《འུར་ཆོམ་དང་འཁྲུག་ཟིང》ཞེས་པའི་སྒྲུང་གཏམ་བཀླགས་པ།
དང་པོ། རྩོམ་པ་པོ་ངོ་སྤྲོད།
ཧྥུའུ་ཁུ་ནཱ(福克纳)ནི་སྤྱི་ལོ1897ལོ་ནས1962ལོའི་བར་གྱི་མི་ཡིན་ལ། ཨ་རིའི་མིས་ཞི་ཞི་པེ་ཁུལ(密西西比州)ལྷོ་ཕྱོགས་ཀྱི་ཉམས་རྒུད་དུ་འགྲོ་བཞིན་པའི་ཁྱིམ་རྒྱུད་ཆེན་པོ་ཞིག་ནས་སྐྱེས། ཁྱིམ་རྒྱུད་དེའི་ཁྲོད་ཧྥུའུ་ཁུ་ནཱ་ལ་བག་ཆགས་ཆེས་ཟབ་པ་ནི་སྐབས་དེར་སྙན་གྲགས་ཕྱོགས་བཅུར་ཁྱབ་པའི་སྤོ་བོ་ལགས་རེད། ཁོས་རང་གི་སྤོ་བོའི་གམ་ནས་ཁྱིམ་རྒྱུད་ཀྱི་གཟི་བརྗིད་ཉམས་སུ་མྱངས་ལ། ཞོར་ནས་སྦོ་བོའི་རྩོམ་རིག་གི་དགའ་ཕྱོགས་ཀྱང་རྒྱུད་འཛིན་བྱས། ཆུང་ངུའི་དུས་ནས་བཟུང་ཁོང་གི་ཕུགས་བསམ་ནི་སྦོ་བོ་ནང་བཞིན་རྩོམ་པ་པོ་ཞིག་ཨེ་འཁྱོངས་བལྟ་རྒྱུ་དེ་རེད། སྤྱི་ལོ1924ལོར་ཁོང་གི་སྙན་ངག་ཕྱོགས་བསྒྲིགས《རྡོ་ཀ་མ་རུའི་འཕགས་མ》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས་ཀྱང་། ཁོས་རང་ཉིད་ཀྱིས་ལོ་ངོ་དུ་མར་སྙན་ངག་ཕྱོགས་སུ་ཚོད་ལྟ་བྱས་པ་ལམ་ལྷུངས་མ་བྱུང་བར་ངོས་ཟིན་རྙེད་དེ། རང་ཉིད་ནི་སྡུག་གྱོང་རེག་མཁན་གྱི་སྙན་ངག་པ་ཞིག་ཏུ་བལྟས། ཨན་ཏི་སིན(舍伍德﹒安德森)གྱི་བློ་འབྱེད་འོག་ཏུ། གཞི་ནས་ཁོས་སྒྲུང་གཏམ་གསར་རྩོམ་བྱས་ཤིང་།1929ལོར་ཁོང་གི་ཆེས་ཐོག་མའི་རྨད་བྱུང་བརྩམས་སྒྲུང《འུར་ཆོམ་དང་འཁྲུག་ཟིང་》འགྲེམ་སྤེལ་བྱས་ལ། བརྩམས་ཆོས་དེ་ནི་བརྗོད་གཞི་གདམ་གསེས་དང་ལྷུག་བརྗོད་སྤྲོས་སྟངས་ཀྱི་སྒྲིག་གཞིའི་བཀོད་པ། རྟོག་པ་འོག་འགྱུའི་སེམས་ཁམས་ཞིབ་འབྲི་བྱེད་ཐབས་སོགས་སྒྱུ་རྩལ་རྩོམ་རིག་གསར་རྩོམ་གྱི་ཟུར་གང་ནས་གླེང་རུང་། རྩོམ་འབྲིའི་ཆུ་ཚད་ཡང་རྩེར་སོན་ཡོད་པའི་རྨད་བྱུང་བརྩམས་ཆོས་ཤིག་ཏུ་གྱུར། དེ་ནས་བཟུང་། ཁོང་གིས་སྒྲུང་གཏམ་གསར་རྩོམ་གྱི་ཕྱོགས་ལ་འབད་འབུངས་ཧུར་བསྐྱེད་བྱས་ཏེ། དུས་རབས20ལོ་རབས30བའི་ནང་སྔ་གཞུག་ཏུ 《འཆི་ཁ་མའི་དུས་ཀྱི་རང་ཉིད》དང་། 《ཟླ་བརྒྱད་པའི་འོད་སྣང་》 གཉིས་གཙོས་སྒྲུང་གཏམ་འབོར་ཆེན་བརྩམས་གྲུབ་བྱུང་། བརྩམས་ཆོས་འདི་དག་ཚང་མའི་བརྗོད་བྱ་ཨ་རིའི་ལྷོ་ཕྱོགས་ས་ཁུལ་དང་དམ་པོར་འབྲེལ་ཡོད་ཅིང་། རྟོག་པ་འོག་འགྱུའི་སེམས་ཁམས་མངོན་མཚོན་གྱི་ཐབས་རྩལ་བཀོལ་བ་བྱང་ཆ་དོད་ཅིང་གནད་ལ་འཁེལ་བས། ཁོ་རང་རྩོམ་མཁན་གྲགས་ཅན་ཏུ་འགྱུར་བར་ཕྱར་བ་གྲུ་འདེགས་ཀྱི་བྱེད་ནུས་ཐོན། ལོ་རབས50བའི་ནང་དུ། ཁོས་སྔ་གཞུག་ཏུ《ལོག་ཅིག མའོ་ཞིས》དང《སྡེ་གྲོང་》། 《གྲོང་རྡལ་ཆུང་ངུ་》 ། 《གཞིས་ཀ》སོགས་ཀྱི་བརྩམས་ཆོས་རིམ་པར་སྤེལ།
ཁོང་གིས་དུས་རབས་དེའི་ལོ་རབས་སུམ་ཅུ་བ་དང་བཞི་བཅུ་བའི་ནང་དུ་སྒྲུང་གཏམ་ཁ་གྲངས་ལོངས་པ་བྲིས་ནས་གྲུབ་ནའང་། ཁོང་ལ་རང་ཆས་སུ་ཡོད་པའི་བརྩམས་སྒྲུང་འབྲི་རྩལ་སྐོར་གྱི་ཐུན་མིན་འཇོན་ཐང་ལ་དཔྱད་བརྗོད་པའི་སྡེ་ཡིས་ཡིད་འཇོག་ཆེན་པོ་མ་བྱས། གཉེན་སྒྲིག་བྱས་རྗེས་འཚོ་བ་བག་མེད་རྒྱས་སྤྲོས་རོལ་བར་བརྟེན། རྩོམ་མཁན་ཁོང་དཔལ་འབྱོར་ཕྱོགས་ནས་ཉམས་ཉེས་ལ་འཕྲད་དེ། འཚོ་ཚིས་དང་མེད་མུག་གི་བརྡབ་གསིག་མ་བཟོད་པར་ཧོ་ལེ་བོའུ་ཀུང་ཟིར་གློག་བརྙན་འཁྲབ་གཞུང་བྲིས་ནས་རང་ཁ་སོས་ཙམ་བྱུང་། 1946ལོར་མིང་དུ་གྲགས་པའི་རྩོམ་རིག་མཐའ་དཔྱོད་མཁན་མཱ་ཨར་ཁུ་མོ་ཁོ་ལིས་ཡིས་ཁོང་གི་བརྩམས་སྒྲུང་གཅེས་བཏུས་དེབ་ཅེས་པ་འདེམ་སྒྲིག་བྱས་ཏེ། མཐའ་དཔྱོད་པ་དེས་རྩོམ་མཁན་ཁོང་ལ་གདེང་འཇོག་ཚད་མཐོན་པོ་གནང་ལ། དེ་དང་བསྟུན་ནས་དཔེ་དེབ་དེར་ཀློག་པ་པོའི་སྡེ་ནས་དགའ་བསུ་བླ་མེད་ཐོབ། 1949ལོར་ཁོང་ལ་ནོ་པེར་རྩོམ་རིག་བྱ་དགའ་ཐོབ་པ་དང་། 1950ལོར་ལོ་དེའི་ནོ་པེར་རྩོམ་རིག་བྱ་དགའ་ཐོབ་མཁན་ལོ་སུའུ་དང་མཉམ་དུ་དགའ་རྟགས་བླངས། དེ་ནས་བཟུང་། ཁོང་གི་རྩོམ་རིག་གི་གོ་ས་བརྟན་འཇགས་སུ་གྱུར།
