《སྤྲིན་གྱི་ཕོ་ཉ》དང《ཕོ་ཉ་གཞོན་ནུ་དོན་གྲུབ》གཉིས་ཀྱི་ལམ་གྱི་བཀོད་པའི་གཤིབ་སྡུར།༡
གསུམ། དེ་གཉིས་གསལ་བྱེད་ཀྱི་དཔེ་འགོད་ཚུལ།
སྙན་ངག་ལ་ཅུང་ཟད་སྦྱངས་མྱོང་བའི་ཞིག་ཡིན་ན།མཛེས་པའི་དཔེ་སྟོན་པ་ལ་མཆོག་ཏུ་གྱུར་པ་སློབ་དཔོན་ནག་མོ་ཁོལ།རྗེས་ཁྲིད་ཀྱི་སྒྲ་སྦྱོར་བ་ལ་མཆོག་ཏུ་གྱུར་པ་བྷ་ར་ཝི།སྙན་པའི་རོ་འདོན་པ་ལ་མཆོག་ཏུ་གྱུར་པ་དབྱུག་པ་ཅན་ཞེས་པའི་སྙན་ངག་གི་གྲོང་ཙོ་ཆེན་པོའི་ནང་ན་ངོ་མཚར་འབེལ་གཏམ་ཞིག་ཡོད་པ་རྣ་བས་ཐོས་མྱོང་བ་ཤིན་ཏུ་ཉུང་བས་སེམས།དེས་ན་སློབ་དཔོན་ནག་མོ་ཁོལ་གྱི་དཔེ་སྦྱོར་ཚུལ་ཁྱད་པར་ཅན་དེ་ཡང་སྙིང་ཇི་ལྟ་བུ་ཞིག་ཡིན་ནམ་ཞེ་ན།ཁོ་བོས་བསམས་ན།དེ་ནི་གཙོ་བོར་སྤྱིར་ཁོ་རང་གི་དཔེ་དེ་རང་ཅག་བོད་པ་རྣམས་ཀྱིས་རི་མཐོ་བའི་དཔེ་ལ་འབིགས་བྱེད་རི་བོ་དང་།ཆུ་ཆེན་པོའི་དཔེ་ལ་ཆུ་བོ་གངྒ་ལྟ་བུའི་རྩོམ་པ་པོ་རང་གི་ཀློག་པ་པོ་ཀུན་ལ་དབང་པོ་མངོན་སུམ་པའི་ཉམས་མྱོང་དང་མྱོང་ཚོར་མེད་པའི་ཆོས་དག་དཔེར་འགོད་པ་ལྟ་བུ་མིན་པར།དཔེ་དེ་རང་གི་ཉེ་འཁོར་ཀུན་ཏུ་དུས་རྒྱུན་མཐོང་ཐོས་སུ་ཡོད་པ་དང་ཆ་རྒྱུས་ཡོད་པ།རང་གི་འཚོ་བ་དང་ཆེས་དམ་པོར་འབྲེལ་བ་ཞིག་དང་།ལྷག་པར་དུ་དེ་ལྟའི་དཔེ་དེ་ད་དུང་ཚིག་རྒྱན་རྐྱང་བ་ཙམ་ཞིག་གི་ཙད་ལས་མ་བསྐྱུར་བར་ཡུལ་དང་ཡུལ་ཅན་མཚམས་སྦྱོར་བྱེད་ཀྱི་རྐྱེན་དུ་གྱུར་པ་དང་།སྙན་ངག་རང་གི་རྨང་གཞིའི་ཁམས་དང་མི་སྣའི་སེམས་པ་དང་ཡང་འབྲེལ་བར་གྱུར་པས།དཔེ་དེ་ཚིག་རྒྱན་ལས་འདས་ཏེ་སྙན་ངག་གི་ཆ་ཤས་ཤིན་ཏུ་གྱུར་པའམ་དཔེ་རང་སྟེང་ལའང་སྙན་ངག་གི་བྲོ་བ་ཡོད་པར་གྱུར་པ་འདིའི་སྟེང་ནས་སློབ་དཔོན་ནག་མོ་ཁོལ་གྱི་དཔེ་སྦྱོར་ཚུལ་ཁྱད་པར་ཅན་དེ་གསལ་པོར་མཚོན་ཐུབ་སྙམ།དཔེར་ན།“ཁྱོད་ནི་གཡོ་མེད་རྩེ་མོར་གནས་ཚེ་ཨ་མྲའི་ནགས་ཀྱི་འབྲས་བུ་རྒྱས་པར་སྨིན་པ་ནི།།ཕྱོགས་ཀུན་ཁྱབ་པར་བཀྲམ་པ་དགའ་མའི་རྣམ་མཛེས་ལན་བུ་དག་དང་མཚུངས་པ་བཞིན་དུ་གྱུར།།ས་གཞི་མཛེས་མའི་ནུ་རྒྱས་ལྷག་མ་དཀར་ཞིང་ཐིག་ལེ་སྔོན་པོས་མཛེས་པ་བཞིན།།འཆི་མེད་ཁྱོ་ཤུག་དག་ནི་ཡ་མཚན་ངེས་པ་ཐོབ་པའི་མིག་གིས་རབ་ཏུ་ལྟ་བར་བྱེད།།”ལྟ་བུ་ནགས་དང་རི་བོའི་དཔེར་མཛེས་མའི་ལན་བུ་དང་འོ་འཛིན་བཞག་པས་གཅིག་ན་བུ་མོ་དག་རང་ཅག་ལ་གསལ་ཆ་ཆེ་བས་ནགས་དང་རི་བོའི་རྣམ་པ་སེམས་ལ་ལྷང་ངེར་བྱེད་ལ།གཉིས་སུ་ན་རྩོམ་གྱི་མི་སྣའི་དྲན་བྱ་ལན་བུ་དང་འོ་འཛིན་ལྡན་པའི་བུད་མེད་ཡིན་པ་དང་།བརྗོད་སྙིང་ཡང་དགའ་མ་དང་བྲལ་བའི་གདུང་བ་དང་དགའ་མ་དྲན་པའི་སེམས་པ་བཟོད་དཀའ་བ་འདི་ཡིན་པས།དཔེ་འདིས་ནགས་དང་རི་བོ་དང་།དྲན་ཡུལ་གྱི་དགའ་མ་གཉིས་སྦྲེལ་བར་བྱས་ཏེ།དྲན་གདུང་དེ་མཚོན་པར་རྨ་ཐོག་ལ་ཚྭ་བླུགས་པ་ལྟར་ཆེས་རྣོ་དབལ་ཅན་དུ་བྱས་ཡོད།
གཞན་ད་དུང“དེ་བརྒལ་སིནྡྷུའི་ཆུ་ནི་ལན་བུ་བཞིན་དུ་ལུས་ནི་རབ་ཏུ་ཕྲ་བར་གྱུར་པ་ཅན།།ངོགས་སུ་སྐྱེས་པའི་ཤིང་ནི་རྙིངས་པའི་འདབ་མ་ལྷུང་བ་རྣམས་ཀྱིས་ཁྱབ་པར་བསྒྲིབས་པས་དཀར།།ཀྭ་ཡེ་སྐལ་བཟང་ཁྱོད་དང་བྲལ་བར་གནས་པས་ལུས་ཀྱི་གནས་སྐབས་འདི་འདྲར་འགྱུར།།གང་གི་ཆུང་མ་སྤངས་ནས་ཆེ་བའི་གནས་སྐབས་མཛད་དམ་ཁྱོད་མཁྱེན་དེ་ནི་རྗོད་པར་བྱེད།”ལྟ་བུས་ཀྱང་ཆུ་བོ་སིནྡྷུའི་དཔེར་རང་གི་དྲན་ཡུལ་གྱི་བུད་མེད་དང་འབྲེལ་བའི་བུ་མོའི་ལན་བུ་དཀོད་ལ། དེ་གཉིས་ཀྱི་མཚུངས་ཆོས་ལ་གནག་སྣུམ་ཤིག་ཤིག་གཡོ་བ་ལྟ་བུ་མ་ཡིན་པར་ཆེས་ཕྲ་བར་གྱུར་པ་དེ་བཀོད་པ་དང་།ཡུལ་དེ་ན་རྒྱུ་བའི་ཆུ་བོ་སིནྡྷུའི་ལུས་ཕྲ་བར་གྱུར་པའི་རྒྱུ་ལ་སྤྲིན་དང་ཁ་བྲལ་བ་ཡིན་པར་བསྟན་པའི་ཤུགས་སུ།རང་ཤུགས་ཀྱིས་རྩོམ་གྱི་མི་སྣ་རང་ཡང་“འདོད་ལྡན་དེ་ནི་མཛེས་མ་སྤངས་ཤིང་ཟླ་བ་འགའ་ཡིས་རི་བོ་དེར་ནི་ཕྱིན་བྱས་པའི།།ལག་པ་ཕྲ་བར་གྱུར་ནས་གསེར་གྱི་གདུ་བུ་དག་ནི་དཔུང་བའི་བར་དུ་རྒྱུ་བར་བྱེད”པ་ལྟ་བུའི་གྱེས་བྲལ་ལས་བྱུང་བའི་ལུས་སེམས་གཉིས་ཀྱི་གནར་གཅོད་ཀྱི་ཚུལ་དེ་མངོན་པར་ཐོན་པས།དཔེ་འདིས་ཀྱང་གོང་ལྟར་གཅིག་ན་ཆུ་བོ་སིནྡྷུའི་ཚུལ་མཚོན་པ་དང་།གཉིས་སུ་ན་རྩོམ་གྱི་རྨང་གཞིའི་གདངས་སམ་རྩོམ་གྱི་བརྗོད་སྙིང་དང་རོ་གཅིག་པར་བྱས་ཡོད།འདི་ལྟ་བུ་ནི་དངོས་སུ་ནས་བོད་འགྱུར་སྙན་རྩོམ་གཞན་དང་བོད་ཀྱི་སྙན་རྩོམ་ཁྲོད་ཆེས་ཆེར་དཀོན་པ་ཞིག་ཡིན།ད་དུང“ཁྱོད་ནི་ཅུང་ཟད་ནུབ་ཏུ་བསྐྱོད་ཅིང་གནས་བྱ་འཕྲལ་ལ་རྨོས་ཀྱི་རོལ་གྱིས་དགའ་བ་ཡི།།གནམ་ཆུ་སྒུག་པའི་ཞིང་ལ་གྲུ་ཆར་རྒྱས་བྱ……”ལྟ་བུ་དང་།“ཁྱོད་ཀྱིས་ནགས་ནས་ཤིང་སྐམ་རྣམས་ནི་ཆར་གྱིས་བརླན་པར་བྱས་བཞིན་ལེགས་པར་མཛོད”ལྟ་བུ་ཡང་སྤྱིར་ཕལ་བའི་ངོར་སྤྲིན་ལས་ཆར་བ་འབྱུང་བའི་རྒྱུན་ཤེས་ཙམ་ཞིག་བསྟན་པ་ལྟར་སྣང་ཡང་།ཞིབ་ཏུ་བསམས་ན་འདི་ཡང་དེ་ལྟ་བུ་ཙམ་ཞིག་གིས་མི་ཚད་པར།ཚ་བས་ཉེན་ཅིང་སྐམ་པར་གྱུར་ཏེ་བརླན་གྱི་དྲི་མ་ཙམ་ཡང་མེད་པར་སྐྱ་ཐིང་ངེར་ཤུན་པ་གྱེན་དུ་བརྫེས་ཏེ་ཡོད་པའི་སྡོང་སྐམ་གྱི་ཚལ་དེ།སྐབས་དེའི་རྩོམ་གྱི་མི་སྣའི་སེམས་པ་དང་མཐུན་ས་ཡོད་པ་ང་ཚོས་ཤེས་ཐུབ་ལ།དེ་བཞིན་དུ་ཞིང་ཐམས་ཅད་རྨོས་ཀྱིས་ཕྱིར་སློག་སྟེ་ས་ཐམས་ཅད་སྐམ་ནས་སྐྱ་ཤུར་ཤུར་དུ་ཡོད་པའང་སྐབས་འདིའི་རྩོམ་གྱི་མི་སྣའི་སེམས་པའི་མཚོན་རྟགས་མ་ཡིན་ཞེས་སུས་སྨྲ་བཏུབ།དེ་བས་ན།ཚིག་འདི་གཉིས་ཀྱིས་ཀྱང་ལམ་ཁའི་ས་སྐམ་པོ་དང་ནགས་སྐམ་པོ་རང་ག་བ་དང་ཁེར་ཚུགས་པ་ཞིག་སྟོན་པ་ཁོ་ན་མ་ཡིན་པར།ད་དུང་སྐབས་དེའི་མི་སྣའི“སེམས་སྐམ་པོ”དེའི་མཚོན་དོན(象征)དུའང་གྱུར་ཡོད།འདི་ལྟའི་དཔེ་དག་སློབ་དཔོན་ནག་མོ་ཁོལ་ལ་མཚོན་ན་རེ་གཉིས་ཙམ་མ་ཡིན་པར་ཆེས་མང་དུ་ཡོད་པས།སྙན་ངག་གི་ཁྲིད་སྟེགས་སྟེང་ན་དཔེ་མཛེས་པ་སྟོན་པ་ལ་མཁས་པ་ནག་མོ་ཁོལ་ཅེས་གྲགས་པ་དོན་ལ་ཤིན་ཏུ་གནས་པ་ང་ཚོས་གསལ་པོར་ཤེས་ཐུབ།
རྒྱན་གྱི་སྦྱོར་བ་འདི་སྒིས་སྟེང་པས་ཀྱང་མང་དུ་སྤྱད་ཡོད།འོན་ཀྱང་འདི་ལས་ཐོན་པའི་དགེ་མཚན་ནག་མོ་ཁོལ་དང་མི་འདྲ་སྟེ།སྒིས་སྟེང་པའི་དཔེ་དག་རང་གི་བརྗོད་སྙིང་དང་འབྲེལ་བ་ཕར་ཞོགང་ཚོའི་ཁོར་ཡུག་ན་རྒྱུན་དུ་མཐོང་ཐོས་བཀོལ་སྤྱོད་དུ་ཡོད་པ་དག་ཀྱང་མ་ཡིན་པར།གཙོ་བོ་ནི་རང་ཉིད་ཀྱི་རྟོག་པའི་ངོར་ཆེ་བའམ་མཐོ་བའམ་མཛེས་པར་སྙམ་པའི་ང་ཚོའི་དབང་མངོན་གྱི་ཉམས་མྱོང་དུ་མ་གྱུར་པ་དག་ཡིན་པས།འདི་ལྟའི་དཔེ་དག་དཔེ་ཉིད་སྙན་ངག་གི་ཆ་ཤས་སུ་གྱུར་པའམ་མྱོང་རོལ་གྱི་གནས་སུ་འགྱུར་བ་ཕར་ཞོགཐ་ན་ཀློག་པ་པོའི་རྒྱུད་ལ་འདི་ལྟ་བུའོ་སྙམ་པའི་སྣང་བརྙན་གསལ་པོ་ཞིག་ཀྱང་འཇོག་དཀའ།“རྩེ་མོ་མཁར་བསྙེགས་ཉི་ཟླའི་རྣ་ཆ་ཟུང་།།མགུལ་བར་བཟུང་བའི་འབིགས་བྱེད་རི་བོའི་སྤུན།།ཁུག་པ་བརྐྱངས་པས་མིའུ་ཐུང་གོམ་པ་ཡང་།།གྲོག་མའི་སུག་པའི་རྗེས་ལ་ཡང་དག་རྟོག།”ལྟ་བུར་མཚོན་ན།འབིགས་བྱེད་རི་བོ་དང་མིའི་ཐུང་གོམ་པ་ལྟ་བུ་ང་ཚོར་ཆེས་མཐོ་བ་ཆེས་རིང་བར་གྲགས་པའི་བཤད་རྒྱུན་གྱིས་དཔེ་ཅན་རི་བོ་དང་ལམ་དེ་ཡང་དེ་ལྟར་དུ་མཐོ་བ་དང་རིང་བར་བསམ་དགོས་པ་ལས།འདི་ལྟར་དུ་ཡིན་ནོ་སྙམ་པའི་མངོན་སུམ་གྱི་ཉམས་མྱོང་མེད་པས།དཔེ་རང་ཉིད་ཆེས་གསལ་ས་སྣང་བརྙན་ཅན་ཞིག་མིན་པར་རབ་རིབ་ཅན་དུ་གནས་པས་ན།དེས་གསལ་བར་བྱ་བའི་ཆོས་རི་བོ་དང