རྩོམ་རིག་ནི་རིག་གནས་གཞན་དང་ བསྡུར་ན་དངོས་ཡོད་འཚོ་བའི་ཁྲོད་བེད་སྤྱོད་ཀྱི་རིན་ཐང་ཐད་ཀར་མིན་པས་རྐྱེན་ཡིན་ངེས། གལ་སྲིད་ང་ཚོའི་ཁོར་ཡུག་ཏུ་ རྩོམ་རིག་དཔྱད་བརྗོད་ལ་དོ་སྣང་བྱེད་མཁན་མང་ཚེ། རྩོམ་རིག་དཔྱད་བརྗོད་ཀྱང་འདི་འདྲའི་ཉག་ཕྲ་བའི་གནས་ཤིག་ཏུ་ ལྷུང་དགོས་དོན་ཡོད་སྲིད་རྒྱུ་མ་རེད།
གོང་གི་རྒྱུ་དང་རྐྱེན་དེ་དག་གི་དབང་གིས་ང་ཚོའི་རྩོམ་རིག་དཔྱད་བརྗོད་ལ་ཞན་ཆ་ཤོར་སོང་ཨེ་སྙམ། གཞན་དེང་གི་ ང་ཚོའི་རྩོམ་རིག་དཔྱད་བརྗོད་ཀྱི་རྣམ་པར་བལྟས་ན། ཐོག་མར་བརྩམས་ཆོས་བྱེ་བྲག་པ་དེ་བསམ་བློ་རང་བཞིན་དང་གཞུག་ ནས་སྒྱུ་རྩལ་རང་བཞིན་གླེང་བའི་དཔྱད་བརྗོད་སྤྱི་འགྲོས་ཅན་གྱི་དུས་སྐབས་དེ་རེ་ཞིག་འདས་ནས་བརྩམས་ཆོས་ཀྱི་ངོས་སོ་སོ་ནས་བྱེ་བྲག་གི་དཔྱད་པར་འཇུག་གིན་འདུག་པས། འདི་ཡང་རྩོམ་རིག་དཔྱད་བརྗོད་ཀྱི་འཕེལ་རྒྱས་ཀྱི་མངོན་རྟགས་སུ་ དྲངས་ན་མི་རུང་བ་ཞིག་མིན་པར་སེམས་སོ།
2010.02.10ཉིན་མགོ་ལོག་ནས།
རྩོམ་ཁུངས། ངེད་དྲ་བ།