ལྗིད་ཏིག་ཏིག་གི་བཀའ་དྲིན།

ནོར་བུ་བསམ་འཕེལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-10-15

བཀྲ་ཤིས་དཔལ་ལྡན་གྱི་སྒྲུང་འབྲིང་<<ཁ་ཤུལ་གྱི་ཉི་མ་>>ཞེས་པར་དཔྱད་པ།

བོད་ཡིག་རྩོམ་རིག་གི་འཕེལ་འགྲོས་ལ་དོ་ཁུར་བྱེད་མཁན་ཞིག་གམ་ཡང་ན་བོད་ཡིག་དཔེ་དེབ་བལྟ་ཀློག་བྱེད་རྒྱུ་དང་བ་ལྡན་པ་ཞིག་ཡིན་ཕྱིན།བཀྲ་ཤིས་དཔལ་ལྡན་ཞེས་པའི་ཡིག་འབྲུ་བཞི་པོ་འདི་མཐོང་འཕྲལ་རྒྱུས་མངའ་ཡོད་པའི་སྣང་ཞིག་སྐྱེ་ངེས།དངོས་གནས།བཀྲ་ཤིས་དཔལ་ལྡན་གྱི་རྩོམ་རིག་བྱ་བའི་ལམ་བུ་དེ་བོད་ཡིག་རྩོམ་རིག་གསར་པའི་ཤུལ་ལམ་དང་ཆ་འདྲ་བ་ཙམ་ཡིན་ཞིང་།དད་གུས་ལྷོད་མེད་ཀྱིས་རྩོམ་རིག་བྱ་བར་ཞུགས་པས་རིང་མིན་ཐུང་མིན་ལོ་བཅུ་ལྷག་ཙམ་རིང་ཁོང་གིས་རིང་ཐུང་འབྲིང་གསུམ་ཚུད་པའི་བརྩམས་སྒྲུང་དང་།ལྷུག་རྩོམ།སྙན་ངགདཔྱད་བརྗོད།སྙན་ཞུའི་རྩོམ་རིག་སོགས་སྤུས་ལེགས་གང་མང་ཞིག་རྒྱ་ཁྱབ་བོད་རིགས་མང་ཚོགས་ཀྱི་སྤྱན་ལམ་དུ་བསྟར་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་ལ།ལྷག་པར་རིང་ཐུང་འབྲིང་གསུམ་ཚང་བའི་བརྩམས་སྒྲུང་<<ཕྱི་ཉིན་གྱི་གནམ་གཤིས་དེ་རིང་ལས་ལེགས་པ་ཡོང་ངེས་>>ཞེས་པའི་ནང་གི་མི་ཚེ།<<ཕལ་པའི་ཁྱིམ་ཚང་གི་སྐྱིད་སྡུག>>ནང་གི་མི་སྣ་གཙོ་བོའི་གྲས་ཚེ་བརྟན་ལྷ་མོ་དང་དོན་གྲུབ།<<བགྲེས་སོང་ཚེ་རིང་ལ་གོ་འཛོལ་བྱུང་བ>>ཞེས་པའི་ནང་གི་མི་སྣ་གཙོ་བོ་བགྲེས་སོང་ཚེ་རིང་སོགས་བོད་རིགས་ཞིང་པའི་དཔེ་མཚོན་འཁྲུལ་མེད་མང་དག་ཅིག་གསར་བཞེངས་བྱས་ཡོད་པ་དེ་ཚོས་རྒྱ་ཁབ་ཀློག་པ་པོ་ཚོའི་ཡིད་ལ་བག་ཆགས་ཟབ་མོ་བཞག་ཡོད་པ་རེད།

རྩོམ་རིག་གི་བྱ་བར་དད་ཞེན་རྩེ་གཅིག་ཏུ་བཅངས་ཤིང་གསར་རྩོམ་གྱི་སྦྱར་བ་ཆད་མེད་རྒྱུན་གཅིག་ཏུ་བསྐྱངས་པ་དང་བསྟུན་ཁོང་གི་རྩོམ་རིག་ལ་འཛིན་པའི་བསམ་བློའི་བལྟ་སྟངས་དང་།སྤྱི་ཚོགས་འཚོ་བའི་ངོས་འཛིན།མི་ཚེའི་བསམ་གཞིགས།རིན་ཐང་ལྟ་བ།མཛེས་འཛིན་(མཛེས་དཔྱད)བསམ་བློ་སོགས་ལ་ཡང་ཡར་རྒྱས་ཆེན་པོ་བྱུང་ཡོད་པས་རྩོམ་རིག་གི་ཐབས་ལ་བརྟེན་ནས་སྤྱི་ཚོགས་འཚོ་བ་སྟོན་པ་དང་།འཚོ་བར་བཅངས་པའི་དད་ཞེན་དང་ཕུགས་འདུན་རྒྱ་ཆེ་གཏིང་ཚུགས་སུ་མཚོན་པར་བྱེད་རྒྱུའི་ཐད་མངོན་གསལ་དོད་པོའི་གྲུབ་འབྲས་ཐོབ་ཡོད་པ་ནི་ཁོང་གིས་ལོ་ཤས་ནང་སྤེལ་བའི་སྒྲུང་འབྲིང་དག་ལ་བལྟས་པ་ཙམ་གྱིས་ཤེས་ཐུབ།མ་གཞི་ཁོང་གིས་སྒྲུང་ཐུང་<<བགྲེས་སོང་ཚེ་རིང་ལ་གོ་འཛོལ་བྱུང་བ་>>དང་<<གཉེན་སྒྲིག>><<འདི་གར་དྲག་ཤུལ་འགྲོ་ས་མེད་>><<ཕྱི་ཉིན་གྱི་གནམ་གཤིས་དེ་རིང་ལས་ལེགས་པ་ཡོང་ངེས་>><<ཆོ་ལོ>>སོགས་ཕུལ་དུ་བྱུང་བ་འགའ་ཞིག་བརྩམས་ཡོད་པའི་ནང་སྤྱི་ཚོགས་འཚོ་བ་མཚོན་པ་དང་།མི་སྣའི་དཔེ་ཞིག་གསར་བཞེངས་བྱེད་རྒྱུ་སོགས་ཀྱི་ཐད་གྲུབ་འབྲས་མི་དམན་པ་ཐོབ་ཡོད་པ་དང་།ལྷག་པར་དུ<<ཕྱི་ཉིན་གྱི་གནམ་གཤིས་དེ་རིང་ལས་ལེགས་པ་ཡོང་ངེས>>ཞེས་པ་དང་<<ཆོ་ལོ>>ཞེས་པ་གཉིས་ཀྱི་ངོས་ནས་བཤད་ན་བསམ་བློའི་ནང་དོན་དང་།སྒྱུ་རྩལ་གྱི་མཚོན་ཐབས་སོགས་ཕྱོགས་གང་ཐད་ལ་དགེ་མཚན་རྨད་དུ་བྱུང་བ་ཐོན་ཡོད་པས་རྒྱ་ཁྱབ་ཀློག་པ་པོའི་གདེང་འཇོག་གང་མཐོ་ཐོབ་ཡོད།ཡིན་ནའང་།སྤྱིའི་ཆ་ནས་བཤད་ན་སྒྱུ་རྩལ་མཚོན་ཐབས་ཐད་ཐོད་བརྒལ་དེ་ཙམ་བྱ་ཐུབ་མེད།དེ་དང་བསྡུར་བ་ཡིན་ན།ཉེ་ལམ་ལོ་གཉིས་ཙམ་ནང་སྤེལ་བའི་སྒྲུང་འབྲིང་ཁག་ཅིག་ཡོད་པ་དེ་དག་གི་བསམ་བློའི་ནང་དོན་གྱི་གཏིང་ཟབ་ཚད་དང་།ལྷག་པར་དུ་སྒྱུ་རྩལ་མཚོན་ཐབས་ཐད་སྤེལ་ཐེངས་རེས་ཐོད་བརྒལ་རེ་བྱ་ཐུབ་པ་ཙམ་བྱུང་བའམ་མ་མཐའ་ཡང་རྩོམ་མཚོན་ཐབས་ཐད་འཚོལ་ཞིབ་དང་རེ་སྙེགས་ཆེན་པོ་ཞིག་བྱེད་ཀྱི་ཡོད་པ་དེ་ང་ཚོས་སྒྲུང་འབྲིང་བརྩམས་ཆོས་དེ་དག་བཀླགས་པ་ཙམ་གྱིས་མངོན་གསལ་དུ་མཐོང་ཐུབ་པ་ཡིན།

དེ་དག་ལས་<<ཁ་ཤུལ་གྱི་ཉི་མ>>(<<གངས་ལྗོངས་རིག་གནས>>༡༩༩༠ལོའི་འདོན་ཐེངས་༢-༤བར་མཐུད་འགོད་བྱས་ཡོད)ཞེས་པ་དེ་བཀླགས་རྗེས་དེས་མཚོན་པའི་བསམ་བློའི་ནང་དོན་དང་སྒྱུ་རྩལ་མཚོན་ཐབས་སོགས་ཀྱིས་ཕྲན་ལ་བག་ཆགས་ཟབ་མོ་བཞག་བྱུང་བ་ལ།བརྗོད་མི་ཤེས་པའི་སྣང་བ་ཞིག་གིས་བདག་ཡིད་ཡང་ནས་ཡང་གཡོ་བར་བྱས་རྐྱེན་བསྟུན་མར་ཐེངས་གཉིས་བཀླགས་པ་ཡིན།ལན་གཉིས་བཀླགས་པའི་ཤུགས་ལས་རང་ཉིད་ལའང་རྩོམ་པ་པོའི་དགོངས་བཞེད་ལ་མོས་པའི་འཆར་སྣང་ཅི་རིགས་བྱུང་བ་ཞིང་།གང་དེའི་སྒྱུ་རྩལ་མཚོན་ཐབས་ལའང་དགེ་མཚན་རྨད་དུ་བྱུང་བ་མངའ་བར་བསམ་ནས་མི་འཇོག་གསུམ་རྒྱག་ཚུལ་དུ་ཅུང་ཟད་དཔྱད་ཁུལ་ཞུ་བར་སྤྲོ་བར་སྤྲོ་བ་བརྟས་སོ།

སྤྱིར་བརྩམས་སྒྲུང་བྱ་བ་ནི་སྒྱུ་རྩལ་ཐབས་ལམ་འོས་ཤིང་འཚམ་པ་ཞིག་གིས་ཡི་གེའི་རྒྱུ་ཚོགས་ལ་བཀོད་སྒྲིག་གང་ལེགས་བྱེད་པར་བརྟེན་ནས་མི་སྣ་གང་འཚམ་ཞིག་སྣང་བརྙན་གཟུགས་ཅན་དུ་བསྐྲུན་པ་དང་།མི་སྣ་དེ་དག་དབར་གྱི་འབྲེལ་ལམ་དང་།འགལ་འདུ།ཤུགས་རྐྱེན་སོགས་ལས་སྤྱི་ཚོགས་འཚོ་བའི་ཕྱོགས་སམ་ཟུར་ཞིག་རྒྱ་ཁྱབ་ཀློག་པ་པོའི་སྤྱན་ལམ་དུ་འདྲེན་དགོས་པ་དེ་ཡིན།དེ་ཡང་སྒྲུང་གི་བྱུང་རིམ་འཁྱར་འཁྱོར་ཞིག་བཀོད་ཐུབ་པ་ཙམ་གྱིས་ཕུལ་དུ་བྱུང་བའི་བརྩམས་སྒྲུང་ཞིག་སྒྲུབ་མི་ཐུབ་ལ་ཐ་ན་མཚན་ཉིད་ཚང་ཙམ་གྱི་བརྩམས་སྒྲུང་ཞིག་ཀྱང་ཡོང་དཀའ་མོ་ཡིན་པས།གལ་ཏེ་བརྩམས་སྒྲུང་ག་གེ་མོ་ཞིག་བཀླགས་ཚར་རྗེས་ཀློག་པ་པོའི་ཡིད་ལ་དགའ་སྐྱོ་ཅི་རུང་གི་སྣང་བ་དང་།དེས་གཡོས་པའི་ཡིད་འདུ་ལས་ཀློག་པ་པོ་རང་ཉིད་ཀྱི་སྤྱི་ཚོགས་འཚོ་བར་བཅངས་པའི་དད་ཞེན་དང་།ཐ་ན་བསམ་ཚུལ་སྤྱོད་ལམ་ཚུན་ཆད་ཀྱི་མཛེས་འཛིན་ལྟ་བ་(མཛེས་དཔྱོད་ལྟ་བ)དང་།དགེ་སྡིག་གི་བསམ་བློར་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཞིག་གོ་མེད་ཚོར་མེད་ལྟ་བུར་ངང་ངམ་ཤུགས་ཀྱིས་སྟེར་མ་ཐུབ་པ་ཡིན་ན།བརྩམས་བྱ་དེ་ཉིད་མིང་བརྡའི་རོལ་རྩེད་ཙམ་དུ་ཟད་པ་སྨོས་ཅི་དགོས།དེས་ན་རྩོམ་པ་པོ་སུ་ཞིག་གིས་བརྩམས་སྒྲུང་གང་ཞིགསྤེལ་སྐབས་བྱུང་རིམ་ཁ་གསལ་ཞིག་བཀོད་དུ་ཡོད་རུང་མེད་རུང་།གང་བཀོད་པའི་བརྗོད་གཞི་དེས་ཀློག་པ་པོ་ཚོར་བློ་སྐྱེད་གཏིང་ཟབ་མིན་གང་ཡང་རུང་བ་ཞིག་སྟེར་ཐུབ་པ་བྱ་རྒྱུ་ད་གལ་ཆེར་འཛིན་དགོས་པ་ཡིན།

<<ཁ་ཤུལ་གྱི་ཉི་མ་>>ཞེས་པའི་བརྩམས་སྒྲུང་དེའི་ནང་བཀོད་པའི་དོན་ཡང་མདོར་བསྡུས་ནས་བཤད་ན་ཁ་བ་རི་པའི་གནའ་བོའི་གྲོང་ཁྱེར་ཆེན་པོ་ལྷ་སར་འཚོ་ཞིང་གཞེས་པའི་དེང་གི་གཞོན་ནུ་ཉི་མ་ཚེ་རིང་དང་དབྱངས་སྒྲོལ་གཉིས་ཀྱི་བརྩེ་དུང་དང་དེའི་འཕེལ་འགྲིབ་ལས་དབང་སྟོན་པ་ཡིན་པས་ཧོབ་སྟེ་བལྟས་ན་དེ་ཡང་སྔར་སོང་བོད་ཡིག་བརྩམས་སྒྲུང་ནང་མང་དུ་ཐོན་པའི་བརྗོད་གཞི་ཞིག་ཡིན་ཕྱིར་གསར་ཉམས་གང་ཡང་སྟེར་མི་ཐུབ་པ་ལྟར་སྣང་།ཡིན་ནའང་ཞིབ་པར་བལྟས་ཤིང་བསམ་ཚེ།སྔོན་དུ་བྱུང་བའི་བརྩམས་སྒྲུང་ནང་སྟོན་པའི་བརྩེ་དུང་དང་དེའི་མཇུག་མཐའི་ལས་དབང་སྟེ།ཡང་ན་དུང་སེམས་ཅན་པ་གཉིས་པོའི་ཕྱོགས་གཅིག་གི་རིགས་རུས་དམན་པའི་གནས་ཚུལ་གསལ་ཤེས་བྱུང་རྗེས“ལྷད་མེད་པའི་’’བརྩེ་དུང་ལ་བར་ཆད་ཕོག་པ་དང་། ཡང་ན་“བུ་མོ་ཨ་མའི་མངལ་ན་ཡོད་དུས་གཉེན་གཏམ་སྡེ་བའི་དཀྱིལ་དུ་བཤད་པའི་’’གནའ་སྲོལ་གྱིས་ཡིད་དུ་འོང་བའི་ལང་ཚོའི་མེ་ཏོག་དང་བརྩེ་དུང་གི་གེ་སར་བཅོམ་པ།ཡང་ན་ཕྱོགས་གཅིག་གི་ཡབ་ཡུམ་གྱི་བཀའ་ནན་བཙན་པོས་ཡིད་གཅུགས་དུང་བ་ཟབ་པའི་གཞོན་ནུ་གཉིས་བཙན་གྱིས་ཕྱེ་བ་སོགས་དང་མི་འདྲ་བའི་བྱུང་རིམ་དང་།དེར་བཀོད་པ་གཏོང་བའི་རྩོམ་མཁན་གྱི་བསམ་བློ་དང་སྨྱུག་ཁ་གཏོད་ས་སོགས་ལ་མི་འདྲ་བའི་ཁྱད་པར་གསལ་པོར་མངའ་བ་དེ་རྟོགས་ཐུབ།དེ་ཡང་ཡིན་ཏེ་ཉི་མ་ཚེ་རིང་དང་དབྱངས་སྒྲོལ་གཉིས་ཀྱི་བརྩེ་དུང་དེ་བཞིན་ཁོ་གཉིས་ཀྱི་རང་ངོས་ཆ་རྐྱེན(རིག་གནས་ཆུ་ཚད་མཐོ་དམན་ལྟ་བུ)དང་ཁག་སོ་སོའི་ཁྱིམ་ཚང་གི་ཆ་རྐྱེན་སོགས་ལ་ཧེ་བག་ཆེ་ཙམ་ཡོད་པའི་ཁར།ཉི་མ་ཚེ་རིང་གི་སེམས་ནང་རང་ཉིད་ཀྱི་ཁྱིམ་ཚང་གི་གྲུབ་ལུགས་ཡ་མཚན་ཅན་པ་དང་ཕྲག་སྟེང་གི“ཁུར་པོ”དེ་ལས་བྱུང་བའི་རང་དམའི་བསམ་བློ་ཤུགས་ཆེར་ཡོད་པའི་རྨང་གཞིའི་ཐོག་དབྱངས་སྒྲོལ་གྱི་ལྷད་མེད་པའི་བརྩེ་དུང་གི་དྲོད་ལ་བརྟེན་ནས་རིམ་པས་ཁོའི་སེམས་ཀྱི་འཁྱགས་གོང་བཞུར་བ་དང་ཆབས་ཅིག་ཁོ་གཉིས་ཀྱི་འབྲེལ་བ་ཇེ་ཟབ་དང་དུང་སེམས་ཇེ་བརྟན་གྱིས་ཁོ་གཉིས་ལ་བདག་པའི་འཇིག་རྟེན་འཚོ་བ་གསར་པ་ཞིག་སྐྲུན་ལ་རིངས་པ་དང་།ཁྱིམ་གྱི་ཆ་རྐྱེན་ལེགས་ཤིང་དབང་ཐང་གོ་ས་ཡོད་པའི་དབྱངས་སྒྲོལ་གྱི་ཕ་མ་གཉིས་ནས་ཀྱང་བློ་ཡངས་དཀྱེས་ཆེའི་རང་བཞིན་དུ་ཁོ་གཉིས་ཀྱི་གདམ་ངར་མཐུན་རྐྱེན་གང་འོས་གང་བཟང་སྐྲུན་ཡོད་པ་ཞིག་ཡིན་པས་ཉི་མ་ཚེ་རིང་གི་ཕས་དེ་ཐད་མི་མོས་པའི་འགལ་རྐྱེན་ཡང་བཟོ་མི་སྲིད་པ་ཞིག་ཡིན་པ་བཅས་མདོར་ན་བཀྲ་ཤིས་ལུགས་ལེགས་ཀྱི་སྒོ་འཕར་ཡངས་པོར་ཕྱེ་ལ་ཉེ་བ་ཞིག་རེད་ལ་ཕྱེ་ངེས་པ་ཞིག་ཀྱང་རེད།ཡིན་ནའང་།འདོད་པ་བཙལ་ནས་མི་རྙེད།མི་འདོད་ཐོག་ཏུ་བབ་པའི་དཔེ་ལྟར་ཉི་མ་ཚེ་རིང་གིས་དགའ་བ་འབུམ་དུ་བརྟས་བཞིན་རང་གི་ནང་མི་ལྷན་རྒྱས་ལ་བཀྲ་ཤིས་གཏམ་བཟང་ཞུ་བར་བརྩམ་སྐབས་ནག་ཁུང་ནས་འཕུར་འོངས་པའི་སྦར་རྡོ་ཞེ་མེར་བ་ཞིག་གིས་ཁོ་རང་བཟི་འཐོམ་འཐོམ་དུ་བཅོས་ལ།ཁོའི་བཀྲ་ཤིས་ལུགས་ལེགས་ཀྱི་འཚོ་བའི་སྒོ་འཕར་དེ་ཡང་ཕྱེ་དཀའ་བར་གྱུར་པ་རེད།བརྩེ་དུང་ནི་རྩོམ་རིག་སྒྱུ་རྩལ་གྱི་བརྗོད་སྙིང་ཉམས་པ་མེད་པ་ཞིག་ཡིན་པས་གནའ་དེང་ཕྱི་ནང་གི་རྩོམ་རིག་བརྩམ་བྱ་གྲངས་ལས་འད་ས་པ་ཞིག་ནང་བཀྲག་མདངས་འཚེར་བའི་མེ་ཏོག་གི་ཕྲེང་བ་ཚར་དུ་དངར་བ་ཞིག་ཏུ་གྲུབ་པ་ཡོད་ལ།དེང་ཕྱིན་ཆད་ཀྱང་རྩོམ་རིག་ཇི་ཙམ་གནས་པ་དེ་ཙམ་དུ་གསོན་ཉམ་པ་དང་བཅས་འོད་ཟེར་བཀྱེད་ངེས་རེད།བརྩེ་དུང་གི་གཏམ་རྒྱུད་ཡིད་དུ་འོང་ཞིང་མཚར་དུ་སྡུག་པའི་ཕྲེང་བ་དེའི་ནང་དགའ་བའི་ཉམས་སྣང་ལྷུག་པར་གྲོལ་བའི་མེ་ཏོག་བཀྲ་ཤིས་པའི་བྱ་བ་བཀྲ་ཤིས་པའི་ལམ་ལ་སོང་བ་ཡོད་ཅིང་།བཀྲ་ཤིས་པའི་བྱ་བ་ཉམས་ང་བའི་ཡིད་ལ་གདུང་བ་མཐོང་ཐོས་དྲན་རེག་བྱུང་བ་ཙམ་གྱིས་གཡང་ལ་ལྷུང་བ་བཟོད་གླགས་མེད་པ་སྟེར་མཁན་ནི་དེབས་ཀྱང་མང་བ་ཞིག་མཆིས་མོད།རྩོམ་མཁན་ཇི་ཙམ་ཞིག་གིས་བརྩམ་བྱ་ཇི་ཙམ་ཞིག་སྤེལ་རུང་གང་དེར་བཟློས་སྐྱོན་སོང་བའི་གཡའ་ནི་ཞུགས་ཐབས་མེད་པ་ཞིག་རེད།གང་ལགས་ཤེ་ན།འཇིག་རྟེན་འཚོ་བ་ནི་སྣ་མང་ཕུན་སུམ་ཚོགས་པ་ཞིག་ཡིན་ཞིང་།གང་དེའི་རྒྱན་དུ་ཆེ་བའི་བརྩེ་དུང་ཡང་ཕུན་སུམ་ཚོགས་པ་ཞིག་ཡིན་ཞིང་།གང་དེའི་རྒྱན་དུ་ཆེ་བའི་བརྩེ་དུང་ཡང་ཕུན་སུམ་ཚོགས་པོ་དེ་ཙམ་ཞིག་ཡིན་ངེས་པ་དང་།གང་དེའི་ལས་དབང་གི་འཕེལ་རིམ་ཡང་སོ་སོ་སྐྱེ་བོའི་བློ་ཡུལ་ལས་འདས་པ་ཞིག་ཡིན་ན་ཡོངས་སུ་རྫོགས་པར་བརྗོད་དུ་སུས་བཏུབ།

ཉི་མ་ཚེ་རིང་དང་དབྱངས་སྒྲོལ་གྱི་བརྩེ་དུང་གི་ལས་དབང་ཡང་སྤྱི་མཚན་ཙམ་དུ་བརྗོད་ན་བཀྲ་ཤིས་ལུགས་ལེགས་ཀྱི་བྱ་བ་ངམ་ནག་གཡང་ལ་ལྷུང་བ་ཞིག་ཡིན་པས་དེ་འདྲའི་རྙོག་འཛིང་ཆེ་བ་ཞིག་མེད།ཡིན་ནའང་ཨུ་རུ་སུའི་རླབས་ཆེན་གྱི་རྩོམ་རིག་སྨྲ་བ་ཆེན་པོ་ཐོར་ཟི་ཐེས“སྐྱིད་པོ་ཡོད་ཚད་འདྲ་པོ་འདྲ་པོ་ཡིན་ནའང་སྡུག་པོ་ཐམས་ཅད་ལ་སོ་སོའི་སྡུག་ལུགས་རེ་ཡོད’’ཅེས་གསུངས་པ་ལྟར་ཁོ་གཉིས་ཀྱི་བརྩེ་དུང་དེ་ངམ་ནག་གཡང་ལ་ལྷུང་བའི་རྐྱེན་བའི་རྐྱེན་ཡང་ཐུན་མོང་མ་ཡིན་པ་ཞིག་བྱུང་ཡོད་ལ།རྐྱེན་ངན་དེར་བསམ་གཞིགས་དང་ངོས་འཛིན་གསལ་ཁ་ཐོན་པ་ཞིག་ཐོབ་པ་བྱ་རྒྱུ་ནི་བརྩམ་བྱ་འདིའི་སྙིང་པོ་ཡིན་པར་བདག་སེམས་སོ།

དབྱངས་སྒྲོལ་དང་ཉི་མ་ཚེ་རིང་གཉིས་ཀྱིས་དུང་སེམས་ཟབ་མོའི་སྒུལ་ཤུགས་ལ་བརྟེན་ནས་འཚོ་བའི་དཀའ་ཁག་ཁུར་དུ་ལེན་ཞིང་རེ་བ་སྙིང་ལ་བཅངས་ཏེ་གོམ་པ་བརྟན་པོས་མདུན་ནས་མདུན་དུ་བསྐྱོད་ལ།དབྱངས་སྒྲོལ་གྱི་ཕ་མ་གཉིས་ཀྱིས་ཀྱང་མདུན་བསྐྱོད་ལ་སྨན་པའི་མཐུན་རྐྱེན་ཡིད་ཚིམས་པ་སྐྲུན་གྱིན་ཡོད་པས་འགལ་རྐྱེན་ངན་པའི་རླུང་དམར་ཞིག་ཁོ་ཚོའི་ཕྱོགས་སུ་ལྡང་མི་སྲིད་ལ།ཉི་མ་ཚེ་རིང་གི་ཕས་ཀྱང་རང་གི་གཅེས་ཕྲུག་ངོ་མ་ལས་ཀྱང་ལྷག་པའི་ཉི་མ་ཚེ་རིང་ལ་བདེ་ཞིང་སྐྱིད་པའི་འཚོ་བ་ཞིག་ཐོབ་རྒྱུའི་རེ་བ་སྙིང་ནས་བཅངས་བཞིན་ཡོད་པས་ཉི་མ་ཚེ་རིང་གི་རེ་བ་རླུང་ལ་བསྐུར་མཁན་ཞིག་ཏུ་འགྱུར་མི་སྲིད།འོ་ན་ཉི་མ་ཚེ་རིང་ཁོ་གཉིས་བདེ་སྐྱིད་འཚོ་བ་གསར་པའི་སྒོ་འཕར་ཕྱེ་ལ་ཁད་དུ་ཁ་སྦུབ་སློག་མཁན་དེ་ཡང་སྙིང་སུ་རེད་དམ།མི་མང་པོ་ཞིག་གིས་ཕལ་ཆེར་རྣམ་རྒྱལ་རེད་ཅེས་བརྗོས་ངེས་རེད།དངོས་གནས།གལ་ཏེ་རྣམ་རྒྱལ་ཁོས་རང་ཚུགས་ཟིན་ཏེ་ངོ་ཚ་མེད་པའི་བྱ་བ་དེ་མ་བྱས་ཤིང་།ཁྲེལ་མེད་པའི་རེ་བ་དེ་མ་བཏོན་ན་ཉི་མ་ཚེ་རིང་གི་བདེ་སྐྱིད་རླུང་ལ་སྐུར་དོན་མེད།ཡིན་ནའང་ཕྲན་གྱིས་བསམ་པ་ལྟར་ན།རྣམ་རྒྱལ་གྱི་སྐྱུག་བྲོ་བའི་བྱ་སྤྱོད་དེ་ནི་ཉི་མ་ཚེ་རིང་གི་འཚོ་བར་བར་ཆད་གཏོང་བའི་འགལ་རྐྱེན་དེའི་ས་བོན་ཙམ་ཡིན་པ་ལས་འགལ་རྐྱེན་ངོ་མར་ད་དུང་གྲུབ་ཐུབ་མེད།ས་བོན་གཅིག་པུས་ལོ་འབྲས་གཡུར་དུ་ཟ་བ་ཞིག་ཐོབ་ཐབས་མེད་པར་ངེས་པར་ས་ཆུ་དྲོད་གཤེར་ལ་སོགས་པའི་མཐུན་རྐྱེན་འོས་འཚམ་ཞིག་གིས་གསོ་དགོས་པ་ལྟར་རྣམ་རྒྱལ་གྱི་རེ་བ་ཁྲེལ་མེད་དེར་ཡང་གལ་ཏེ་ཉི་མ་ཚེ་རིང་གི་ཕ་དང་ཉི་མ་ཚེ་རིང་ཁོ་རང་གིས་མཐུན་རྐྱེན་མ་བྱས་ན་འབྲས་བུ་ངན་པ་དེ་འདྲ་བ་ཞིག་ཀྱང་འབྱུང་ཐབས་མེད།འོ་ན་རྣམ་རྒྱལ་གྱི་རེ་བ་སྐྱུགས་བྲོ་དགོས་པོར་དེ་རང་ཉིས་ཀྱི་འཚོ་བ་རྩ་བརླག་གཏོང་བའི་རྒྱུ་ཡིན་པ་ཉི་མ་ཚེ་རིང་གིས་གསལ་པོར་ཤེས་བཞིན་དུ་ད་དུང་ཁོའི་མཐུན་རྐྱེན་དུ་བྱས་ཏེ་རང་ཉིད་དང་རང་ཉིད་ཀྱི་བརྩེ་དུང་།འཚོ་བ་སོགས་ཡོད་ཚད་གཡང་ལ་བསྐྱུར་དགོས་དོན་གང་ཡིན་ནམ།ཁོས་དེ་ལྟར་བྱེད་པ་ནི་རང་ཉིད་དང་དབྱངས་སྒྲོལ་གྱི་བརྩེ་དུང་དང་འཚོ་བར་ཀུ་རེ་དང་བརྙས་བཅོས་བྱེད་པ་མ་ཡིན་ནམ།

དགེ་སྡིག་གི་བསམ་བློ་དང་རྒྱུ་འབྲས་ཀྱི་ལྟ་བ་ནི་རང་རེ་ཁ་བ་ཅན་པའི་ཡིད་ཁམས་ན་གཏིང་ཚུགས་སུ་ཟུག་ཅིང་།བོད་མིའི་མི་ཆོས་ཀུན་སྤྱོད་ཀྱི་ཚད་གཞི་དང་།མི་ཚེའི་ལྟ་བ་སོགས་ལ་ཤུགས་རྐྱེན་ཚད་ལས་འདས་པ་ཙམ་བཞག་ཡོད་པ་ཞིག་ཡིན་པས་ནམ་རྒྱུན་དུ་བྱ་བ་གང་ཞིག་ཡིན་ནའང་དགེ་སྡིག་གི་སྲང་ལ་འདེགས་ཤིང་།རྒྱུ་འབྲས་ཀྱི་ཐིག་ཤིང་གིས་གཞལ་བར་བྱེད་ཀྱི་ཡོད།ཉི་མ་ཚེ་རིང་དབྱངས་སྒྲོལ་དང་གཉེན་གཏམ་སྒྲིག་རྗེས“འཇིག་རྟེན་འདིའི་སྟེང་ང་ལས་སྐྱིད་པའི་མི་སུ་ཡོད་དམ’’སྙམ་ཞིང་དགའ་སྣང་འབུམ་དུ་བརྟས་པ་དང་།ཁོའི་སེམས་ནང་གི་དགའ་སྣང་དེ“བྱིས་པར་ལོ་གསར་འཆར་བའི་དགའ་ཚོར་གྱིས་ཀྱང་མཚོན་དུ་མེད’’པས་འདུ་འཛི་ཆེ་བའི་མི་ཚོགས་ཁྲོད་དུའང་ཡིད་སྤྲོ་བའི་གླུ་ཆུང་སྐད་གསང་མཐོན་པོས་གཏོང་ལ་ཉེ་བ་ཙམ་དུ་བྱེད་བཞིན་ས་མཆོངས་གནམ་མཆོངས་ཀྱིས་ཁྱིམ་དུ་ལོག་ཅིང་།སེམས་བསམ་པའི་ནང་བཀྲ་ཤིས་པའི་བྱ་བ་བཟང་པོ་འདི་ཇི་ལྟར་བྱས་ཏེ་པ་ཕས་གཙོས་པའི་ཁྱིམ་མི་རྣམས་ལ་ཤོད་དགོས་པའི་འཆར་གཞི་ཚགས་སུ་ཚུད་པ་འདིང་བཞིན་ཁྱིམ་གྱི་སྒོར་འཛུལ་མ་ཐག་རྡོ་རུལ་གླུད་ལ་གཡུག་རྒྱུ་ཞིག་གིས་ཁོ་ཁ་སྦུབ་ཏུ་སློགཁོ་ཁ་སྦུ་ཏུ་སློག་མཁན་གྱི་རྡོ་རུལ་དེ་རྣམ་རྒྱལ་གྱིས་བཞག་པར་ཤེས་པའི་དུས་ཐོག་མར་ཁོའི་སེམས་ནང་འགྲིག་ཐབས་མེད་པའི་དྲན་པ་རྙེད་པ་མ་ཟད།རྡོ་རུལ་དེ་བོར་མཁན་རྣམ་རྒྱལ་ལའང་གློ་བུར་ཉིད་དུ་ཞེ་ཁྲེལ་བའི་འཁང་སེམས་ཤིག་ཤུགས་ཀྱིས་ལྡང་སོང་།ཡིན་ནའང་།རྣམ་རྒྱལ་གྱི་ཉམ་ང་བའི་རྣམ་འགྱུར་དང་།ཡིད་ཆད་པའི་རེ་བ།པ་ཕའི་རེ་མེད་ཞིང་ཆུང་གི་བསམ་བློ་དང་སྤུན་དུང་དྲིན་ཤེས་ཀྱི་བསམ་པས་སྐུལ་བའི་བསམ་རེ་ལ་ཞིབ་པར་བསམ་སྐབས་ཁོའི་ཡིད་ལའང་ལས་རྒྱུ་འབྲས་ཀྱི་ཚངས་ཐིག་དེ་ཝ་ལེར་འཆར་བར་འགྱུར་།དེ་མུས་ཁོའི་དྲན་སྣང་དུ་རྣམ་རྒྱལ་གྱིས་རང་ཉིད་དང་རང་ཉིད་ཀྱི་ཁྱིམ་ཚང་ལ་དཀའ་ངལ་ཡོད་དུས་སེམས་བཟང་གཏོང་ཕོད་ཆེན་པོས་“ལག་པ་འཚིག་དུས་ཀྱི་སྐམ་པ’’བྱས་པ་མ་ཟད་ད་ལྟ་རང་ཉིད་ལ་བློར་བབ་པའི་ལས་ཀ་འདི་རག་ཐུབ་པའང་རྣམ་རྒྱལ་གྱི་བཀའ་དྲིན་ཉག་ཅིག་ཡིན་པས་སྙིང་ཁོང་རུས་པའི་གཏིང་ནས་ཁོང་ལ་ཐུགས་རྗེ་ལེགས་གསོལ་ཞུ་བ་མ་ཟད།ཁོང་གི་མཚོ་ལྟར་ཟབ་པའི་བཀའ་དྲིན་དེ་འཇལ་རྒྱུའི་ཆོད་སེམས་ཀྱང་ཁོའི་སྙིང་ལ་ཟུབ་མེད་རི་མོར་བཀོད་པ་དག་གསལ་ལྷང་སྒྲིག་མེད་འཆར་བས་རང་གི་བདེ་སྐྱིད་འཚོ་བ་བློས་མི་བཟོད་པའི་ཕངས་སེམས་དང་ལས་དབང་དང་རྒྱུ་འབྲས་ཀྱི་རྣམ་གཞག་ལ་མ་མོས་པའི་འཁང་ར་མངོན་མེད་དུ་སྒྲོག་བཞིན་ཁོང་གི་བཀའ་དྲིན་གསབ་ཕྱིར་དཀའ་ཁག་ཡོད་ཚད་དང་དུ་ལེན་རྩིས་ཡོད།ཁོའི་བསམ་པར་གལ་ཏེ་དེ་ལྟར་མ་ཐུབ་པའམ་ལྷག་པར་ཐུབ་བཞིན་དུ་མ་བྱས་པ་ཡིན་ན་དེ་ནི་ཆང་ལན་ཆུས་འཇལ་བ་དང་།དྲིན་ཆེན་དབྱུག་གུས་བརྡུང་པ་ཞིག་ཡིན་པས་དགེ་སྡིག་གི་སྲང་ལ་ཡང་ལྕི་ཤོར་ངེས་དང་བསླུ་མེད་ཀྱི་རྒྱུ་འབྲས་ལ་ཁྱད་གསོད་བྱས་པ་ཞིག་ཡིན་པར་སྙམ་པ་བཅས་རྣམ་རྒྱལ་“ཡང་རང་ཉིད་ས་དོང་ནང་འཕེན་རྩིས་བྱེད་མཁན་ཁྲམ་པ’’“ལྐོག་གཤོམ་ཅན་’’ཞིག་ནས་རིམ་པས་སྙིང་རྗེ་དགོས་པའི་དྲིན་ཅན་ཞིག་ཏུ་ཤེས་ཏེ་ཉི་མ་ཚེ་རིང་ཁོ་ད་གཟོད་གཞི་ནས་རང་ཉིད་རྩ་བརླག་གཏོང་བའི་བྱ་ངན་དེར་མཐུན་རྐྱེན་རོགས་འདེགས་བྱེད་པོ་ཞིག་ཏུ་གྱུར་སོང་བ་རེད།

སྤྱིར་ན་རྒྱུ་གང་ཞིག་ལས་འབྲས་བུ་གང་ཞིག་འབྱུང་བ་ནི་རང་བྱུང་ཆོས་ཉིད་དང་མཐུན་པ་ཞིག་ཡིན།ཡིན་ནའང་།ཚན་རིག་དང་མཐུན་པའི་ལྟ་བའི་རྣམ་གཞག་དེ་ལྟ་བུ་ཞིག་ཚེ་སྔོན་ཕྱི་སོགས་ཀྱི་བསླད་རྐྱེན་དང་འདྲེས་ཏེ་ཁ་བ་རི་པའི་བསམ་བློའི་འཚོ་བའི་ནང་ཞུགས་རྗེས།ཤེས་སླ་བའི་རང་བྱུང་ཆོས་ཉིད་དེ་ཡང་བསམ་སླ་ལ་དཔོག་དཀའ་བའི་བསམ་རྒྱུན་ཞིག་ཏུ་གྱུར་ཏེ་དགེ་སྐྱོན་གཉིས་ལྡན་གྱི་བསམ་བློའི་སྟོབས་ཤུགས་གཡོལ་དུ་མེད་པ་ཞིག་ཆགས་ཡོད།མི་ནི་སྤྱི་ཚོགས་འབྲེལ་བ་སྣ་འདུས་ཀྱི་ཕུང་པོ་ཞིག་ཡིན་པས་གང་དེའི་བསམ་སྤྱོད་སོགས་ལ་དཔྱད་པ་གཏོང་སྐབས་སྤྱི་ཚོགས་ཁོར་ཡུག་ཀྱི་འབྲེལ་བ་སྣ་ཚོགས་དང་ཁ་བྲལ་ན་གཏན་ནས་འགྲིག་ཐབས་མེད།       ལས་རྒྱུ་འབྲས་ཀྱི་ལྟ་བ་ནི་རང་རེ་ཁ་བ་ཅན་པ་ཚོའི་རྒྱུན་གཏན་གྱི་སྤྱི་ཚོགས་འཚོ་བའི་ནང་གི་མི་ཆོས་སྤྱོད་ལམ་གྱི་ཚད་གཞི་ཞིག་ཡིན་ཕྱིར།དེས་ནུས་པ་ཐོན་པའི་གནས་དུས་ཀྱང་མི་དང་མི་ཕན་ཚུན་འབྲེལ་བ་བྱེད་པའི་བརྒྱུད་རིམ་ཁྲོད་ཡིན་པས་ལས་རྒྱུ་འབྲས་ཀྱི་རྣམ་བཞག་བརྩི་སྐབས་འབྲེལ་ལམ་ཡོད་མཁན་ཕྱོགས་གཉིས་ཀ་ལྷན་དུ་འཛོམ་དགོས་པ་ནི་སྨོས་མེད་རེད།ཡིན་ནའང་།སྤྱིར་བཏང་རང་རེའི་འཚོ་བ་བའི་ནང་བལྟ་སྐབས་མི་མང་ཆེ་བས་རེ་བ་ཞུ་ཡུལ་དེས་གང་ཞུས་པའི་རེ་དོན་དེ་སྒྲུབ་མིན་ཁོ་ནའི་ཐོག་ནས་ཞུ་ཡུལ་དེར་ལས་རྒྱུ་འབྲས་ཀྱི་རྣམ་གཞག་བརྩི་བ་ལས་རེ་བ་ཞུ་མཁན་དེས་རེ་བ་དེ་འདྲ་བ་བཏོན་པ་ལས་རྒྱུ་འབྲས་དང་མཐུན་མི་བརྩི་མཁན་ཉུང་ཉུང་རེད།དེར་བརྟེན་མི་ཁྲེལ་མེད་འགས་སྤྱི་མཐུན་གྱི་བྱམས་སྙིང་རྗེའི་བསམ་ཤུགས་བེད་སྤྱད་དེ་གཉོམ་ཆུང་མགོ་ལ་ཆག་སྒོ་ཟོག་གིན་ཡོད།དོན་དངོས་ཐོག་དེ་ནི“ཁྱི་ལོག་སྤྲང་པོས་ལོན་ན་རྒྱུག་པ་འཕྲེད་གཟེར’’བྱེད་པའི་དཔེ་ལྟར་མི་ངན་སྙིང་མཁྲེགས་དེ་ཚོས་ཁ་བ་རི་པ་ཚོས་རྒྱུ་འབྲས་ཀྱི་རྣམ་གཞག་བརྩི་སྐབས་རེ་བ་གཏོང་བ་ལས་རེ་བ་ཞུ་མཁན་དེ་དྲང་བདེན་ཡོད་མིན་དང་།གང་ཞུས་པའི་རེ་བ་དེ་ལས་འབྲས་དང་མཐུན་མིན་སྐོར་བསམ་བློ་གཏོང་མཁན་ཉུང་ཉུང་ཡིན་པའི་སེམས་ཁམས་གོམས་སྲོལ་དེ་བེད་སྤྱད་པ་ཞིག་ལོས་ཡིན།དེ་ལྟར་སོང་ཕྱིར་མི་གཉོམ་ཆུང་སྐོར་ཞིག་གིག་མགོ་ལ་ཆག་སྒོའི་བེར་ཀ་མང་དུ་ཕོག་པས་ཁོ་ཚོའི་སེམས་ནང་“ལས་རྒྱུ་འབྲས་ཞེ་ས་པ་དེ་ཡང་གཡག་ཞར་བས་རྩྭ་ཟ་བ་དང་འདྲ་བར་གཞོགས་གཅིག་ལ་ནམ་ཡང་གཡོ་སྒུལ་མེད་པར་ལུས་པ་དང་།ག་དུས་ཡིན་ནའང་གཞོགས་གཞན་དེའི་རྩྭ་ཁོ་ན་ཟ་བ’’ཞིག་ཡིན་ཞིང་།རང་ཉིད་ལ་ཆག་སྒོ་ཕོག་པའང་རང་ཉིད་“རླུང་རྟ་ཆག་པ’’ཡིན་པར་སྙམ་གྱིན་ཡོད།དོན་དངོས་ཐོག་དེ་ནི་“རླུང་རྟ་ཆག་པ’’ཞིག་གཏན་ནས་མིན་པར་རྟོགས་པ་མ་སད་པའི་སྐྱོན་དང་བདག་ཉིད་རང་ངོ་མ་འཕྲོག་པའི་མཚང་འབའ་ཞིག་རེད།

ཉི་མ་ཚེ་རིང་དང་རྣམ་རྒྱལ་དབར་གྱི་འབྲེལ་ལམ་དང་དེ་ལས་འཕྲོས་པའི་ལས་འབྲས་ཀྱི་རྩིས་གཞི་འདིའང་ཚུལ་དེ་ལས་འདས་མེད།གཞི་རྐང་རྣམ་རྒྱལ་གྱིས་སྤུན་དུང་ཟབ་མོ་བཅངས་བཞིན་དཀའ་ཁག་འཕྲད་བཞིན་པའི་ཉི་མ་ཚེ་རིང་ལ་གཏོང་ཕོད་ཆེན་པོའི་དཀའ་དྲིན“ལག་པ་འཚིག་དུས་ཀྱི་སྐམ་པ’’ལྟ་བུ་བསགས་ཡོད་པས་ད་ཆ་ཁོ་ལ་དཀའ་ངལ་འཕྲད་དུས་ཉི་མ་ཚེ་རིང་གིས་རོགས་སྐྱོར་གྱི་སྒོ་འཕར་བརྒྱབ་བཞག་པ་ཡིན་ན་དེ་ནི་མི་ཆོས་ཀུན་སྤྱོད་དང་མི་མཐུན་པ་ཞིག་ཡིན་ན་ལྷ་ཆོས་དང་འདྲེས་པའི་ལས་འབྲས་དང་མཐུན་པ་ནི་དེ་བས་ཅི་ལ་སྲིད།དེར་བརྟེན་ཉི་མ་ཚེ་རིང་དང་ཁོའི་པ་ཕས་ཀྱང་བསམ་གཞིགས་ཀྱི་འཁོར་ལོ་དེ་གནས་དེ་ནས་མགོ་བརྩམས་ཏེ་སྐོར་བ་དང་།རྣམ་རྒྱལ་གྱི་སྔར་གྱི་དྲིན་ཕན་བཏགས་པའི་“བྱས་ཡུས་མིན’’པའི་རེ་བ་དེ་ཡང་སྒོ་དེ་ནས་འཛུལ་ཏེ་སྙིང་རྗེ་རྗེའི་ཉམས་དང་བཅས་ལྷགས་བྱུང་བས་བསླུ་མེད་པའི་ལས་འབྲས་དེ་དྲན་རིག་འཆོལ་བའི་མགོ་ནག་སྐོར་ཞིག་གིས་རྩིས་པ་དང་།ཉི་མ་ཚེ་རིང་གི་ཟིན་ལ་ཁད་པའི་བདེ་ལྡན་ཞིང་ཁམས་དེ་ཉིད་གློ་བུར་ཉིད་དུ་སྐྱིད་ལ་འབྱོར་བའི་རྨི་ལམ་ཁྱི་སྡོམ་གྱི་ཧར་སྒྲས་བཅོམ་པ་ལྟར་བཟོས་པ་ལས་རྣམ་རྒྱལ་ལ་དཀའ་ཁག་ཅི་ཞིག་ཐུག་པ་དང་།དེ་ཇི་ལྟར་འཕྲད་པ།ཉི་མ་ཚེ་རིང་གིས་འཕྲེང་ཞིང་ཕངས་པའི་ངང་“བློས་གཏོང་ཆེན་པོ་དེ་ཙམ”བྱས་ཏེ་རོགས་རམ་མིན་སོགས་ལ་བསམ་གཞིགས་ཀྱི་ཁ་ཙམ་ཕྱོགས་མེད་པ་རེད།དེ་ནི་རྣ་ཅོག་བཀོག་ནས་རྐུབ་ལ་ལྷན་པ་བརྒྱབ་པ་རང་ཡིན་པས་བྱེད་ལུགས་འདི་ལྟ་བུ་ལས་རྒྱུ་འབྲས་དང་མཐུན་པ་ཞིག་ཡིན་ན།རྒྱུ་དེ་ལས་བྱུང་བའི་འབྲས་བུའང་རྐུབ་བཙེམས་ནས་དཔྲལ་བར་བུ་ག་གཏོད་པ་ལས་གཞན་ཅི།རྣམ་རྒྱལ་ཁོ་བཟའ་མི་ཡ་བྲལ་ལ་འགྲོ་མ་དགོས་ཙམ་མ་ཟད་དཔོན་གནས་རིམ་པའང་འཕར་ཡོད་མདོག་ཁ་པོ་རེད།ཡིན་ནའང་ཉི་མ་ཚེ་རིང་གི་མི་ཚེའི་ལས་དབང་ནི་སྐྱི་གཡའ་བའི་གཡང་རོང་འདི་འདྲ་ཞིག་ལ་ཚུད་སོང་།གཟིགས་དང་།བུ་མོའི་ལུས་ལ་རེག་ཙམ་བྱེད་མ་མྱོང་བའི་ཉི་མ་ཚེ་རིང་གློ་བུར་དུ་ཕྲུ་གུའི་ཨ་ཕར་གྱུར་པ་དང་།བརྩེ་དུང་གི་རྨང་གཞི་ཡེ་ནས་མེད་པའི་མི་ལུས་སྡོང་རྒན་གཉིས་མལ་ཁྲི་གཅིག་གི་སྟེང་མཉམ་པོར་འགྱེལ་དགོས་བྱུང་བས།ཡར་བརྩོན་གྱི་སྤོབས་པ་མཐོ་བའི་གཞོན་སྐྱེས་ཉི་མ་ཚེ་རིང་རེ་སྙེགས་ཀྱི་དྲི་དང་བྲལ་བཞིན་བཟི་འཐོམ་འཐོམ་ངང་ཕ་ཁྱིམ་དང་རང་ཁྱིམ་གསར་མའི་དབར་ལུས་སེམས་འཕྲལ་དགོས་པ་སོགས་འདི་ཚོ་ཚང་མ་ཞིག་གིས་མི་འདོད་བཞིན་དུ་བསགས་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཞིག་ཡིན་པགདོན་མི་ཟ།དེ་ལྟར་ཉི་མ་ཚེ་རིང་དཀའ་ཁག་ངལ་དུབ་ཀྱིས་གཙེས་པའི་སྐབས་ཁོ་ལ་མདུན་བསྐྱོད་ཀྱི་སྟོབས་ཤུགས་སྦྱིན་པའི་བཀའ་དྲིན་དེ་ད་གཟོད་ལང་ཚོའི་སྤོ་ལ་སྙེགས་པའི་གོམ་བགྲོད་འགོག་མཁན་གྱི་རྡོག་ཁྲེས་ལྗིད་ཏིག་ཏིག་ཞིག་ཏུ་གྱུར་སོང་བས་མཐའ་འབྲས་དེ་ནི་ཡིད་སེམས་སྐྱོ་བའི་གཞི་འབའ་ཞིག་ལས་གཞན་དུ་ཅི།

ཉི་མ་ཚེ་རིང་གི་ཁྱིམ་ཚང་དེ་འབྲེལ་བ་ཡ་མཚན་ཅན་པ་ཞིག་གི་ཐོག་གྲུབ་ཡོད་ཅིང་།ཁོའི་ཕྲག་ཐོག་བབས་པའི་འགན་འཁྲི་ཡང་མི་ཆུང་བ་ཞིག་ཡོད་པས་གྲོང་ཁྱེར་པ་ཁྲ་ཁྲ་སིལ་སིལ་དེ་ཚོའི་མིག་ལམ་དུ་མཐོང་མི་བདེ་བའམ་ཁྱད་གསོད་བྱ་གཞི་ལྟ་བུ་ཞིག་ཏུ་གྱུར་བ་མ་ཟད།ཐ་ན་བརྩེ་དུང་གི་རྒྱ་མཚོ་ཆེན་པོར་ཞུགས་པར་སྤྲོ་བའི “བུ་མོ་མང་པོ་ཞིག་གིས”ཁོ“མ་འདོད་པ་མེད”ནའང་ཁོའི་ཕྲག་པར་བབས་པའི་འགན་འཁྲིའི་རླུང་རླབས་དེ་དག་མཐོང་སྐབས“འཇིགས་ནས་གཡོལ་འགྲོ་མཁན་ཤ་སྟག”བྱུང་བས་ད་ལྟ་ཡང“སློབ་ཆེན་ཐོན་ཞིང་མཐོ་རིམ་ལས་བྱེད་པའི་སྲས་མོའི་སྐབས་ཞབས”ཤིག་གིས་ཁོ་ལ་བརྩེ་དུང་གི་མིག་ཞགས་དང་བཅས་མགུ་མདོག་བྱེད་སྐབས་ཁོའི་སེམས་ལ་ཐོག་མར“དེ་ཡང་རེ་ཞིག་ཚ་བ་རྒྱས་པའི་རྟགས་མཚན་ཚམ་ལས་ཁུངས་འཁྱོལ་པོ”དེ་འདྲ་ཞིག་ཡོང་སྲིད་ཀྱི་མ་རེད་སྙམ་པ་བྱུང་།ཡིན་ནའང་།དབྱངས་སྒྲོས་གྱིས་ཁོའི“བབ་ཆགས་ལ་ལས་ལ་བརྩོན་ཞིང་ལྷག་བསམ་དག་པ་དང་བླ་མ་དཀོན་མཆོག་གི་གཤིས་ཀ”ལ་བལྟས་ཏེ་ཁོའི“དྲན་སྐུལ་དང་རྟ་ཁ་གཅུ་རྒྱུའི་བརྡ”ལ་སྣང་འཇོག་མེད་པར་ལྷད་མེད་པའི་བརྩེ་དུང་གིས་ཁོའི་ལུས་སེམས་ལ་དྲོ་སྐྱིད་སྦྱིན་པས་གཞི་ནས་ཁོའི“རང་ཉིད་གཞན་ལས་དམའ་བའི་བསམ་ཚུལ”གྱི་འཁྱགས་གོང་བཞུར་བ་དང་ཆབས་ཅིག་ལྷད་མེད་པའི་བརྩེ་དུང་གི་འོ་ཆུ་གཉིས་གཞི་གཅིག་ཏུ་འདྲེས་པའི་སྟོབས་ཤུགས་བསྐྱེད་ལ་བདེ་སྐྱིད་འཚོ་བ་གསར་པའི་ཉི་གཞོན་དེ་ཡང་འཆར་ལ་ཁད་པའི་སྐྱ་མདའ་གཏོང་བར་རིངས་པ་ཙམ་བྱེད།

ཉི་མ་ཚེ་རིང་ནི་རྒྱུ་དག་ཡོད་པའི་མི་རབས་ཤིག་རེད།མ་གཞི་ཁོའི་ཁྱིམ་ཚང་གྲུབ་ལུགས་ཀྱི་འབྲེལ་བ་ཡ་མཚར་བ་དང་ཕྲག་པར་བབས་པའི་འགན་འཁྲི་ལྗིད་རབ་པ་དེའི་རྐྱེན་ལས་ལྟོ་གོས་གསུམ་གང་ཅིའི་ཐད་ལ་དཀའ་ངལ་མང་དག་ཅིག་བཟོས་ཡོད་པ་དང་།གྲོང་ཁྱེར་ནང་གི་འཚོ་བ་ཁྲ་ཁྲ་སིལ་སིལ་དང་།རང་མཉམ་གཞོན་ནུའི་ཆ་རྐྱེན་དང་ལས་དབང་ལ་བསམ་གཞིག་ཁོའི་སེམས་ནང་ཡང“རང་ཉིད་གཞན་ལས་དམའ་བའི་བསམ་ཚུལ”ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་འོངས་པ་མ་ཟད།དབྱངས་སྒྲོལ་གྱིས་ཁོ་ལ་བརྩེ་དུང་གི་མདའ་མོ་འཕེན་སྐབས་ཀྱང་མི་དང་མི་འདྲ་མཉམ་ཡིན་པའི་གནས་ལུགས་ཤེས་བཞིན་དུ“མི་དང་མི་འདྲ་ན་མི་གཡོག་སུས་རྒྱུག”པའི་གནའ་དཔེ་དྲངས་ཏེ་རང་ཉིད་དམའ་བར་འཛིན་པའི་བསམ་ཚུལ་ལ་སྒྲུབ་བྱེད་དུ་བཀོད་པ་དང་།དབྱངས་སྒྲོལ་གྱི་བརྩེ་དུང་ལོངས་སུ་སྤྱོད་རྒྱུ་བྱུང་ན་དེ་ནི“དཀོན་མཆོག་གིས་དངོས་གྲུབ་གནང་བ”ལྟ་བུ་རྙེད་པར་དཀའ་བ་ཞིག་ཡིན་པར་བསམ་བཞིན་དུ་དབྱངས་སྒྲོལ་གྱིས་རང་འགུལ་ངང་ཁོ་ལ་བརྩེ་དུང་གི་མདའ་མོ་འཕེན་སྐབས་གང་ལྟར་རང་དམའི་བསམ་བློའི་བག་ཆགས་ཟབ་པའི་དབང་གིས“གསེར་སྐུ་དང་འཇིམ་པའི་ལྷ་གཉིས་ལྷ་ཁང་གཅིག་གི་ནང་དུ་ཡོང་གི་མ་རེད”སྙམ་པའི་སྒོ་ནས་ཁོ་མོའི་བརྩེ་དུང་གི་མདའ་མོ་དེ་འཕེན་དཀའ་བ་ཙམ་བཟོས་ཡོད་པ་རེད།དོན་དངོས་ཐོག་ཁོའི་བསམ་པར་ཡང་དེ་ནི་བཙལ་ནས་མི་རྙེད་པའི“དངོས་གྲུབ”ཅིག་ཡིན་པའི་ངེས་ཤེས་གཏིང་ཚུགས་ཤིག་འོག་འགྱུའི་གླིང་ན་རྙེད་ཡོད་པ་རེད།གདམ་ང་འདི་ལྟ་བུ་བྱ་སྐབས་ཁོའི་སེམས་ནང་ཡང་རང་ཉིད་ཀྱི་ལས་དབང་ལ་ཡིད་མ་རངས་པའི་འཁང་སེམས་ཤིག་སྐྱེ་ངེས་རེད།ཡིན་ནའང་ཁོ་ནི་ཡ་རབས་ཚུལ་མཐུན་གྱི་མི“ཀུན་གྱིས་ཡིད་སྨོན་བྱེད”ཡུལ་ཞིག་ཡིན་པས་ཁོས་རང་ཉིད་ཀྱི་ལས་དབང་དང་ཚེ་སྲོག་ལ་ཁྱད་གསོད་བྱས་མེད།དེ་ལས་ལྡོག་སྟེ་ཁོས་རང་ཉིད་ཇི་ལྟར་འཚར་ཞིང་ལོངས་པའི་མི་ཚེའི་ཤུལ་ལམ་རིང་མིན་ཐུང་མིན་དེའི་རྐང་རྗེས་ལ་བསམ་བཞིན་པ་ཕ་དང་།གཅེན་པོ་རྣམ་རྒྱལ་སོགས་ནས་མདུན་བསྐྱོད་བྱེད་པར་མཁོ་བའི་བྱམས་བརྩེའི་གཅེས་སྐྱོང་དང་།རེ་བ་བསྐྱེད་པའི་སྙིང་སྟོབས།“ལག་པ་འཚིག་དུས་ཀྱི་སྐམ་པ”སོགས་བྱས་པའི་བརྒྱད་རིམ་གསལ་པོ་དྲན་པ་དང་།རྟོག་ངོའི་རས་ཡོལ་གྱི་ཐོག་དགའ་ལ་སྐྱོ་བའི་བརྙན་རིས་དུས་མ་ཞིག་སྒྲིབ་མེད་གསལ་པོར་འཆར་བས་ཁོའི་རྒྱུ་དག་གི་མེ་ལོང་སྒོར་མོ་རབ་རིབ་གཡའ་རྡུང་གྱིས་དག་པར་བྱས་ཡོད།དེ་ལྟར་ཉི་མ་ཚེ་རིང་གིས་སྔ་བཤུལ་རྗེས་དྲན་དང་།བཀའ་དྲིན་ལ་བསམ་ཤེས་བྱས་ཏེ་ཡ་མཚར་བའི་འབྲེལ་བ་ལས་གྲུབ་པའི་ཁྱིམ་ཚང་དེའི་བདེ་སྡུག་པང་དུ་བླངས་ཤིང་།འཚོ་བའི་དཀའ་ཁག་ཁུར་དུ་འཁྱེར་བས་ཁྱིམ་མི་རྒན་གཞོན་གྱིས་ལེགས་བསྟོད་བརྩི་བཀུར་བྱེད་པ་སྨོས་མེད་ཐོག“གྲོང་ཁ་ཁྱིམ་མཚེས་དང་ལས་ཁུངས་ཀྱི་མི་ཚང་མས་བསྔགས་བརྗོད་བྱ་ཡུལ་ཞིག”ཏུ་གྱུར་པ།“མི་མང་པོས་ཡིད་སྨོན་བྱེད”པ་ཞིག་ཏུ་གྱུར་ཡོད་པས་གྲོང་ཁྱེར་ནང་གི་དེང་རབས་གཞོན་ནུ་སྐོར་ཞིག་གི་བྱེད་སྟངས་ལྟར་རང་ཉིད་ཡང་གསོས་དང་སྟེར་བཟོ་དོད་པོ་ཡོང་བའི་ཕྱིར་ཕ་མ་ཁྱིམ་ཚང་ལ་བཀའ་དྲིན་ལེགས་གསོལ་བྱ་རྒྱུ་ལྟ་ཅི།དེ་ལས་ལྡོག་སྟེ་ཁྱིམ་ཚང་གི་དཀའ་ངལ་ལས་གཡོལ་གང་ཐུབ་དང་།ཐ་ན་ཁྱིམ་གྱི་རྩམ་ཟོ་སྟོང་པ་བཟོ་རྐྱང་བྱེད་པ་དེ་རིགས་ཁོའི་སྣང་ཡུལ་ལའང་འཆར་གྱི་མེད་པ་མ་ཟད།རང་ཉིད་ལ་མགུ་ཞིང་འདོད་པའི་བུ་མོ་མང་པོ་ཞིག་ཅི་གར་གློད་བཞག་པ་ལས་རང་ཉིད་ཕྲག་སྟེང་གི་འགན་འཁྲི་དེར་ལྷོད་གཡེང་གཏན་ནས་བཏང་མེད་པར་བརྟེན་ནད་ཀྱིས་མནར་བའི་པ་ཕ་ཡང་སེམས་ཀྱིས་མ་བཟོད་པར“ང་ཤི་མཁན་ཤི་རུ་ཆུགས”ཞེས་རེ་བ་ཞུ་བ་ལྟར་བྱ་དགོས་པ་བྱུང་ཡོད།ཁོའི་ཡ་རབས་ཚུལ་མཐུན་དང་།རྒྱུ་དག་ལྡན་པའི་མི་གཤིས་འདི་ལྟ་བུ་ནི་ལྷ་ཆོས་མི་ཆོས་གང་གི་སྲང་ལ་བཏེགས་ནའང་ཡང་དྲགས་པའི་གཏམ་ཞིག་ཐོས་པ་དཔེར་མི་སྲིད་པ་ཞིག་རེད།

ཉི་མ་ཚེ་རིང་ནི་བཀའ་དྲིན་ལ་བསམ་ཤེས་ཀྱི་དཀའ་ཁག་ཁུར་དུ་ལེན་མཁན་གྱི་མི་ཡ་རབས་ཅན་པ་ཞིག་རེད་ལ་དུས་རབས་ཀྱི་རྗེས་སུ་སྙེགས་ཤིང“ཡར་བརྩོན་གྱི་སེམས་ཤུགས་ལྡན་པ་”ཞིག་ཀྱང་རེད།མ་གཞི་ཉི་མ་ཚེ་རིང་ཁྱིམ་གྱི་ཆ་རྐྱེན་ཞན་པ་དང་།དུལ་ལ་མ་འཁེལ་བའི་རྐྱེན་སོགས་ཀྱི་དབང་གིས་སློབ་གྲྭ་མཐར་ཕྱིན་ཞིག་འགྲོ་བའི་སྐལ་བ་དང་བྲལ་བར་གྱུར་ཡོད་།ཡིན་ནའང་།ཁོ་ནི་མི་བསམ་བློ་གཏོང་ཤེས་མཁན་ཞིག་ཡིན་པས་འཚོ་བའི་དཀའ་སྡུག་ལས་ཐོབ་པའི་ཤེས་རབ་དང་།རང་འཁྲིའི་ལས་ཐོག་ནས་བྱུང་བའི་འཇོན་ཐང་།བརྩོན་འགྲུས་ཀྱི་སྦྱོར་བ་ལས་བསྐྱེད་པའི་ལྟ་རྒྱ་ཐོས་རྒྱ་སོགས་མི་དམན་པ་ཡོད་པ་ནི་ཁོའི་ལས་འཁྲིའི་འཇོན་ཐང་དང་།ལྷག་པར་དབྱངས་སྒྲོལ་གྱི་ཡབ་ཆེན་ལྟ་རྒྱ་ཐོས་རྒྱ་ཆེ་ཞིང་བསམ་གཞི་དགོངས་རྒྱུ་ཟབ་པའི་དཔོན་ཆེན་ཞིག་ཡིན་པ་དེའི་ངག་བཀོད་ཀྱི་གདེང་འཇོག་སོགས་ལས་ཞར་དང་ཞོར་དུ་རྟོགས་ཐུབ་ལ།སྒྲུང་རྩོམ་ཧྲིལ་པོའི་ཡིག་ཕྲེང་སོ་སོའི་སྲུབས་ཀ་ལས་ཀྱང་བརྗོད་མེད་མངོན་གསལ་དུ་མཐོང་ཐུབ་པ་ཞིག་རེད།      དེ་ལྟར་ཉི་མ་ཚེ་རིང་ཁོ་ནི་བཟང་སྤྱོད་ཀྱི་ཤ་ཤེད་རྒྱས་ཤིང་ཤེས་འཇོན་གྱི་བང་ཁ་རྫོགས་པ་ལྟ་བུ“དེང་གི་གཞོན་ནུའི་ཁྲོད་དུ་དཀོན་པོ་ཡིན”པ་ཞིག་རེད་འདུག་པས་ཁོའི་མདུན་དུ་འཐེན་པའི་རྐང་ལམ་དེས་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཏུ་འཁྲིད་རྒྱུ་མིན་པའི་ངེས་ཤེས་ཤིག་ཀློག་མཁན་ཀུན་གྱི་སྣང་ངོར་འགོག་མེད་འཆར་ངེས་རེད།ཡིན་ནའང་།ལས་བཟང་པོའི་རིགས་ལ་བར་ཆད་མང་བའི་དཔེ་ལྟར་རེ་བས་ཕྱུག་པའི་ཉི་མ་ཚེ་རིང་གི་ལས་དབང་དེ་ཡང་མི་འདོད་བཞིན་དུ་ངམ་ནག་པའི་གཡང་གཟར་གྱི་ཕྱོགས་སུ་ཤོར་སོང་།

སྤྱིར་བརྩམས་སྒྲུང་ནི་ལུས་ངག་ཡིད་གསུམ་སྒོ་ནས་མི་སྣའི་སྣང་བརྙན་གསར་བཞེངས་བྱེད་པ་དང་།སྣང་བརྙན་དེའི་བདེ་སྡུག་ཅི་རུང་གི་ལས་དབང་ལས་རྩོམ་མཁན་གྱི་མི་ཚེའི་ལྟ་ཚུལ་དང་།རིན་ཐང་ལྟ་བ།མཛེས་འཛིན(མཛེས་དཔྱོད)བསམ་བློའི་དང་དགེ་སྡིག་སྤྱོད་ལམ་སྐོར་གྱི་བསམ་བློ་སོགས་ཤུགས་ཀྱིས་སྟོན་པ་མ་ཟད།དེའི་སྟོབས་ལས་ཀློག་པ་པོ་ཚོར་བླང་དོར་གྱི་བསམ་གཞིགས་དང་བཟང་ངན་གྱི་དབྱེ་ཞིག་གིག་སྤྲོད་ཐུབ་པ་ཞིག་ཡིན་དགོས་པ་ལྟར་བརྩམས་སྒྲུང་འདིའི་ནང་ཉི་མ་ཚེ་རིང་དང་།དབྱངས་སྒྲོལ།རྣམ་རྒྱལ།ཉི་མ་ཚེ་རིང་གི་པ་ཕ་དང་པད་མ་བདེ་སྐྱིད་སོགས་མི་སྣ་བརྒྱད་དགུ་ཙམ་བཀོད་ཡོད་པའི་བརྗོད་དོན་གཙོ་བོ་ནི་ཉི་མ་ཚེ་རིང་དང་དབྱངས་སྒྲོལ་གྱི་བརྩེ་དུང་གི་བྱུང་བ་བཀྲ་ཤིས་པའི་བྱ་བ་ཡིད་སྐྱོ་བའི་རྣམ་ཐར་དུ་བྱས་པའི་སྐོར་དང་།དེས་མཚོན་པའི་ཉི་མ་ཚེ་རིང་གི་ལས་དབང་བསམ་གཞིགས་བྱས་པ་ཞིག་ཡིན་པར་བདག་སྙམ་མོ།ཉི་མ་ཚེ་རིང་དང་དབྱངས་སྒྲོལ་གཉིས་ནི་ཡ་རབས་བཟང་པོའི་སྲོལ་དང་ལྡན་ཞིང་ཡར་བརྩོན་སེམས་བསྐྱེད་ཀྱི་སྟོབས་དང་ལྡན་པ་ཞིག་ཡིན་པས་ཁོ་གཉིས་ཀྱི་རང་གཤིས་དང་། ཤེས་འཇོན།ཀུན་སློང་།སེམས་བསྐྱེད་སོགས་གང་ནས་བལྟས་ཀྱང་རེ་བས་ཕྱུག་པའི་གངས་ལྗོངས་ཀྱི་གསར་སྐྱེས་གཞོན་ནུ་གཉིས་རེད་འདུག་ལ།ཁོ་གཉིས་ཀྱི་བརྩེ་དུང་དེ་ཡང་གསེར་བཙོམ་ལྟར་ལྷད་མེད་པ་ཞིག་ཡིན་པས་རང་སྐྱིད་གཞན་སྨོན་གྱི་འཚོ་བ་བདེ་ཞིང་སྐྱིད་པ་ཞིག་གསར་སྐྲུན་བྱ་རྒྱུ་ཡིན་པར་རང་སྐྱིད་གཞན་སྨོན་གྱི་འཚོ་བ་བདེ་ཞིང་སྐྱིད་པ་ཞིག་གསར་སྐྲུན་བྱ་རྒྱུ་ཡིན་པར་ཀློག་པ་པོ་ཀུན་གྱིས་ཡིད་ཆེས་དང་རེ་སྒུག་ཞུ་རྒྱུ་ཡིན་པ་ལས་ཉམ་ང་བའི་མཇུག་འབྲས་དེ་འདྲ་ཞིག་འབྱུང་བར་སུས་སྙམ།སྒྲུང་འདིའི་མཐའ་འབྲས་ནི་ཀྲུང་གོའི་བསམ་བློ་བ་དང་རྩོམ་རིག་སྨྲ་བ་ཆེན་པོ་ལུའུ་ཞུན་གྱི་དགོངས་ཚུལ་ལྟར“རིན་ཐང་ཅན་པའི་དངོས་པོ་ཞིག་ཀུན་གྱི་མཐོང་སྣང་དུ་རྩ་བརླག་གཏོང་བའི”སྐྱོ་གར་ཞིག་ཡིན་པས་སྒྲུང་རྩོམ་ཆ་ཚང་བཀླགས་རྗེས་ཀློག་པ་ཚོའི་ཡིད་ཁམས་སྐྱོ་ལྷང་ལྷང་དུ་བྱེད་པ་དང་།སྨྲ་མི་ཤེས་པའི་ཁྲོ་བ་ཞིག་གིས་སྙིང་རླུང་སྟོད་དུ་འཚང་བ་ལྟ་བུའི་སྣང་བ་ཞིག་སྟེར་གྱི་ཡོད།     མཛེས་འཛིན(མཛེས་དཔྱོད)བསམ་བློའི་ཐད་ནས་ཕྱེ་བའི་སྐྱོ་གར་ནི་སྒྲུང་གི་བྱུང་རིམ་སྐྱོ་ཤས་ཅན་པ་ཞིག་བཀོད་འབྲི་བྱེད་པ་གཅིག་པུས་འགྲིག་པ་ཞིག་མིན་པར་གཙོ་བོར“རིན་ཐང་ཅན་པའི་དངོས་པོ་ཞིག་ཀུན་གྱི་མཐོང་སྣང་དུ་རྩ་བརླག་གཏོང་”པའི་ཚུལ་བཀོད་ཅིང་།དེའི་སྟོབས་ཀྱིས་ཀློག་པ་པོའི་དྲན་ཤེས་སུ་རྩ་བརླག་གཏོང་མཁན་འདྲེ་རླུང་ནག་པོ་དེར་སྙིང་ཁོང་རུས་པའི་གཏིང་ནས་སྡང་སེམས་ཤིག་སྐྱེ་བ་དང།འདྲེ་རླུང་དེ་ཉིད་ཀྱི་རྩ་བ་བསྔོགས་ཏེ་རྨེག་མེད་དུ་གཏོང་བར་འདོད་པའི་བློ་ཁ་གསལ་པོར་གཏོད་པ་དང་།སེམས་ཤུགས་དྲག་ཏུ་འཕེལ་བར་བྱེད་པ་ཞིག་རེད།སྒྲུང་རྩོམ་འདིའི་ནང་གི་སྐྱོ་གར་རང་བཞིན་ལྡན་པའི་མཇུག་འབྲས་དེས་ཀྱང་རྒྱ་ཁྱབ་ཀློག་པ་པོ་རྣམ་པའི་ཡིད་སེམས་སྐྱོ་ལྷང་ལྷང་དུ་བྱེད་པ་མ་ཟད།སྙིང་རླུང་སྟོད་དུ་འཚང་བར་སྙམ་པའི་ཁྲོ་བ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེ་བར་བྱེད་པས་ཀློག་པ་པོ་ཚོས་ཕུང་འདྲེ་དེ་ཡང་སྙིང་ཅི་ཞིག་གི་ཡིན་པ་བཙལ་འཚོལ་དང་། དེ་རྩ་མེད་བཟོ་འདོད་ཀྱི་སེམས་ཤུགས་སམ་ཀུན་སློང་ཞིག་འཆར་ཐུབ་པ་བྱུང་ན་རྩོམ་གྱི་དགོངས་གཞི་གྲུབ་པ་རེད་ལ། རྩོམ་པ་པོའི་ལྟ་ཚུལ་བཞེད་ཕྱོགས་དང་རྩོམ་པའི་དགོས་སྙིང་ཡང་དེ་གས་གྲུབ་པ་ཡིན་པར་གདོན་མི་ཟ། འོ་ན་ཕུང་འདྲེ་དེ་ཡང་སྙིང་སུ་རེད་ཞེ་ན།གོང་དུ་ང་ཚོས་དབྱེ་ཞིབ་རགས་ཙམ་བྱས་ཟིན་པ་ལྟར་ཧོབ་སྟེ་བལྟ་དུས་རྣམ་རྒྱལ་ཡིན་པ་ལྟར་མཐོང་ངེས་ཡིན་མོད།དོན་དངོས་ཐོག་ཕུང་འདྲེ་ངོ་མ་དེ་ནི་ཉི་མ་ཚེ་རིང་ཁོ་རང་གི་ཁོང་ན་ཞུགས་པའི་འདྲེ་རྒྱུན་མངོན་མེད་གསལ་རིག་ཅིག་ཡོད་པ་དེ་རེད།

སྤྱོད་ལམ་ནི་སྤྱི་ཚོགས་འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་སུ་གཏོགས་པ་ཞིག་ཡིན་ཞིང་།མིར་གྲུབ་པའི་སྲོག་ཆགས་ཀྱི་ཁྱད་པར་འཕགས་རང་བཞིན་ཞིག་ཀྱང་ཡིན་པས“མིའི་རིག་པ”ཡིན་པའི་རྩོམ་རིག་གིས་དེར་དོ་གལ་མི་བྱེད་པ་ཅི་ལ་སྲིད།མ་གཞི་བྱས་ན་མས་བུ་ལ་བརྩེ་་བ་དང་།རིགས་མཐུན་ཁྱུ་རུ་སྡེབ་པ་སོགས་སུག་བཞི་དུད་འགྲོའི་ཚོགས་ལའང་ཡོད་པའི་སྣང་ཚུལ་ཞིག་ཡིན་མོད།དེ་ནི་རྟོག་ལྡང་གི་མཐུས་དེད་པ་ཙམ་ཞིག་ལས་ཤེས་པས་ཟིན་པའི་མིའི་སྤྱོད་ལམ་དང་བསྡུར་གཞན་གྱིས་སྨོན་པ་ཞིག་རེད་ལ།“ཕྱི་ནང་ཀུན་ལ་བསྟུན་མཁས”པའི་མི་ཡ་རབས་ཤིག་ཡིན་པས“གཞན་དང་བསྟུན་པ་མི་ཆོས་རྩ་བ་ཡིན”ཞེས་རྒྱལ་པའི་འབྱུང་གནས་ཀྱི་བསླབ་པ་འདི་སྙིང་དུ་འཛིན་པའི་ཁ་བ་རི་པ་ཚོས་བསྔགས་བརྗོད་ཀྱི་མེ་ཏོག་མི་གཏོར་བ་ག་ལ་སྲིད།ཡིན་ནའང་།བཟང་ངན་ཡིན་མིན་སོགས་ཀྱི་རྣམ་དབྱེ་མེད་པར་ཚང་མར་བསྟུན་གང་ཐུབ་བྱས་ཚེ་བདག་ཉིས་བོར་སྟོར་འགྲོ་བར་ཐེ་ཚོམ་མེད་ལ།བདག་ཉིད་རང་ངོ་མ་འཕྲོད་པར“ཕྱི་ནང་ཚང་མར་བསྟུན་མཁས་པ”འབའ་ཞིག་བྱས་ནས་མི་ཚེའི་སྐྱོ་གར་ལ་ཞུགས་པའི་གཡབ་མོ་རྡེབ་པ་ཙམ་ལས་གཞན་གྱི་འོས་མེད།དེར་བརྟེན་ཉི་མ་ཚེ་རིང་ཁོ་ལ་བཀའ་དྲིན་ལ་བསམ་ཤེས་དང་ལས་འབྲས་ལ་བརྩི་འཇོག་གིས་མི“ཡ་རབས་ཅན་པ”བྱས་བྱས་པའི་མཐར་བདག་ཉིད་བོར་སྟོང་སོང་བས་རང་ངོ་མ་འཕྲོད་པའི་བདག་ཉིད་ལས་འཛོལ་བའི་ཕྱོགས་ལ་གཞོལ་ཞིང་མཇུག་མཐར་ཡ་རབས་ཅན་པ་རང་ཉིད་ཀྱི་མི་ཚེ་དང་བདེ་སྐྱིད་ཡོད་ཚད་རྫབ་དོང་ནང་སྐྱུར་བ་རེད།གཞི་རྐང་ཁོའི་བཀའ་དྲིན་ལ་བསམ་ཤེས་དང་ཡ་རབས་སྲོལ་བཟང་སྐྱོང་བའི་བྱ་སྤྱོད་དེ་བསྟོད་པ་འབུལ་བའི་ཡུལ་ཞིག་ཡིན་མོད།དྲིན་ལན་གསར་པར་ཡིན་གཡིག་མིན་གཉིས་རང་ཉིད་རྩ་བརླག་གཏོང་བའི་དགོས་པ་མེད་པ་ནི་སུས་ཀྱང་ཤེས་པ་ཞིག་རེད། ཡིན་ནའང་།“རྒྱུ་དག་ནི་བདེན་ཐུབ་དྲང་བཞག་ཚ་ཞིང་།ཉམ་ཆུང་འཁོས་ཀ་ཞན་པའི་ཁྲིམས་དཔོན་ཞིག་ཡིན་པས།ཁོའི་འཁོས་ཀ་ཞན་པའི་དབང་གིས་རང་ཉིད་ཀྱིས་བཅད་པའི་དྲང་བཞག་བདེན་ལུགས་དེ་མཐར་སྐྱེལ་ཐུབ་ཀྱི་མེད”ཅེས་ལེ་པ་ནོན་གྱི་སྙན་ངག་མཁན་པོ་གྷིབ་རན(KahIiIGibran.)གྱིས་གསུངས་པ་དོན་ལ་གནས་པ་ལྟར།ཉི་མ་ཚེ་རིང་ཁོ་རང་གང་ལྟར་རང་གི་ལག་པས་སྙོབ་ལ་ཁད་པའི་བདེ་སྐྱིད་འཚོ་བ་གསར་པ་བརྩེ་དུང་གིས་ཕྱུག་པ་དེ་བློས་མི་ཐོངས་བཞིན་དུ་གཏོང་དགོས་བྱུང་སོང་བ་རེད།

དེ་ལྟར་གོང་དུ་ང་ཚོས་ཆེ་ཕྲ་གཉིས་སམ་ཁ་གཏིང་གཉིས་ཀྱི་ཐད་ནས་སྒྲུང་རྩོམ<<ཁ་ཤུལ་གྱི་ཉི་མ>>ཞེས་པའི་བརྗོད་བྱའི་དོན་ལ་རགས་ཙམ་དབྱེ་ཞིབ་བྱས་ཟིན་པ་ཡིན།ད་དུང་འདིར་བསམ་བློ་གཏོང་གཞི་ཞིག་ལྷག་ཡོད་པ་ནི་རྩོམ་པ་པོའི་མཛེས་འཛིན(མཛེས་དཔྱོད)ཞེན་ཕྱོགས་སོགས་མཚོན་པའི་མི་ཚེ་དང་སྤྱོད་ལམ་གྱི་ལྟ་ཚུལ་དེ་རེད།གནད་དོན་འདི་ནི་གཡོལ་དུ་མེད་པ་ཞིག་ཀྱང་རེད།