་ལམ་དེའི་གསལ་བྱེད་དམ་རམ་འདེགས་སུ་འགྲོ་དཀའ།དེས་ན<<སྤྲིན་གྱི་ཕོ་ཉ>>དཔེ་ལྟར་དཔེ་དེ་བརྗོད་བྱའི་བསྟན་དོན་ནམ་མི་སྣའི་སེམས་ཁམས་ཀྱི་འགྱུར་བ་དང་ངོ་བོ་རོ་གཅིག་ཏུ་གྱུར་ཏེ་དཔེ་རང་ཉིད་སྙན་ངག་གི་ཆ་ཤས་སུ་གྱུར་པ་དང་།ཡང་ན་དྲན་པ་པོ་དང་དྲན་བྱ་མཚམས་སྦྱོར་བར་བྱེད་པའི་དྲན་བྱེད་དུ་གྱུར་པ་ཞིག་དཀོན་པ་སྨོས་མ་དགོས། ཡང “ཕྱོགས་འགྲུལ་སྙིམ་པའི་གཞོང་བ་རིན་ཆེན་གྱིས།། ཕྱུར་བུར་བཀང་རྣམས་དབང་ཆེན་མཚན་མའི་ལྟོར།། འཇིགས་སྡེ་མ་ནི་རྒྱུན་ཆད་མེད་ལ་རྟོག།”ལྟ་བུ་དང་།“དེ་ལ་ས་ཡི་ལྷ་བཙུན་ན་རིམ་གྱིས།།བཙུགས་པའི་ཟམ་པ་དགུ་ཚིགས་ཞགས་པའི་གཉེན།།”ལྟ་བུ་བལྟས་མ་ཐག་བཔ་ནས་སྙན་ངག་པའི་ཁྱད་འཕགས་ཀྱི་རྟོག་པའི་ནུས་པ་ལ་ང་ཚོ་ངོ་མཚར་ཆེན་པོ་སྐྱེ་བར་འགྱུར་བར་གདོན་མི་ཟ་ཡང་།འདི་ལྟ་བུ་ཚད་ལས་འདའ་བ་མང་དུ་བྱུང་ན་བདེན་པའི་རང་བཞིན་ཡང་ཤོར་འགྲོ་ལ།སྙན་ངག་དང་རྩོམ་རིག་གི་རྣམ་པ་གང་ཡིན་ཡང་བདེན་པའི་རང་བཞིན་ཤོར་རྗེས་ཇི་འདྲ་མཛེས་ཀྱང་སྲོག་གི་དབང་པོས་བཏང་ཟིན་པས་དེ་ལ་སྙན་ངག་གི་ཅོད་གང་ལྟར་ཀྱང་ཐོགས་དཀའ་སྙམ།
“བཀར་བཏགས་ལོག་པའི་གཉའ་ཤིང་ཁུར།།འབངས་ཀྱི་ཕྲག་ལ་ཐེག་མིན་ཏེ།།ཉིན་བྱེད་གཟའ་ཡིས་ཟིན་པ་ལྟར།།ཕལ་ལ་སྡིག་པའི་མཚན་མར་བཀྲ།།”ལྟ་བུའི་ཚིགས་བཅད་འདིར་མཚོན་ན།ཉི་མ་གཟས་འཛིན་པའི་རྣམ་པ་དེ་ང་ཚོ་བོད་མི་ཀུན་གྱིས་མཐོང་མྱོང་བ་ཞིག་དང་།ལྷག་པར་དུ་ཉི་མ་གཟས་ཟིན་དུས་ཉི་མ་དེ་ཆེས་ཉམ་ཐག་མདོག་ཀྱང་དམར་སྐྱ་ལྟ་བུར་འགྱུར་ཞིང་།དེའི་དུས་ང་ཚོ་བོད་མི་བྱིངས་ཀྱིས་དེ་འཇིགས་དངངས་དང་བཅས་སྙིང་རྗེའི་ཡུལ་དུ་བཞག་ནས་ཡིག་དྲུག་དབྱངས་སུ་གྱེར་བའམ།བསང་གཏོང་བའམ་རྔ་དང་འཁར་རྟ་རྡུང་བ།མེ་མདའ་འཕེན་པ་སོགས་ཀྱིས་མིའི་ཡིད་སེམས་བློང་བློང་བོར་བྱེད་པའི་མྱ་ངན་དང་འཇིགས་རུང་ཉམས་ཅན་གྱི་བསམ་གཞིག་དང་ཡུལ་སྲོལ་ཁྱད་པར་བ་ཞིག་ཡོད་པར།རྩོམ་པ་པོས་འདིར་སེམས་ཅན་རྣམས་བཀའ་བཏགས་ལོག་པའི་ཁུར་གྱིས་མནན་པའི་ངང་ཚུལ་དེའི་དཔེར་ཉིན་བྱེད་གཟས་ཟིན་པ་བཞག་པ་ལ།འདི་ནས་དཔེ་མནར་གཅོད་མྱོང་མཁན་གྱི་འབངས་མིའི་གསལ་བྱེད་ཙམ་དུ་མ་ཟད།ད་དུང་དེ་ལས་ཆེར་འདས་ནས།བོད་ཀྱི་ཐུན་མོང་མ་ཡིན་པའི་བསམ་པའི་འཁོར་ཕྱོགས་དང་ལུགས་སྲོལ་དང་འབྲེལ་ཏེ་ཀློག་པ་པོར་ཀུན་རྟོག་འཕྲོ་སའི་ཡུལ་ཡངས་པོར་ཕྱེ་ཡོད་པས།དཔེ་དེ་སྙན་ངག་གི་ཆ་ཤས་དང་མྱོང་རོལ་གྱི་གནས་སུའང་གྱུར་ཡོད།འདི་ལྟ་བུ་ཡིན་ན<<སྤྲིན་གྱི་ཕོ་ཉ>>དང་འགྲན་དུ་བཏུབ་ཀྱང་། ཡིད་ཕངས་པ་ལ་སྙན་རྩོམ་ཡོངས་སུ་འདི་ལྟ་བུའི་དཔེ་ནི་ཆེས་ཉུང་ངོ་།། དེས་ན་སྒིས་སྟེང་པའི་དཔེ་འགོད་སྟངས་ཀྱང་གོང་གི་ཡུལ་ལྗོངས་འབྲི་ཚུལ་དང་།གང་ཟག་གི་རྣམ་པ་འབྲི་ཚུལ་དང་མཚུངས་པར།ཡུལ་དང་གང་ཟག་གི་དཔེ་གང་ཡིན་ཡང་གཙོ་བོར་རང་གི་གནས་སྐབས་དེ་འུད་ཀྱིས་ཆེ་བ་ལ་ཆེ་བར་དང་རིང་བ་ལ་རིང་བར་དང་།མང་བ་ལ་ཆེས་མང་བར་རྩོམ་པ་པོ་རང་ཉིད་ཀྱིས་རང་ཚུགས་ཀྱིས་གསལ་བརྗོད་པ་དང་།ཀློག་པ་པོས་ཀྱང་དེ་ལྟར་དུ་ཡིན་པར་སྙམ་དགོས་པ་ལས།སྙན་རྩོམ་ཀློག་པའི་མོད་དཔེའི་ཤུགས་ནས་རྩོམ་པ་པོ་དང་རྩོམ་གྱི་མི་སྣའི་སེམས་ཁམས་ཤེས་ཐུབ་པ་དང་།དཔེའི་ཤུགས་ནས་སེམས་སུ་ངང་ངམ་ཤུགས་ཀྱིས་ཡུལ་དང་གང་ཟག་གི་རྣམ་པ་འདི་ལྟར་དུ་ཡིན་ནོ་སྙམ་པའི་ཞེན་དོན་དང་བཅས་པའི་སྣང་བ་མངོན་སུམ་པ་ཞིག་འཆར་དཀའ།
གོང་གི་ཕྱོགས་གསུམ་པོ་དེ་ལས་སློབ་དཔོན་ནགག་མོ་ཁོལ་གྱིས་ལམ་ཁའི་བཀོད་པ་བྲིས་པ་དེ་ཐམས་ཅད།མེ་ལོང་གཟུགས་འཆར་ལྟ་བུར་ཁ་ཟིན་ལག་ཟིན་ན་ཇི་ཡོད་ཁ་ཐམས་ཅད་གདམ་གསེས་དང་ལས་སྣོན་གང་ཡང་མེད་པར་རྩོམ་དུ་ཇི་བཞིན་བྲིས་པ་ཞིག་མ་ཡིན་པར།རྩོམ་པ་པོས་རང་གི་སྐབས་དོན་གྱི་བརྗོད་སྙིང་གསལ་པོར་ངེས་པའི་ཐོག་ནས།བརྗོད་སྙིང་དེ་དམ་དུ་བཟུང་ཞིང་དེ་ལ་དམིགས་བཙུགས་ནས།ལམ་ཁའི་ཡུལ་ལྗོངས་ཐམས་ཅད་དེ་དང་མཐུན་པར་བྲིས་ཤིང་།ལམ་ཁའི་གང་ཟག་གི་རྣམ་པ་དང་ཐ་ན་དེ་གཉིས་མཚོན་བྱེད་ཀྱི་དཔེ་དེ་དང་མཐུན་པར་བྲིས་པས།ལམ་ཁའི་བཀོད་པའི་འབྲི་བཞེངས་ཀྱི་ཆ་གང་ཡིན་ཡང་།ཐམས་ཆད་གསོན་པོའི་ཉམས་ཅན་ལས།དེའི་ནང་ན་སྡོང་སྐམ་གྱི་ཡལ་ག་ལྟ་བུའི་ཚེ་སྲོག་གི་འདུ་བྱེད་ཀྱིས་སྟོང་པ་འབྲེལ་མེད་དོན་གཞན་ཅན་དང་གཅིག་ཀྱང་མེད་པ་ང་ཚོས་མཐོང་ཐུབ།དེ་ཇི་ལྟར་ན་འཁོར་ལོའི་རྩིབས་ཐབས་ཅད་ལྟེ་བར་འབྲེལ་བ་དང་མཐའ་ཐམས་ཅད་མུ་ཁྱུད་ཀྱིས་བསྐོར་བ་ལྟར་སྙན་རྩོམ་གྱི་ཆ་ཤས་སུ་གྱུར་པའམ་བྱེ་བྲག་ཏུ་གྱུར་པ་ཐམས་ཅད་ལ་དགའ་བ་དང་བྲལ་བའི་གདུང་བ་དང་དགའ་མ་དང་འཕྲད་འདོད་ཀྱི་ཞེ་འདུན་དྲག་པོས་ཁྱབ་པར་གྱུར་ཡོད་པས་ན།སྙན་རྩོམ་འདི་ལ་ཡོངས་ཁྱབ་བམ་རིལ་བོའི(整体)ཐད་ན་སྙན་རྩོམ་གཞན་ལས་ལྷག་པའི་སྙན་ངག་གི་རོ་ནུས་ཤིག་ཡད་པ་<<སྤྲིན་གྱི་ཕོ་ཉ>>འདིའི་དགེ་མཚན་གཙོ་བོའི་ནང་གི་གཙོ་བོའོ།།