ང་ཚོས་སྒྲུང་གཏམ་ཧྲིལ་པོ་མགོ་ནས་མཇུག་བར་བཀླགས་རྗེས།མ་གཞི་རྩོམ་མཁན་གྱིས་ཉི་མ་ཚེ་རིང་དང་རྣམ་རྒྱལ་སོགས་མི་སྣའི་བྱ་སྤྱོད་བསམ་སྦྱོར་ལ་འདི་ཡིན་དེ་མིན་གྱི་དཔྱད་པ་མངོན་གསལ་དུ་བཏང་བ་མེད་རུང་།གང་ལྟར་སྒྲུང་གཞིའི་སྒྲིག་སྟངས་དང་།མི་སྣའི་སྣང་བརྙན་བཞེངས་ལུགས།ཁོ་ཚོའི་བསམ་བློ་འབྲི་ཚུལ་སོགས་ཀྱི་ཐད་ནས་རྩོམ་པ་པོའི་མཛེས་འཛིན(མཛེས་དཔྱོད)ཞེན་ཕྱོགས་དང་བསམ་བློའི་ལྟ་སྟངས་སོགས་མཐོང་ཐུབ་ཀྱི་ཡོད་།དེ་ཡང་གསལ་པོར་བཤད་ན།རྩོམ་པ་པོ་རང་ཉིད་ཀྱིས་ལས་འབྲས་ཀྱི་ལྟ་བ་དང་དྲང་བདེན་གྱི་རྣམ་པ་གཉིས་བར་དང་།སྤྱི་ཚོགས་ཡར་ཐོག་བྱུང་བ་དང་ལྷན་མི་ཆོས་སྤྱོད་ལམ་གྱི་ཚད་གཞི་གསར་པ་ཞིག་དགོས་པའི་རེ་བ་དང“ཡ་རབས་སྤྱོད་བཟང་ལྡན་པའི”བོད་ཀྱི་སྲོལ་རྒྱུན་སྤྱོད་ལམ་ལྟ་བུ་དགེ་སྡིག་རྒྱུ་འབྲས་ཀྱི་གཡའ་དང་ལྡན་པ་གཉིས་དབར་གདམ་ང་བྱེད་སྐབས་ཐེ་ཚོམ་འཕྱུང་མྱུག་གི་ཉམས་ཤིག་ཐོན་ཡོང་གི་ཡོད།དེ་ཡང་ཡིན་ཏེ།སྒྲུང་གི་སྐྱོ་གར་རང་བཞིན་གསལ་ལེར་སྒྲུབ་ནས་མི་རྣམས་ལ་རྟོག་པ་སད་དགོས་པའི་ཅོང་བརྡ་རིང་མོ་ཞིག་བཏང་ཡོད་ནའང་།སྐྱོ་གར་དེ་གྲུབ་པའི་རྒྱུ་རྐྱེན་ལ་བསམ་བློ་གཏོང་སྐབས་གང་ལྟར་ཁོ་ཚོར་ཡང་བྱ་དཀའ་བྱེད་གཏད་ཀྱི་གནས་ཚུལ་འཕྲད་པ་དང་།རྒྱུ་མཚན་གནས་ལུགས་ཤོད་རྒྱུ་ཡོད་པ།ཁོང་ཚོས་རེ་བ་དེ་ལྟར་སྟོན་པའང“སྔར་གྱི་བྱས་ཡུས་ཡིན”པ་སོགས་མང་དག་བཀོད་ཡོད་པས་ཁོ་ཚོར་ཡང་ལན་ཁག་དཀྲི་རྒྱུ་མེད་པ་ལྟར་བྱུང་འདུགདེ་ལས་ང་ཚོས་མཐོང་ཐུབ་པ་ནི་རྩོམ་པ་པོས་སྲོལ་རྒྱུན་འདུ་ཤེས་ཀྱི་ཁྱབ་ཁོངས་ནང་ལུས་པའི་རྙོག་རོ་འགའ་རེས་དུས་ལས་ལོག་པའི་སྐྱོ་གར་བཟོ་གིན་ཡོད་པ་མཐོང་བས་དེར་མ་འདོད་པའི་ཀུན་སློང་ཀུན་ནས་གཡོས་ཏེ་དགག་བཞག་བྱ་བར་སྤྲོ་བ་དང་།དེ་དང་ཆབས་ཅིག་སྲོལ་རྒྱུན་སྤྱི་ཚོགས་འདུ་ཤེས་ཁྲོད་ཀྱི་མི་དང་མིའི་དབར་གྱི་འབྲེལ་ལམ་སྤྱོད་ཚུལ་སོགས་ཀྱི་ལྟ་ཚུལ་མང་པོ་ཞིག་དེང་གི་དངུལ་ལོར་གྱི་བཀོད་པས་བསྒྱུར་བའི་ཁྲོམ་རྭའི་དཔལ་འབྱོར་ཁྲོད་དགོས་གལ་ཆེ་བར་སྙམ་སྟེ་སྤངས་བླངས་ཀྱི་གདམ་ང་བྱེད་དཀའ་བར་གྱུར་པའི་ཉམས་ཤིག་ཐོན་ཡོང་བ་དེ་རེད།

སྤྱིར་མི་ཆོས་དང་སྤྱོད་ལམ་ཚད་གཞི་སོགས་བཟང་ངན་རིག་པས་ཕྱེ་བ་སླ་མོར་ཡོད་ཀྱང་སྤངས་བླངས་ལག་ལེན་དུ་འཁྱེར་སྐབས་དེ་འདྲའི་སླ་པོ་བདེ་པོ་ཞིག་མིན་པས་རྩོམ་པ་པོར་སྣང་བ་དེ་བྱུང་བ་ལབ་གླེང་མེད་པ་ཞིག་རེད་ལ།དེ་ནི་རང་རེ་ཁ་བའི་ལྗོངས་ན་འཚོ་ཞིང་གཞེས་པའི་སྐྱེ་དགུ་ཀུན་གྱི་མདུན་དུ་ལྷགས་པའི་བླང་དོར་གྱི་གདམ་ང་ཞིག་ཀྱང་རེད།ཡིན་ནའང་།དུས་ཀྱི་བགོད་པ་དང་བསྟུན་སྤྱི་ཚོགས་ལོ་རྒྱུས་མདུན་ནས་མདུན་བསྐྱོད་ཅིང་འཕེལ་བ་ཞིག་ཡིན་ཞིང་།མི་ཆོས་ཀུན་སྤྱོད་ལ་སོགས་པའི་སྤྱི་ཚོགས་འདུ་ཤེས་ཀྱི་ཕུང་པོར་ཡང་དུས་དང་མཐུན་པའི་རྣམ་ཤེས་ཀྱི་ཁྲག་རྒྱུན་དགོས་ངེས་ཡིན་པས་སྙིགས་དོར་བཅུད་ལེན་དང་གསར་བཞེས་རྙིང་འབུད་བྱ་རྒྱུ་ནི་གཡོལ་དུ་མེད་པ་ཞིག་རེད།དེས་ན་དྲེང་མོང་གིས་འཕྱི་བ་བཟུང་བ་ལྟར་བདག་ཉིས་བསམ་བློར་གསར་རྙིང་ཐམས་ཅད་པང་དུ་འདེབས་པར་འདོད་ཀྱང་གང་ལྟར་གསར་པ་གཅིག་བཟུང་ཕྱིན་རྙིང་པའམ་སྔར་ཡོད་གཅིགག་བུད་འགྲོ་བ་ནི་བྱ་དངོས་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་ཡིན་ན་བདག་ཉིད་ཀུན་སློང་བཟང་པོ་ཙམ་གྱིས་ཅི་བྱར་ཡོད།

རྩོམ་པ་པོའི་མཛེས་འཛིན(མཛེས་དཔྱོད)བསམ་བློའི་ཞེན་ཕྱོགས་དང་།རིན་ཐང་གདམ་ངའི་ཐད་ཀྱི་སོམ་ཉི་དང་།ཐེ་ཚོམ།ཟུག་གཟེར་འདི་ལྟ་བུ་དེ་སྔོན་གོ་གཅིག་ལོར་སྤེལ་བའི་སྒྲུང<<ཆོ་ལོ>>( <<གངས་ལྗོངས་རིག་གནས>>༡༩༩༡ལོའི་འདོན་ཐེངས་གཉིས་པར་འཁོད་ཡོད་མོད)ཞེས་པའི་ནང་ཡང་མཐོང་རྒྱུ་ཡོད་པས་འདིའི་ཐད་བསམ་བློ་གཏོང་ཞེ་ཆེན་པོ་ཞིག་ཡོད་མོད།ད་རེས་སྐབས་སུ་མ་བབས་པས་རེ་ཞིག་བཏང་སྙོམས་སུ་བཞག་གོ

འདིར་དམིགས་སུ་བཀར་ནས་བརྗོད་དགོས་པ་ཞིག་ལ།རྩོམཔ་པོས་སྒྲུང་གི་མི་སྣ་གཙོ་བོ་ཉི་མ་ཚེ་རིང་དང་དབྱངས་སྒྲོལ་གྱི་བརྩེ་དུང་ལ་བར་ཆད་ནག་པོ་ཕོག་པའི་སྐྱོ་གར་རང་བཞིན་ཅན་པའི་མཇུག་འབྲས་སྟོན་པའི་མཐར།དབྱངས་སྒྲོལ་གྱི་ཡིད་ངོར“འགྱུར་མེད་ཀྱི་བརྩེ་དུང་དང་ཆུང་འདྲིས་ཀྱི་བྱམས་པ་ཞེས་པ་ནི་རྦད་དེ་སློབ་འབྲིང་གི་སློབ་མར་མགོ་སྐོར་གཏོང་བྱེད་ཀྱི་མིང་ཚིག་སྙན་པོ་ཤ་སྟག་ཡིན་པ”དང་“ཆང་ས་ཞེས་པ་དེའང་བུ་དང་བུ་མོ་གཉིས་མཉམ་དུ་བསྡད་རྗེས་ཕྲུ་གུ་སྐྱེ་རྒྱུ་དང་།དེ་རྗེས་ཕ་མ་དང་ཕྲུ་གུའི་བརྩེ་དུང་གི་རྨང་གཞིའི་སྟེང་དུ་ཕན་ཚུན་འཚོ་བའི་ཐད་རོགས་རམ་དང་ལྟ་རྟོག་བྱེད་མཁན་མི་གཉིས་མཉམ་དུ་འཛོམས་ནས་ཁྱིམ་ཚང་ཞེས་པའི་ཚོགས་པ་ཞིག་ཆགས་པ་རེད།”སྙམ་པ་མ་ཟད།ཐ་ན“ཆང་ས་རྒྱག་དགོས་བྱུང་ན་ཁྱོ་ག་ཞིག་འཚོལ་རྒྱུ་ཙམ་རེད”སྙམ་པ་སོགས་བསམ་བློ་གཏི་ཐུག་གི་རྐྱལ་གོང་ཞིག་ཏུ་གྱུར་པ་དང་།ཉི་མ་ཚེ་རིང་ཡང་ཕ་ཁྱིམ་དང་རང་ཁྱིམ་གཉིས་དབར་ལུས་སེམས་འཕྲལ་བའི་མུར་པད་མ་བདེ་སྐྱིད་ཀྱི་གྲེ་བར་བསྐྱིལ་བའི་སེམས་གཏམ་སྐྱོ་ཤས་ཅན་པ་དེ་དག་ལུ་ཆུ་བརྡོལ་བ་ལྟར་ཁོའི་མགོ་ཐོག་ལ་བཤོས་རྗེས་ཉི་མ་ཚེ་རིང་གི“རྟོག་ངོར་གློ་བུར་དུ་བདེན་གཏམ་གྱི་སྣང་བརྙན་ཞིག་འཆར”བ་དང་།དེ་མ་ཐག“འཇིག་རྟེན་གྱི་གནས་ལུགས་ཅི་ཞིག་རྟོག་པ་ལྟར་བྱུང་”ཡོད་།ཡིན་ནའང་།ཁོས་རྟོགས་གྱི་གནས་ལུགས་དེ་ནི“རབ་རིབ་དང་བརྗོད་དུ་མེད་པ་ཞིག་ཡིན་”པས།དེ་ནི་ཁོའི་བློ་རིག་དྲི་མས་སྦགས་པའི་མཚོན་བྱེད་ཙམ་དུ་ཟད་པར་བདག་སྙམ་མོད།དེ་ལྟར་ཡ་རབས་བཟང་སྤྱོད་ལྡན་ཞིང་བློ་རིག་ཤེས་འཇོན་ཅན་པའི་གཞོན་སྐྱེས་གཉིས་ཀྱིས་མི་ཚེའི་བར་ཆད་དེ་འདྲ་ཞིག་གི་རྐྱེན་ལས་འཚོ་བར་ངེས་འབྱུང་དང་།མི་ཚེར་རེ་བ་ཟད་པའི་ཉམས་ཤིག་སྟོན་འོང་ཞིང་།བརྩོན་སྙེགས་ཀྱི་སེམས་ཤུགས་ཀྱིས་ཕོངས་པར་གྱུར་ཏེ་ཟ་རི་ཟི་རིའི་འཚོ་བ་གསན་བཟོད་བདེ་མདོག་ཁ་པོ་ཞིག་སྐྱེལ་བར་བློ་ཁ་ཕྱོགས་པར་འདུགཡིན་ནའང་།དེ་ནི་གསོན་པོར་སྡོད་ཐབས་ཙམ་ལས་སྨྲ་ཤེས་དགོན་གོ་བའི་འགྲོ་བ་མི་ལུས་སུ་སྐྱེས་པ་ཞིག་གི་འཚོ་བའི་བ་མཚན་ཉིད་པ་ཞིག་ག་ལ་ཡིན།ཉི་མ་ཚེ་རིང་དང་དབྱངས་སྒྲོལ་གཉིས་ཀྱི་ལས་དབང་དེ་སྐྱོ་གར་རང་བཞིན་ཅན་པ་ཞིག་རེད་ལ།ཁོ་གཉིས་ལ་ཕོག་པའི་ཁ་ཤུལ་གྱི་ཉི་མ་དེའང་ལྷགས་ཀྱིས་ངར་བཅོམ་ཞིང་ཐལ་རྡུལ་གྱིས་མོག་པོར་བྱས་པ་ཞིག་ཡིན་ན་ཡི་གར་འོང་བ་ཞིག་ག་ལ་ཡིན་ཏེ་མིན་པས་ཁོ་གཉིས་ཀྱི་མཐའ་མའི་བསམ་ཚུལ་སྤྱོད་སྟངས་དེ་ཡང་ཆག་ཟིན་པའི་དཀར་ཡོལ་གྱི་རི་མོ་ཡལ་མ་ཡིན་ཕྱིར་དེ་འདྲའི་ཡ་མཚན་དང་སྐྱོ་གདུང་བྱ་དགོས་པ་མེད།ཡིན་ནའང་།གལ་ཏེ་གོང་གི་མི་སྣ་གཉིས་པོའི་བསམ་ཚུལ་སྤྱོད་སྟངས་(ལྷག་པར་དུ་དབྱངས་སྒྲོལ་གྱི་བསམ་བློ)དེ་རྩོམ་པ་པོའི་དགོངས་བཞེད་དམ་མཛེས་འཛིན་(མཛེས་དཔྱོད)བློ་ཁ་ཞེན་ཕྱོགས་ཤིག་ཡིན་ན(ཡིན་པའི་ངེས་པ་ཆ)དེ་ནི་སྐྱོ་གར་གྱི་མཐའ་སོན་པ་ཞིག་དང་།གཏི་ཐུག་པ་ཞིག་ཡིན་པས།རིག་པ་ཅན་པའི་ཀློག་མཁན་ཀུན་ཡིད་བློང་བློང་པོར་འགྱུར་ཀ་མེད་རེད།

                       “རྒྱལ་པོ་ལང་ཚོས་དྲེག་གྱུར་ཀྱང་།རྒྱན་མེད་པ་ན་ཀུན་གྱིས་གླེང་”ཞེས་པ་ལྟར་བརྩམ་བྱའི་ནང་དོན་ཇི་ལྟའི་རྒྱ་ཆེ་གཏིང་ཚུགས་དང་།བསམ་གཞི་གོ་རྒྱུ་ཇི་ལྟར་མང་ཞིང་ཟབ་ནའང་།ཚིག་སྦྱོར་དང་བརྗོད་སྟངས་སོགས་སྒྱུ་རྩལ་གྱི་རྒྱན་གོས་ཕུན་སུམ་ཚོགས་པོ་དང་ཡིད་འོང་ཞིག་མེད་ཚེ།བསམ་གཞི་གོ་རྒྱུའི་ནང་དོན་བཀོད་རྒྱ་ཀུན་ཀྱང་ནམ་མཁའི་མེ་ཏོག་དང་འདྲ་བར་སྙིང་པོ་མེད་པ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་ནི་གདོན་མི་ཟ་བའི་གནད་ཉིད་དུ་འཁུམས་སོ།

གཞི་རྐང་ནག་ཆུང་ཡི་གེའི་ཕྲེང་བར་བརྒྱུད་པའི་རྩོམ་རིག་ཏུ་སྤེལ་ཕྱིན་ནང་དོན་ཡེ་ནས་སྟོན་རྒྱུ་མེད་པ་ཞིག་གཏན་ནས་མི་སྲིད་མོད།རྩོམ་ཡིག་མི་འདྲ་བའི་ནང་དོན་སྟོན་པའི་ཐབས་དང་ལམ་བུ་ཡང་མི་འདྲ་བ་ཡིན།དེ་ཡང་བརྩམས་སྒྲུང་སོགས་སྒྱུ་རྩལ་རྩོམ་རིག་གི་ཁོངས་སུ་གགཏོགས་པ་ཞིག་ཡིན་ཕྱིན་གང་དེས་བསྟན་བྱའི་ནང་དོན་ཅི་ཞིག་ཡིན་རུང་གཟུགས་སྣང་བསམ་གཞིགས་ཀྱི་ཐབས་ལ་བརྟེན་ཅིང་།མིང་བརྡའི་རྒྱུ་ཚོགས་ལས་གཟུགས་བརྙན་འབུར་ཚུགས་སུ་ལངས་ཐུབ་པ་གང་འཚམ་ཞིག་གསར་བཞེངས་བྱེད་པའི་ལམ་བུ་རྒྱུད་དེ་རྒྱ་ཆེ་གཏིང་ཚུགས་ཀྱ་ནང་དོན་དག་སྟོན་པ་ཡིན་དགོས།<<ཁ་ཤུལ་གྱི་ཉི་མ>>འདི་བཞིན་ལས་རྒྱུ་འབྲས་ཀྱི་ལྟ་བ་དང་མི་ཚེའི་སྣང་ཚུལ་ས་བསམ་གཞིགས་བྱས་པ་ཞིག་ཡིན་ལ།གང་དེའི་བརྗོད་ཚུལ་རྩོམ་སྟངས་དང་།གསོན་ཉམས་དོད་པའི་མི་སྣའི་གཟུགས་བརྙན་གྱིས་ང་ཚོར་མཐོང་ཐོས་དྲན་རེག་གི་ཡུལ་དུ་གྱུར་པའི་མངོན་སུམ་རང་མཚན་པའི་སྣང་བ་ཞིག་ལྷང་གིས་སྟེར་ཡོང་གི་འདུག

ཡིན་ནའང་།གཟུགས་སྣང་བསམ་གཞིགས་ལ་བརྟེན་ནས་བརྗོད་བྱའི་ནང་དོན་སྟོན་པ་ནི་རྩོམ་རིག་བརྩམས་ཆོས་སྤྱི་ལ་མངའ་བའི་ཁྱོད་ཆོས་ཤིག་རེད་ལ།རྩོམ་རིག་བརྩམས་ཆོས་སུ་གྲུབ་པའི་ཆ་རྐྱེན་ཡང་ཡིན་པས<<ཁ་ཤུལ་གྱི་ཉི་མ>>ལ་ཁྱད་ཆོས་དེ་དང་ལྡན་པར་ཧ་ལས་དགོས་པ་ཅི་ཡང་མེད།དེར་མ་ཚད་ནས་དམངས་ཁྲོད་སྒྲུང་གཏམ་ནང་ཡང་གསོན་ཉམས་དོད་པའི་མི་སྣའི་གཟུགས་བརྙན་དཔེར་ན་ཨ་ཁུ་སྟོན་པ་ལྟ་བུ་མང་དག་ཅིག་ཡོད་པས་གཟུགས་སྣང་བསམ་གཞིགས་ལ་བརྟེན་པ་དང་།མི་སྣའི་སྣང་བརྙན་བཞེངས་པ་གཅིག་པུས་ཕུལ་དུ་བྱུང་བའི་བརྩམས་སྒྲུང་ཞིག་གྲུབ་ཐབས་མེད།<<ཁ་ཤུལ་གྱི་ཉི་མ>>ཞེས་པའི་ནང་མི་སྣ་ཉི་མ་ཚེ་རིང་དང་།དབྱངས་སྒྲོལ།རྣམ་རྒྱལ།ཉི་མ་ཚེ་རིང་གི་པ་ཕ་སོགས་མང་དག་ཅིག་བཀོད་འབྲི་བྱས་པ་དེ་དག་གིས་སྒྲུང་གི་བྱུང་རིམ་ཧྲིལ་པོའི་ནང་སོ་སོ་རང་ཉིད་ཀྱི་བསམ་ཚུལ་འདོད་མོས་ལྟར་ལུས་ངག་ཡིད་གསུམ་གྱི་སྟངས་སྟབས་ཅི་དགར་བསྒྱུར་ཡོད་པ་ལས།རྩོམ་པ་པོས་བཙན་ཤེད་སྒོ་ནས་ཁོ་ཚོ་ཤོག་ངོས་སུ་བསླངས་པ་ཞིག་གཏན་ནས་མ་རེད།དེ་ལྟར་བརྩམས་སྒྲུང་འདིའི་ནང་ཉི་མ་ཚེ་རིང་སོགས་མི་སྣ་སོ་སོས་རང་ཉིད་ཀྱི་གནས་བབ་ལ་གཞིགས་པའི་ཟློས་གར་ལྷུག་པར་འཁྲབ་ཡོད་ལ།ཀློག་པ་པོའི་ཡིད་ངོར་སྙིང་རྗེ་བ་དང་།ཞེ་ཁྲེལ་བ། ཡ་ང་བ་སོགས་འཆར་སྒོ་ཅི་རིགས་ཤིག་བྱུང་ཡོད་པའམ་མི་སྣ་རང་ཉིད་ཀྱི་བྱ་བྱེད་ཀྱིས་བསྐྱེད་པའི་འབྲས་བུ་ཡིན་པ་ལས་རྩོམ་མཁན་གྱིས་སྒྲུང་མཁན་ལྟར་ཁོ་ཚོའི་བསམ་ཚུལ་དང་བྱ་བྱེད་ལ་གསལ་བཤད་དང་།ཀློག་མཁན་གྱི་རྟོག་སྣང་ལ་རང་ཤེད་ཀྱི་འགོ་འདོམས་བྱས་པ་ལས་བྱུང་བ་ཞིག་གཏན་ནས་མིན།དེས་ན་ཉི་མ་ཚེ་རིང་ལ་སོགས་པའི་མི་སྣ་དེ་རྣམས་ནི་ཀློག་བརྙན་རས་གཞིའི་ངོས་ཀྱི་འགུལ་གཟུགས་གསོན་ཉམས་ལྡན་པ་ཞིག་ཡིན་པ་ལས་བླ་མ་མ་ཎིའི་རས་གཞིའི་ངོས་ཀྱི་འགུལ་རིས་གཡོ་མེད་བེམ་རོའི་རྣམ་ཐར་འཛིན་པལྟ་བུ་ཞིག་ཏུ་མཐོང་གི་མེད་པ་མ་ཟད།བརྩམ་བྱ་ཆ་ཚང་བཀླགས་རྗེས་ཀྱི་མྱོང་བའང་མིན་ཡིད་རྣ་བའི་བདུད་རྩིར་སིམ་པའི་གློག་བརྙན་ཡི་གར་འོང་བ་ཞིག་བལྟས་པ་འདྲ་བ་ལས་བླ་མ་མ་ཎིའི་བཤད་པ་ཉན་པ་ལྟ་བུ་ཞིག་གཏན་ནས་མིན་པ་ནི<<ཁ་ཤུལ་གྱི་ཉི་མ>>ལེགས་གྲུབ་བྱུང་བའི་མངོན་རྟགས་གསལ་ཅན་ཞིག་ཡིན་པ་བསྙོན་དུ་མེད།མི་སྣའི་གཟུགས་བརྙན་འབུར་ཚུ་གས་གསོན་ཉམས་དོད་པ་ཞིག་གསར་བཞེངས་བྱ་རྒྱུའི་འགག་རྩ་ནི་མི་སྣ་སོ་སོའི་རང་གཤིས་འདྲེས་མེད་རང་མཚན་པ་དེ་བཀོད་འབྲི་བྱ་རྒྱུ་དང་རང་གཤིས་དེ་ལྟར་ཡིན་པའི་མཚན་ཉིད་རིག་པའམ་གཏན་ཚིག་གི་རྨང་གཞི་བསྔོགས་སྤེལ་བྱ་དགོས་པ་དེ་ཡིན་ཅིང་།<<ཁ་ཤུལ་གྱི་ཉི་མ>>ནང་ཉི་མ་ཚེ་རིང་གི་སེམས་ཆུང་ཡ་རབས་ཀྱི་སྤྱོད་ཚུལ་དང་།དབྱངས་སྒྲོལ་གྱི་སྙིང་ལ་སིམ་པའི་བརྩེ་དུང་ལ་བར་ཆད“བསམ་ཡུལ་ལས་འདས་པ་”དེ་འདྲ་ཞིག་ཕོག་རྗེས་ཀྱི་ཡི་ཆད།རྣམ་རྒྱལ་གྱི་བསམ་ངན་ཁོག་བཅངས་ཡིན་ནའང་གང་ལྟར་རང་ཉིད་འགག་ལ་ཐུག་དུས་ལྗིད་འགན་གཞན་ཐོག་འགེལ་བའི་རང་གཅེས་འཛིན་གྱི་བསམ་སྤྱོད་ཞེ་ཁྲེལ་བ་དང་།ཉི་མ་ཚེ་རིང་གི་པ་ཕའི་སྙོམ་ཆུང་བག་འཁུམ་གྱི་བསམ་ཚུལ་སོགས་འདྲེས་མེད་མངོན་པར་གསལ་བ།ལྷག་པར་ཉི་མ་ཚེ་རིང་གི་ཡ་རབས་སྤྱོད་བཟང་དང་བྱ་མཁས་བསྟུན་མཁས་ཀྱི་གཤིས་སྤྱོད་སོགས་ཞིབ་ཕྲ་གོང་དུ་ལེ་ཚན་གཉིས་པའི་ནང་དཔྱད་ཁུལ་བྱས་ཟིན་པ་ལྟར་ཡིན་པ་སོགས་མདོར་ན་མི་སྣའི་གཟུགས་བརྙན་བཀོད་བཞེངས་བྱ་རྒྱའི་ཐད་ཀྱང་ཕུལ་དུ་བྱུང་བའི་དགེ་མཚན་དང་ལྡན་པར་སེམས།

གོང་དུ་སོང་བའི་དགེ་མཚན་ནམ་ཁྱད་ཆོས་དེ་གཉིས་ནི<<ཁ་ཤུལ་གྱི་ཉི་མ>>ལ་མངའ་བའི་ཡོན་ཏན་ཞིག་རེད་ལ།སྒྱུ་རྩལ་རྩོམ་རིག་མཚན་ཉིད་ཚང་བ་སྤྱི་ལ་ལྡན་དགོས་པ་ཞིག་ཀྱང་ཡིན་པས་ཞིབ་པར་སྤྲོ་བའི་དགོས་གལ་ཆེར་མ་མཐོང་།ཡིན་ནའང་།ང་ཚོས<<ཁ་ཤུལ་གྱི་ཉི་མ>>བཀླགས་རྗེས་བརྩམས་སྒྲུང་གཞན་དང་མི་འདྲ་བའི་ནང་དོན་གྱི་འཚོ་བཅུད་དང་།སྒྱུ་རྩལ་གྱི་མངར་ཁ་ཞིག་མྱོང་བས་གྲུབ་འདྲ་བའི་ཁྱད་ཆོས་ཤིག་ལྡན་པ་གོར་མ་ཆག  འོ་ན<<ཁ་ཤུལ་གྱི་ཉི་མ>>ལ་ལྡན་པའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་དེ་ཡང་སྙིང་ཅི་འདྲ་ཞིག་རེད་དམ་ཞེ་ན།དྲི་བ་འདི་ལ་ང་ཚོས་བསམ་བློ་མ་བཏང་རང་བཏང་རེད་ལ་ལན་འོས་ཤིང་འཚམ་ལ་ངེས་ཤེས་འདྲོང་པ་ཞིག་ཀྱང་མ་བཏབ་འཐུས་མེད་རེད།

ནང་དོན་དང་རྩོམ་ཚུལ་གཉིས་གཞི་གཅིག་ཏུ་མཐུན་པ་ནི<<ཁ་ཤུལ་གྱི་ཉི་མ>>ལ་མངའ་བའི་སྒྱུ་རྩལ་ཁྱད་ཡོན་མངོན་གསལ་ཅན་པ་ཞིག་རེད། སྤྱིར་ན་སྒྱུ་རྩལ་རྩོམ་རིག་གི་ཁོངས་སུ་གཏོགས་པ་ཀུན་ཀྱང་མི་ཚེ་དང་མི་ཚེ་ལས་འཕྲོས་པའི་སྣང་ཚུལ་ལ་བསམ་གཞིགས་དང་བླངས་དོར་བྱེད་པ་ཤ་སྟག་རེད་ལ།ཡང་སྒོས་བརྩམས་སྒྲུང་རིང་འབྲིང་གཉིས་ལྟ་བུས་གནད་དོན་དེའི་ཐད་བསམ་གཞིགས་བྱ་ཚད་ཤུགས་ཆེ་བ་ཡིན།ཡིན་ནའང་།སྤྱིར་བཏང་ཐོག་བྱས་ན་དེ་ཚང་མས་མི་ཚེའི་སྣང་ཚུལ་ཆེ་ཕྲ་གང་རུང་ཞིག་བརྗོད་གཞིར་བཀོད་དེ་དེའི་འཕེལ་ཚུལ་དང་མཐའ་འབྲས་ལས་ཀློག་པ་པོ་ཚོར་བསམ་གཞིགས་བྱ་གཞི་ཞིག་སྟེར་བ་ལས་ཐད་ཀ་རྩོམ་དེ་རང་གི་ནང་བཀོད་པའི་མི་སྣས་བསམ་གཞིགས་བྱས་ཚུལ་བྱུང་རིམ་དུ་བཀོད་པ་དཀོན་པོ་རེད།<<ཁ་ཤུལ་གྱི་ཉི་མ>>ཞེས་པའི་བརྗོད་གཞི་གཙོ་བོ་ནི་མི་ཚེའི་སྣང་ཚུལ་དེ་དགེ་སྡིག་གི་བསམ་བློ་དང་ལས་རྒྱུ་འབྲས་ཀྱི་ལྟ་བས་ཀུན་ནས་ཁ་ལོ་བྱེད་པ་ལྟ་བུའི་གངས་ལྗོངས་མགོ་ནག་གི་མི་ཚེའི་སྐྱོང་ཚུལ་དག་ཉི་མ་ཚེ་རིང་དང་།དབྱངས་སྒྲོལ།རྣམ་རྒྱལ་སོགས་ཀྱི་བསམ་སྤྱོད་ཀྱི་ཕྲེང་བར་སྤེལ་ནས་བྲིས་པ་ཞིག་རེད།གལ་སྲིད་སྐབས་འདིར་ཡང་རྩོམ་ཚུལ་རྙིང་པ་ཁོ་ནའི་འཆིང་རྒྱར་ཞུགས་ཚེ་ནང་དོན་དེ་རེ་ཞིག་སྟོན་པར་ནུས་ཀྱང་གཏིང་ཟབ་པོ་འདི་འདྲ་ཙམ་སྟོན་མི་ཐུབ་ལ།ཀློག་པ་པོའི་ཡིད་སེམས་ལ་གཡོ་སྒུལ་འདི་འདྲ་བའང་གཏོང་ཐུབ་ཐབས་མེད།རྩོམ་པ་པོ་བཀྲ་ཤིས་དཔལ་ལྡན་གྱིས་རང་གིས་མཚོན་པར་འདོད་པའི་ནང་དོན་འདི་དང་འཚམ་པའི་སྒྱུ་རྩལ་ཐབས་རྩལ་ཞིག་རིག་པས་བཙལ་རྙེད་བྱེད་ཐུབ་ཡོད་པས་ད་གཟོད་རྩོམ་ཚུལ་ཁྱད་པར་བ་འདི་འདྲ་ཞིག་བྱུང་བ་རེད།དེ་ཡང་སྟབས་བདེ་ཙམ་ཞུས་ན།རྩོམ་པ་པོས་རང་ཉིད་ཀྱསི་བཀོད་བཞེངས་བྱས་པའི་མི་སྣ་དེ་དག་ཉིད་ཀྱིས་རང་གི་ལས་དབང་དང་བྱ་བྱེད་ལ་རྗེས་དྲན་དང་བསམ་གཞིགས་བྱེད་དུ་བཅུག་ཡོད་ཅིང་།ཁོ་ཚོའི་རྗེས་དྲན་དང་འདྲེས་པའི་བསམ་གཞིགས་བྱེད་དུ་བཅུག་ཡོད་ཅིང་།ཁོ་ཚོའི་རྗེས་དྲན་དང་འདྲེས་པའི་བསམ་གཞིགས་ཀྱི་སྲད་བུ་དེས་བརྗོད་བྱའི་དོན་གྱི་ནོར་བུ་ཀུན་ཕྲེང་བར་སྒྲིག་ཡོད་པས་རྒྱ་ཁྱབ་ཀློག་པ་པོས་བརྩམས་སྒྲུང་འདི་ཀློག་སྐབས་ཀྱང་གོ་མེད་ཚོར་མེད་ངང་ཉི་མ་ཚེ་རིང་སོགས་དང་མཉམ་དུ་ཁོ་ཚོའི་བྱ་བྱེད་དང་དེའི་མཐའ་འབྲས་ལ་བསམ་གཞིགས་བྱེད་པ་མ་ཟད་བསམ་གཞིགས་དེ་ཡང་རང་བཞིན་གྱིས་ཀློག་མཁན་རང་ཉིད་དང་རང་ཉིད་ཀྱི་མཐའ་འཁོར་ན་འདུག་པའི་མི་གསོན་པོ་སྲོག་བཅས་རྣམས་ཀྱི་བྱ་བྱེད་དང་འབྲེལ་ཞིང་འདྲེས་པར་འགྱུར་བས་ཡིད་སེམས་ལ་གཡོ་འགུལ་ཚད་མེད་དང་།ཤུགས་རྐྱེན་གཏིང་ཚུགས་ཤིག་ཐོབ་ཐུབ་པ་བྱུང་བ་རེད།