སྙན་རྩོམ<<ཕོ་ཉ་གཞོན་ནུ་དོན་གྲུབ>>འདི་རྩོམ་པ་པོས་རང་ཡིད་ཀྱི་བྱེད་ནུས་ཆེས་ཆེར་མ་སྤྱད་པར།ས་རྒྱུས་ཀྱི་ཆ་ནས་གཙོ་བོར་ཕྱི་རོལ་ཡུལ་གྱི་སྟེང་ལ་གཞོལ་ཆེ་བ་སྟེ།རྩོམ་པ་པོས་རང་གི་བརྗོད་སྙིང་ལེགས་པར་མཚོན་པ་དམིགས་སུ་བཅངས་ནས་ཕྱི་རོལ་ཡུལ་ལ་གདམ་གསེས་དང་ལས་སྣོན་མེད་པར།གཙོ་བོར་ཡུལ་བྱེ་བྲག་པ་དེ་དག་ཇི་ལྟར་དུ་ཆེས་འཁྱོག་པོར་རམ་རབ་བཏགས་ཀྱིས་སམ་འུད་ཀྱིས་བརྗོད་པ་གཙོ་བོར་བཟུང་བར་གྱུར་པས།<<སྤྲིན་གྱི་ཕོ་ཉ>>ལྟར་ཡོངས་ཁྱབ་བམ་རིལ་བོའི་ཆ་ནས་དགེ་མཚན་ཆེན་པོ་ཐོན་མེད།དེ་བས་སྙན་རྩོམ་འདི་ལས་སྙན་ངག་གི་ཡོངས་ཁྱབ་དང་རིལ་བོའི་ཆ་ན་ལྡན་པའི་མཛེས་ཆོས་ཏེ།སྙན་ངག་གི་ཁམས(诗境)དང་སྙན་ངག་གི་རྨང་གཞིའི་གདངས་དབྱངས(基调)དང་སྙན་ངག་གི་ཡིད་གཟུགས་(意象)སོགས་ཚོར་འདུ་ཡིས་གྲུབ་པའི་སྙན་ངག་གི་ཞིང་ཁམས་དེ་ང་ཚོས་མྱོང་དཀའ་བར་མ་ཟད།དེ་དག་གཅིག་འགྱུར་གྱི་རོ་མཆོག་ནི་དེ་བས་ཀྱང་མྱོང་དཀའ།འདི་ལྟའི་དགེ་མཚན་སྤྱིར་སྙན་ངག་ལ་མེད་དུ་མི་རུང་ཞིང་།སྒོས་སུ་དེང་གི་སྙན་ངག་གསར་པ་གཞན་གྱིས་ཀློག་རིན་ཡོད་པ་ཞིག་ཡིན་ན་འདི་དག་ངེས་པར་དུ་འཛོམས་པ་ཞིག་ཡིན་དགོས།ང་ཚོས་ཚད་གཞིར་བཟུང་ནས<<ཕོ་ཉ་གཞོན་ནུ་དོན་གྲུབ>>ལ་དཔྱད་པ་དང་ཚན་འདི་གཞིར་བཟུང་ནས་དེའི་མི་འདང་ས་གླེང་བ་ནི།ཚད་མཐོན་པོའི་སྟེང་ནས་སམ་རེ་བ་ནན་མོའི་སྟེང་ནས་བཤད་པ་ཡིན་པ་མ་གཏོགས།ང་ཚོས་རྩོམ་པ་པོ་རང་དང་ཉིད་འཚོ་བ་བཞུགས་སྐབས་ཀྱི་སྙན་ངག་གི་གནས་བབ་སྟེ་སྲོལ་རྒྱུན་སྙན་ངག་གི་ཆ་ས་བཤད་ན།ཁོང་གི་སྙན་ངག་ནི་བོད་ཀྱི་སྙན་ངག་གི་རྩེ་མོར་རམ་མཐར་ཐུག་ཏུ་སོན་ཡོད་ཅེས་མགྲིན་པ་གཟེངས་སུ་བཏེགས་ནས་བཤད་ཆོག
ང་ཚོ་བོད་ཀྱི་ཡོན་ཏན་པ་རྣམས་ཀྱིས་མཆོག་ཏུ་འཛིན་པའི་སྙན་ངག་ཅིག་ཡིན་དུས།ཕལ་ཆེར་ལེའུ་དང་པོའི་མཛེས་པའི་ཡོན་ཏན་དང་ཏིང་ངེ་འཛིན།ལེའུ་གཉིས་པའི་ཕུལ་བྱུང་གི་རྒྱན་དང་རབ་རྟོག་གི་རྒྱན།རྣམ་འགྱུར་གྱི་དཔེ།གཟུགས་རྒྱན་ལས་འཕར་མའམ་ལྡན་པའམ་མཐའ་དག་གཟུགས་ཅན་གྱི་རྒྱན་ལྟ་བུས་ཕུན་སུམ་ཚོགས་པར་སྤྲས་པ་ཞིག་ཡིན།སྒིས་སྟེང་པའི་སྙན་ངག་སྤྱི་དང་སྒོས་སུ<<ཕོ་ཉ་གཞོན་ནུ་དོན་གྲུབ>>འདིའི་ནང་འདི་ལྟའི་རྒྱན་དག་སྤྱད་པ་ཆེས་ཤིན་ཏུ་མང་བར་མ་ཟད།སྙན་ངག་པ་རང་ཉིད་ཀྱི་རྟོག་པའི་གཤོག་རླབས་ཆེས་ཆེར་བསྒྱུར་པས།ཡང་བཤད་དང་བསྐྱར་བཤད་མ་ཡིན་པར་ཀློག་པ་པོར་གསར་པ་དང་སོ་མའི་ཚོར་སྣང་སྟེར་བ་སོགས་གཞན་གྱིས་དོ་ཟླར་མི་རུང་བ་ཆེས་མང་དུ་ཡོད།གོང་དུ་སོང་བའི་ཤོ་ལོ་ཀ་དེ་དག་ལས་གཞན་ད་དུང“གཡའ་དང་རྫ་ཡི་གླེགས་བུ་མ་འཐོར་བའི།།ས་འཛིན་རྩེ་མོ་མཐོངས་ལས་མཐོང་དཀའ་སྟེ།།འདབ་བཟང་དབང་པོ་བྱིའུ་གོ་འཕང་ལ།།འགོད་ན་འདབ་ཆགས་ཕལ་རྣམས་སྤྲེའུའི་ཁྱུ།།”ལྟ་བུ་དང་།“ངུར་སྨྲིག་གསར་པའི་བླ་གོས་ཀྱིས།།ལི་ཁྲིའི་ཆུ་རྡུལ་གྲངས་ལ་འཕྱ།།མཁྱེན་བཟང་མཁའ་ཡི་ཕ་མཐའ་ནི།།མཇལ་ལ་ཐུབ་པ་ཀུན་ཀྱང་ངལ།།”ལྟ་བུ་འདབ་ཆགས་རྒྱལ་པོ་ནམ་མཁའ་ལྡིང་ཡང་བྱིའུ་སྐྱེ་ལེའི་ཚུལ་དུ་གཏོང་བ་དང་།ཇི་ལྟ་བ་མཁྱེན་པ་དང་ཇི་སྙེད་ཁ་གཟིགས་པའི་སངས་རྒྱས་བཅོམ་ལྡན་འདས་དག་གིས་ཀྱང་དགེ་འདུན་གྱི་སྡེ་དེའི་མཁྱེན་པའི་ཚད་འཇལ་མི་ཐུབ་ཅེས་འུད་ཀྱིས་བརྗོད་པ་འདི་ལྟ་བུ་རང་ཅག་མ་ཟད།སྙན་ངག་མཁན་པོ་དབྱུག་པ་ཅན་ཡང་མགུ་བ་སྐྱེད་བྱེད་ཡིན་ཏེ། “རིགས་དང་བརྩོན་འགྲུས་ཐོས་སོགས་ཀྱིས།། དགྲ་བོ་ལ་ཡང་བསྔགས་བྱས་ནས།།དེ་ལས་རྒྱལ་བར་འདྲེན་པ་ནི།།ཁྱད་འཕགས་བརྗོད་པའང་བདག་དགའ་སྐྱེས།།”ཞེས་མེ་ལོང་མར་འབྱུང་བས་སོ།།“བདག་གི་ཁྱིམ་ན་རྟ་དང་གླང་བོའི་ཁྱུ།།བྱ་རྒོད་ཤུགས་ཀྱིས་ཉིན་ཞག་བཅོ་བརྒྱད་ཙམ།། ཉུང་ཡང་ཕྱི་མའི་མཐའ་ནི་མི་དམིགས་པའི……”ལྟ་བུ་དང་། “རྐང་རྡུལ་གཡོས་པའི་ཉི་ཟླ་ལས།། དུད་པའི་བསྒོས་པའི་ཤེལ་དག་གསལ།།”ལྟ་བུ་དང་།“སྔོ་བསངས་རང་ལུས་ལ་ནི་སྙིང་ཉེ་སྟེ།། ……”སོགས་ནི་རིམ་པ་བཞིན་ཆེས་མང་བ་དང་བྲེལ་འཚུབ་ཆེ་བ།ཆེས་མཐོ་བར་སྙན་ངག་གི་ཐབས་རྩལ་གྱིས་མཚོན་ཡོད་པ་ལ་སོགས་ཀྱི་སྟེང་ནས།རྩོམ་པ་པོའི་རྟོག་འགྱུའི་ནུས་པ་ནི་དངོས་སུ་རྟ་རྒྱུག་རྒྱུག་དང་བྱ་འཕུར་འཕུར་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཀུན་ལ་ཐོགས་རྡུགས་མེད་པ་ཞིག་ཡིན་པ་ང་ཚོས་ཤེས་ཐུབ།འདིས་ང་ཚོ་ཀློག་པ་པོ་རྣམས་ལ་སྙན་ངག་གི་སྐད་ཆའི་བྲོ་བ་རོ་བརྒྱ་པ་ཞིག་སྦྱིན་པར་བྱས་ཡོད།དེས་ན<<ཕོ་ཉ་གཞོན་ནུ་དོན་གྲུབ>>ཀྱི་རྩོམ་གྱི་ཁྱད་ཆོས་གཙོ་བོའང་སྲོལ་རྒྱུན་སྙན་ངག་གི་དོན་དུ་གཉེར་བྱ་མཐར་ཐུག་པའམ་ཆེས་མཐོའི་ཚད་གཞི་སྟེ།འུད་ཀྱིས་བརྗོད་པའམ་འཁྱོག་པོར་བརྗོད་པའམ་མཚར་བར་བརྗོད་པའི་ཚིག་རྒྱན་གྱི་སྦྱོར་བ་བྱེ་བྲག་པའི་སྟེང་ན་ཡོད་པ་དང་།<<སྤྲིན་གྱི་ཕོ་ཉ>>ཁྱོད་ཆོས་ནི་བརྩེ་དུངས་ལྟེ་བར་བྱས་པའི་ལྕགས་ཀྱི་གོང་བུ་ལྟ་བུའི་ཡོངས་ཁྱབ་བམ་རིལ་བོའི་ཆ་ན་ཡོད་ཅེས་བརྗོད་ཆོག