སྒྲུང་གི་བརྗོད་སྟངས་ཁྱད་པར་བ་ཞིག་སྤྱད་པ་དེས་ཀྱང་དགེ་མཚན་རྨད་དུ་བྱུང་བ་ཐོན་ཡོད། སྐབས་འདིར་བསྟན་པའི་བརྗོད་སྟངས་བྱ་བ་ནི་རིམ་བཤད་དང་ལྡོག་བཤད།སྲུབ་འཇུག་གསུམ་དུ་ཕྱེ་བའི་རྒྱས་བཤད་བྱེད་སྟངས་ལ་ཟེར་བ་མ་ཡིན་པར་སྒྲུང་གི་བྱུང་རིམ་འཕེལ་ཚུལ་ལ་ཕྱོགས་གང་ནས་བལྟ་ཞིང་འབྲི་ཚུལ་ལ་བྱ་བ་ཡིན།དེ་ཡང་སྤྱིར་བཏང་ཐོག་བྱས་ནས་བརྗོད་པ་དང་པོ(མི་སྣ་དང་པོ་དང་གང་ཟག་དང་པོ་ཞེས་བྱ་བའང་ཡོད)སྟེ“ང”ཞེས་སྒྲུང་གི་མི་སྣ་གཙོ་བོ“ཐམས་ཅད་མཁྱེན་པ”འདིའི་ཕྱོགས་ནས་བལྟས་ཏེ་བྱུང་རིམ་འཕེལ་ཚུལ་འབྲི་བ་དང་།“ཁོའམ་ཁོ་མོ”ཞེས་བརྗོད་པ་གསུམ་པའི(མི་སྣ་གསུམ་པ་དང་གང་ཟག་གསུམ་པ)ཐོག་ནས་འབྲི་བ་སྟེ་རྣམ་པ་གཉིས་སུ་ངེས་ཤིང་།དེ་གཉིས་ཀྱི་ཁྱད་པར་གཙོ་བོ་ནི་བརྗོད་དོན་པ་དང་པོ་སྤྱད་དེ་རྩོམ་སྐབས་རྩོམ་མཁན་དང་།བརྗོད་མཁན།སྒྲུང་གི་མི་སྣ་གཙོ་བོ་གསུམ་གཞི་གཅིག་ཏུ་ཡོད་པ་དང་།བརྗོད་མཁན།སྒྲུང་གི་མི་སྣ་གཙོ་བོ་གསུམ་གཅིག་ཏུ་ཡོད་པ་དང་།བརྗོད་པ་གསུམ་པའི་ཐོག་ནས་རྩོམ་སྐབས་རྩོམ་མཁན་དང་བརྗོད་མཁན་གཉིས་གཅིག་ཏུ་ཡོད་པ་ལ་སྒྲུང་གི་མི་སྣ་ཁེར་བུ་རང་བཙན་དུ་ཡོད་པ་ལྟ་བུ་ཞིག་རེད།འདི་ནི་ཕྱི་ཚུལ་གྱི་དབྱེ་བ་ཙམ་ཡིན་པ་ལས་སྙིང་པོ་དོན་གྱི་ཁྱད་པར་ཞིག་སྟོན་ཐུབ་མེད།ཡིན་ནའང་།བརྗོད་པ(མི་སྣའམ་གང་ཟག)གཉིས་པོའི་བྱེད་ནུས་ལ་ཁྱད་པར་ཆེན་པོ་ཡོད་པ་ནི་བརྗོད་པ་དང་པོར་བརྩམས་པའི་སྒྲུང་ཞིག་དང་།བརྗོད་པ་གསུམ་པར་བརྩམས་པའི་སྒྲུང་ཞིག་ལྷན་ཐབས་སུ་བྱས་ཏེ་བསྡུར་བ་ཅུང་ཟད་བྱས་ནས་རྟོགས་དཀའ་བ་ཞིག་མ་ཡིན།      <<ཁ་ཤུལ་གྱི་ཉི་མ>>བརྗོད་པ་དང་པོའི་ཐོག་ནས་བརྩམས་ཡོད།ཡིན་ནའང་།འདིའི་ནང་གི་བརྗོད་པ་དང་པོ་དང་།སྤྱིར་བཏང་གི་བརྗོད་པ་དང་པོར་བརྩམས་པའི་བརྩམས་སྒྲུང་རྣམས་ཀྱི་བྱུང་རིམ་དབར་ཡང་ཁྱད་པར་ཆེ་སྟེ་རྒྱུན་པར་མཐོང་རྒྱུ་ཡོད་པའི་ཆ་ཚང་བརྗོད་པ་དང་པོ་སྟེ“ང”གཅིག་རང་གི་ཕྱོགས་ནས་བལྟས་ཤིང་བྲིས་པ་ཞིག་ཡིན་པ་དང་།<<ཁ་ཤུལ་གྱི་ཉི་མ>>ཡི་བརྗོད་པ་དང་པོ་འམ་“ང”ནི་གཅིག་ཉིད་ཡིན་པར་ཉི་མ་ཚེ་རིང་དང་།དབྱངས་སྒྲོལ།རྣམ་རྒྱལ་བཅས་མི་གསུམ་ཡིན་པས་སྒྲུང་གི་བྱུང་རིམ་དེ་ཡང་ཕྱོགས་གསུམ་ནས་བལྟས་ཤིང་བྲིས་པ་ཡིན་ཞིག་རེད།མ་གཞི་རྩོམ་ལུགས་བརྗོད་སྟངས་འདི་བོད་ཡིག་བརྩམས་སྒྲུང་ལ་ཆ་བཞག་ནའང་གསར་པ་གསར་རྐྱང་ཞིག་མ་ཡིན་ཏེ།རྩོམ་མཁན་འདས་པོ་དོན་གྲུབ་རྒྱལ་གྱིས་བརྩམས་པའི་སྒྲུང་འབྲིང<<སད་ཀྱིས་བཅོམ་པའི་མེ་ཏོག>>ཞེས་པའི་ནང་ཡང་བརྗོད་སྟངས་འདི་སྤྱད་ཡོད།ཡིན་ནའང་།དོན་གྲུབ་རྒྱལ་གྱི་བརྩམས་བྱའི་ནང་ལེ་ཚན་སོ་སོར་ཁ་བྱང་ཆུང་ཆུང་རེ་སྦྱར་ཏེ“ཚེ་རིང་གི་སྐད་ཆ”དང་།“ལྷ་མོའི་སེམས་གཏམ”“རིག་ཡག་གི་འཕྲུལ་སྣང”སོགས་བཀོད་ཡོད་ཡོད་པས་ཀློག་མཁན་གྱིས“ང”དེ་ཡང་སྙིང་སུ་ཡིན་པ་ལམ་སེང་རྟོགས་ཐུབ་ཅིབང་།<<ཁ་ཤུལ་གྱི་ཉི་མ>>ཞེས་པར་ལེའུ་སོ་སོར་མིང་བྱང་ཅི་ཡང་བཀོད་མེད་པས་ལེའུ་དང་པོ་གཉིས་པ་ཀློག་མཚམས་ཉིད་དུ་ཀློག་པ་པོའི་ཡིད་ལ“ང”འདི་ཡང་སྙིང་དབྱངས་སྒྲོལ་ཡིན་དང་ཉི་མ་ཚེ་རིང་ཡིན་འཛོལ་འགྲོ་བ་ལྟར་ཡོང་སྲིད།དེ་ལྟར་ཡིན་མོད།བརྩམས་སྒྲུང་ཆ་ཚང་བཀླགས་ཚར་སྐབས་རྩོམ་པ་པོའི་བློ་རྩལ་ལ་མོས་པའི་ཡི་རངས་ཀྱི་བསམ་པ་ཞིག་རང་བཞིན་གྱིས་སྐྱེ་ངེས་རེད།ངོ་མ་འདི་འདྲ་རེད།ང་ཚོས་གོང་དུ་བཤད་ཟིན་པ་ལྟར།བརྩམས་སྒྲུང་འདིའི་ནང་དོན་གཙོ་བོ་ནི་དགེ་སྡིག་ལས་འབྲས་ཀྱིས་བསྡུས་པའི་མི་ཚེའི་སྣང་ཚུལ་སྟོན་པ་ཡིན་ལ།སྟོན་ཚུལ་ཡང་སྒྲུང་ནང་གི་མི་སྣ་སོ་སོས་རང་ཉིད་ཀྱི་བྱ་བྱེད་ལ་རྗེས་སུ་དྲན་བསམ་གཞིགས་བྱེད་པའི་རྣམ་པའི་ཐོག་ནས་སྤེལ་ཡོད་པས།མི་སྣ་གསུམ་པོ་སོ་སོས་བརྗོད་པ་དང་པོའི་ཐོག་ནས་རང་ཉིད་ཀྱི་བསམ་ཚུལ་སྤྱོད་སྟངས་སོགས་བཤད་པ་ཡིན་ན་ཀློག་མཁན་རྣམས་ཀྱི་ཡིད་ངོར་ཡང་དེ་རང་རེད་སྙམ་པའི་བདེན་ཆ་ངེས་ཤེས་འདྲོངས་པ་ཞིག་ཐོབ་ཐུབ་པ་རེད།བྱས་ཙང་བརྗོད་སྟངས་འདིས་སྟེར་བའི་ཕན་ཡོན་ནི་བརྗོད་པ་གསུམ་པ་དང་བརྗོད་པ་དང་པོའི“ང”གཅིག་རང་གིས་བཤད་པ་སོགས་གང་ཞིག་གིས་ཀྱང་འགྲན་དུ་མི་བཟོད་པ་ཞིག་རེད།

<<ཁ་ཤུལ་གྱི་ཉི་མ>>ཡི་བརྗོད་སྟངས་རྩོམ་ཚུལ་དེ<<སད་ཀྱིས་བཅོམ་པའི་མེ་ཏོག>>དང་ཅུང་འདྲ་ནའང་།རྩོམ་པ་པོ་བཀྲ་ཤིས་དཔལ་ལྡན་གྱིས་རྩོམ་ཚུལ་བརྗོད་སྟངས་འདི་སྤྱད་དེ་མི་སྣ་གཙོ་བོ་སོ་སོའི་བསམ་ཚུལ་སྤྱོད་སྟངས་ལ་རང་ཉིད་ཀྱིས་བསམ་གཞིགས་བྱས་ཚུལ་བརྗོད་པ་གཅིག་པུས་མ་ཚིམས་པར་རྩོམ་གྱི་ནང་དོན་དང་།རྩོམ་པ་པོའི་དགོངས་གཞི་ཤུགས་དྲག་ཏུ་སྟོན་ཕྱིར་ལེའུ་ལྔ་པར་སླར་ཡང་བརྗོད་སྟངས་དང་བལྟ་ས་བལྟ་ཕྱོགས་གཞན་ཞིག་ཏུ་བརྗེས་ཏེ་བརྗོད་པ་གསུམ་པ་སྤྱད་ནས་རྒྱུས་མེད་འབྲེལ་མེད་ཀྱི་ལམ་མགྲོན་ལྟ་བུ་ཞིག་གི་ངོས་ནས་ཁོ་ཚོའི་བྱ་བྱེད་ཀྱིས་བཟོས་པའི་འབྲས་བུ་དེ་དམར་རྗེན་དུ་བཏོན་ཡོད།

དེ་ཡང་ཡིན་ཏེ།བརྗོད་པ་དང་པོར་བརྟེན་ནས་ཉི་མ་ཚེ་རིང་སོགས་མི་སྣ་གཙོ་བོ་གསུམ་གྱི་སོ་སོའི་བསམ་ཚུལ་སྤྱོད་སྟངས་སྟོན་སྐབས་ཁོ་ཚོ་ཚང་མར་ཡང་བྱ་སྤྱོད་དེ་ལྟར་སྤེལ་བའི་རྒྱུ་མཚན་ངེས་གཏན་རེ་ཡོད་པས་ཁོ་ཚོ་སུའང་ནོར་མེད་པལྟ་བུ་ཞིག་ཆགས་ཡོད་ཅིང་།དེས་སྒྲུང་གི་བརྗོད་གཞིའི་སྐྱོ་གར་རང་བཞིན་ཤུགས་ཆེར་སྟོན་ཐུབ་ཀྱི་མེད་ལ།རྩོམ་གྱི་བརྗོད་སྙིང་ཡང་འབུར་དུ་ཐོན་པ་ཞིག་བཟོ་ཐུབ་ཀྱི་མེད།ལེའུ་ལྔ་པའི་ནང་བལྟ་ཕྱོགས་བརྗེས་ཏེ་བརྗོད་པ་གསུམ་པའི་ངག་ཐོག་ནས“མི་མངོན་ནམ་མཁའི་དབྱིངས་ན་བཞུགས་པའི་དཀོན་མཆོག”གམ་དགེ་ཆོས་ཀྱི་གསུང་ལྟར“ཡ་གིའི་རྒྱལ་པོའི”འདྲེན་བྱེད་ཀྱིས་ཁོ་ཚོས་སུས་ཀྱང་ནོར་བ་མེད་པའི་བྱ་སྤྱོད་སྤེལ་བ་ལས་ཐོབ་པའི་འབྲས་བུ་ནོར་འཁྲུལ་ཅན་ཡིད་སྐྱོ་བ་དེ་གསལ་པོར་མཐོང་བ་བསྟན་ཡོད་པས་སྒྲུང་གི་བསྟན་བྱའི་ནང་དོན་དང་།རྩོམ་པ་པོའི་དགོངས་གཞི་སྟེ་ལས་འབྲས་ལྟ་བས་སྐུལ་བའི་ཡ་རབས་བཟང་སྤྱོད་ཀྱིས་འབྲས་བུ་སྐྱོ་སྣང་སྐྱེ་དགོས་པ་དེ་འདྲ་ཞིག་བསྐྱེད་པའི་མི་ཚེའི་སྐྱོ་གར་ཉམ་ང་བ་དེ་མངོན་གསལ་ཤུགས་དྲག་ཏུ་སྟོན་ཐུབ་པ་བྱུང་ཡོད་ལ།ཀློག་པ་པོའི་ཡིད་སེམས་ལའང་སྐྱོམ་འགུལ་ཆེན་པོ་ཞིག་བཏང་སྟེ།མི་ཚེའི་བདེ་སྐྱིད་ལ་སྙེགས་པའི་རྐང་པ་སྒྲོག་མཁན་མི་མངོན་པའི་འཆིང་ཐག་དེ་རྩད་ནས་གཅོད་པའི་སེམས་ཤུགས་ཅིག་ལྷང་ངེར་སྐྱེས་ཐུབ་པ་བྱུང་བ་སོགས་འདི་ཀུན་ཕུན་སུམ་ཚོགས་པའི་སྒྱུ་རྩལ་མཚོན་ཐབས་ལས་བྱུང་བའི་ཟིལ་ཤུགས་ཡིན་པར་ཐེ་ཚོམ་ཅི།།

རྩོམ་ཁུངས། མི་རིགས་དཔེ་སྐྲུན་ཁང་།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྗིད་ཏིག་ཏིག་གི་བཀའ་དྲིན།

2009-10-15 ནོར་བུ་བསམ་འཕེལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།