སྲོལ་རྒྱུན་སྙན་ངག་གི་རྨང་གཞི་ཚིག་རྒྱན་གྱི་སྦྱོར་བ་འདི་དེང་གི་སྙན་ངག་ཐུང་བའི་སྟེང་ན་དེ་འདྲའི་བཀོལ་སྤྱོད་དུ་གྱུར་པ་མང་པོ་མེད་ཀྱང་།རྩོམ་འབྱུང་ལོ་རྒྱུས་ཀྱི་བགྲང་ཕྲེང་རིང་མོའི་ཁྲོད་ན་བ་སོའི་མདོ་འཛིན་ཇི་བཞིན་བརྗོད་པའི་སྙན་ངག་རིང་མོ་དག་ལ་བལྟས་ན་ཚིག་རྒྱན་གྱི་སྦྱོར་བ་འདི་ཡང་ཉུང་ཉུང་ཞིག་མ་རེད།ཤིག་སེ་ཕེ་གྱི<<ཧམ་ལེ་ཐི>>དང་པེ་རོན་གྱི་<<ཐང་ཧོང>>ཀིར་ཐི་ཡི<<ཧྥའུ་སི་ཐོ>>སོགས་སུ་ཚིག་རྒྱན་གྱི་སྦྱོར་བ་ཆེས་མང་དུ་ཡོད་ལ།དེ་དག་ལས་ཐོན་པའི་དགེ་མཚན་ཀྱང་རང་ག་བ་ཞིག་མ་རེད།དེས་ན་སྲོལ་རྒྱུན་སྙན་ངག་ལ་མཚོན་ནའང་ཚིག་རྒྱན་གྱི་སྦྱོར་བ་རང་ཉིད་སྐྱོན་དུ་གྱུར་པ་ནི་མ་ཡིན་ཏེ།གཙོ་བོ་ནི་ང་ཚོ་བོད་ཀྱི་སྲོལ་རྒྱུན་སྙན་ངག་པས་སྙན་ངག་ཡོངས་ཁྱབ་རང་བཞིན་ཅན་གྱི་སྙན་ངག་གི་ཁམས་དང་རྨང་གཞིའི་གདངས་དབྱངས།སྙན་ངག་པའི་ཚོར་འདུ་དྲག་པོ།བརྗོད་བྱའི་སྙིང་པོ་འབུར་དུ་དོད་པ་སོགས་གུས་དུ་བོར་ནས།ཚིག་རྒྱན་རྐྱང་བའི་དོན་དུ་ཚིག་རྒྱན་གྱི་སྦྱོར་བ་བརྩམས་ཏེ“སྙན་ངག་མི་དམ་པ”(化而不实)ལྟ་བུ་བཟོས་པ་དང་།རང་ཉིད་ཀྱི་རྒྱུ་ཆའམ་བརྗོད་བྱར་ཡུན་རིང་གི་བསྙལ་ཚགས(酝酿)དང་ཚད་མཐོ་གཅིག་འདྲིལ་སོགས་མེད་པར་རྣམས་གྲངས་སོ་སོ་བའི་སྒོ་ནས་ཁ་གསལ་བར་བརྗོད་པ་སོགས་ཀྱིས།རང་ཉིད་སྙན་ངག་གི་ཁྲི་འཕང་མཐོན་པོར་འཛེགས་པར་གེགས་ཆེན་པོ་བྱས་པ་རེད།འདིར་བསྟན་གྱི<<སྤྲིན་གྱི་ཕོ་ཉ>>དང<<ཕོ་ཉ་གཞོན་ནུ་དོན་གྲུབ>>གཉིས་ལས་སྔ་མས་སྙན་ངག་གསར་པའི་དོ་ཟླར་རུང་ལ།ཕྱི་མས་སྲོལ་རྒྱུན་ངག་གི་ཚབ་བྱེད་རུང་བ(སྒྱུ་རྩལ་གྱི་ཆ་ནས)ཡིན་པས་ན།ང་ཚོས<<ཕོ་ཉ་གཞོན་ནུ་དོན་གྲུབ>>ཀྱི་སྐད་ཆའི་སྒྱུ་རྩལ་གྱི་མཚོན་བྱེད་ཚིག་རྒྱན་གྱི་སྦྱོར་བ་འདིར་བསླབ་དགོས་པ་མ་ཟད།ད་དུང་ཚིག་རྒྱན་གྱི་སྦྱོར་བ་དེ་མཐར་ཐུག་གི་དམིགས་ཡུལ་དུ་མི་བཅངས་ཤིང་།རྒྱན་རྐྱང་རྐྱང་ཞིག་གི་ཚད་ནས་ཀྱང་མི་འཇོག་པར།<<སྤྲིན་གྱི་ཕོ་ཉ>>ལྟར་ཡོངས་ཁྱབ་བམ་རིལ་བོའི་ཆ་ནས་སྙན་ངག་གི་རོ་འདོན་ཐབས་ལ་ལྷག་པར་འབུངས་དགོས་ཞེས་པའོ།།
རྩོམ་ཁུངས། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་།