ལག་ཆགས་སའི་ཁྱིམ་ཚང་གི་རྒྱབ་ལྗོངས་དང་ས་བབ་ཁོར་ཡུག་གི་དབང་གིས། རྩོམ་པ་པོའི་གསར་རྩོམ་གྱི་བརྗོད་སྙིང་ཕོན་ཆེ་བ་ཨ་རིའི་ལྷོ་ཕྱོགས་དང་འབྲེལ་བ་ཟབ་མོ་ཡོད། ཁོང་ལ་གསར་རྩོམ་གྱི་གོ་རིམ་ཁྲོད་དུ་ངང་ངམ་ཤུགས་ཀྱིས་ངོས་ཤེས་ཟབ་མོ་སྐྱེས་པ་ནི། སྒྲུང་གཏམ་གསར་རྩོམ་གྱི་རྒྱུ་ཆར་རུང་བའི་གསེར་གྱི་གཏེར་རྡོ་དེ་ཀོ ཆུང་དུས་རང་ཉིད་ཀྱིས་རྐང་རྗེས་གང་སར་དཔར་སའི་ཕ་ཡུལ་གྱི་ས་གཞིའི་འོག་སྤས་སྐུང་བྱས་ཡོད་པ་ཚོར་ཞིང་། ཁྱིམ་རྒྱུད་དང་སྤྱི་ཚོགས། ལོ་རྒྱུས་བཅས་གསུམ་ཀའི་བར་གྱི་འབྲེལ་བས་ཁོང་གི་གསར་རྩོམ་ལ་ཡུལ་དུས་ངེས་མེད་ཀྱི་སྒོ་ནས་ཤུགས་རྐྱེན་གཏོང་གིན་པའང་གཞི་ནས་རྟོགས།
རྩོམ་མཁན་ཁོང་ནི་ཨ་རིའི་ལྷོ་ཕྱོགས་རྩོམ་རིག་གི་ནམ་མཁའ་སྔར་ལས་ཆེར་བསྐྱེད་གནང་མཁན་དང་། འགྲོ་བ་མིའི་ནང་སེམས་རྒྱུད་ཀྱི་བག་ལ་ཞ་བའི་དགའ་སྐྱོ་ཆགས་ཇི་སྙེད་གསལ་རྗེན་སྔོག་འདོན། སྒྱུ་རྩལ་མཚོན་ཐབས་གསར་བར་ཚོད་ལྟ་དང་གསར་གཏོད་བཅས་ཀྱི་ཐད། ཨ་རི་ཕར་ཟད་ནུབ་གླིང་རྩོམ་འབྱུང་ལོ་རྒྱུས་སྟེང་གི་དཀྱོག་མཚམས་ན་ཀྲོང་ངེར་བསླངས་པའི་རྡོ་རིང་ལྟ་བུར་བརྩིས་ཆོག་ཆོག་ཡིན།
ལོ་རབས་དྲུག་ཅུ་བའི་ནང་ནས་བཟུང་། རྩོམ་མཁན་ཁོང་གིས་ཨ་རག་བག་མེད་དུ་བསྟེན་ནས། མི་འདོད་ནད་ཀྱིས་འབྱུང་གཞི་ཟིན་ནས་ལུས་ཕུང་ཉམས་ཞན་དུ་སོང་མཐར། 1962ལོའི་ཟླ7པའི་ནང་དུ་སྙིང་ནད་དྲག་པོ་འཕར་ནས་ཚེ་ཡི་འཕེན་པ་རྫོགས།
གཉིས་པ། བརྩམས་ཆོས་ངོ་སྤྲོད།
《འུར་ཆོམ་དང་འཁྲུག་ཟིང་》(喧哗与骚动)ནི་ཧྥུའུ་ཁུ་ནཱའི་ཚབ་མཚོན་བརྩམས་ཆོས་ཡིན་ཞིང་། སྒྲུང་གཏམ་འདིའི་ཁ་བྱང་ནི་ཤིག་སེ་ཕེར་གྱི་ཟློས་གར་འཁྲབ་གཞུང《མེ་ཁུ་པེ》(麦克白)ཞེས་པའི་ཁྲོད་ཀྱི་གར་སྟེགས་འཁྲབ་ཚིག་གྲགས་ཅན་ཏེ། མི་ཚེ་ནི་གླེན་པས་གཉིད་བཤད་རྒྱག་པ་ནང་བཞིན། འུར་ཆོམ་དང་འཁྲུག་ཟིང་ཁོ་ནས་བཀང་བ་ལས། སྙིང་བོ་ཅི་ཡང་མེད་ཅེས་པ་ལས་བྱུང་བ་ཡིན། བརྩམས་ཆོས་འདིས་ཨ་རིའི་ལྷོ་ཕྱོགས་ཀྱི་ཁང་ཕོའུ་ཧྲིན་ཁྱིམ་རྒྱུད་ཆེན་མོ་ཉམས་རྒུད་དུ་འགྲོ་བཞིན་པའི་སྐྱོ་གར་བྲིས་ཡོད། བརྩམས་སྒྲུང་འདི་ཁྱོན་བསྡོམས་ཚན་པ་བཞིས་གྲུབ་ལ། ཚན་པ་དང་པོའི་ཁ་བྱང་ལ1928ལོའི་ཟླ4བའི་ཚེས7ཉིན་ཞེས་བྲིས་ཡོད། ཚན་པ་འདིའི་ཁྲོད་དུ་གཙོ་བོ་ཁྱིམ་རྒྱུད་ཀྱི་བུ་ཆུང་བ་པན་ཅེ(班吉)ཡི་འོག་འགྱུའི་སེམས་རྣམ་བྲིས་ཡོད། པན་ཅེ་ནི་གླེན་པ་ཞིག་ཡིན་པ་དང་། ལོ་སོ་གཅིག་ལ་སོན་ཡོད་ནའང་ཁོའི་རིག་སྟོབས་ནི་བྱིས་པ་ལོ་གསུམ་ཅན་ཞིག་དང་འདྲ་མཚུངས་ཡིན། ཁྱིམ་དུ་ཁོ་ལ་ཤ་ཚ་སྙིང་ཉེ་བྱེད་མཁན་གཡོག་མོ་ཏིས་ཨར་ཞི་ལས་གཞན། ཁོ་ལ་བྱམས་སྐྱོང་ཚད་མེད་གནང་མཁན་ནི་ཁོའི་ཨ་ཅེ་ཁེ་ཏིས་རེད། ཁོར་ཨ་ཅེ་ལགས་ཀྱི་གམ་ནས་ཨ་མའི་བྱམས་བརྩེ་རིགས་གཞན་ཞིག་ཐོབ་པ་དང་། ནམ་རྒྱུན་ཨ་ཅེ་ཡི་ལུས་སྟེང་ན་རྒྱུ་བའི་ཆར་བ་འབབ་མཚམས་བཞག་མ་ཐག ནགས་ཀློང་དཀྱིལ་ནས་ལྡང་འོང་བའི་ལྗོན་ཤིང་གི་དྲི་མ་དང་ཀུན་ནས་མཚུངས་པའི་ལུས་དྲི་ཞིམ་པོ་དེས། ནམ་རྒྱུན་ཁོར་བདེ་སྡོད་བག་ཡངས་ཀྱི་དབུགས་འབྱུང་ཅི་འདོད་བསྩལ། ཁོའི་རིག་སྟོབས་ལ་ཚད་བཀག་ཡོད་ལ་དྲན་པ་མག་མོག་དུ་སྣང་བས། དུམ་ཚན་འདིའི་ནང་པན་ཅི་ཡི་གོ་རིམ་འཆོལ་ལ་རྙོག་ཟིང་འདྲེས་མའི་དྲན་ཤེས་མག་མོག་ཞིབ་འབྲི་བྱས་པ་བརྒྱུད། དེའི་ཁྲོད་ཁང་ཕོའུ་ཧྲིན་ཁྱིམ་རྒྱུད་ཀྱི་བྱིས་པ་ཚོའི་ནར་སོན་གྱི་ལོ་ཟླའི་བརྙན་རིས་གསལ་ལ་མི་གསལ་བའི་ངང་མངོན་ཡོད།
ཚན་པ་གཉིས་པའི་ཁ་བྱང་ལ 1910ལོའི་ཟླ6པའི་ཚེས2ཉིན་ཞེས་བྲིས་ཡོད། ཚན་པ་འདིའི་ཁྲོད་དུ་ཁྱིམ་རྒྱུད་ཀྱི་བུ་ཆེ་བ་ཁོན་ཏིན(昆丁)རང་ཤི་རྒྱབ་པའི་སྐོར་གྱི་བརྒྱུད་རིམ་དང་། ཁོའི་འཆི་ཁ་མའི་མགོ་མཇུག་མེད་པའི་ནང་སེམས་ཀྱི་འཆར་སྒོ་མ་ལུས་མཚོན་པར་བྱས་ཡོད། ཁོན་ཏིན་ནི་ཁྱིམ་རྒྱུད་ཀྱི་བུ་ཆེ་བ་ཡིན་ཁར། ཧྭ་ཧྥུ་སློབ་ཆེན་གྱི་སློབ་མ་ཡིན་ནའང་། ཁོས་ཁྱིམ་རྒྱུད་ཀྱི་ཉམས་རྒུད་དང་ཁྱིམ་ཚང་ལ་གནས་པའི་འཁྲུག་ཟིང་བཟོད་ཀྱིན་མེད་པར་མ་ཟད། ད་དུང་སྲིང་མོ་ཁེ་ཏིས(凯蒂)ཡིས་རང་ལུས་གཙང་མ་སྲུང་མ་ཐུབ་པ་ནི་ཁྱིམ་རྒྱུད་ཀྱི་ངོ་ཚ་དང་ཞབས་འདྲེན་ལྟ་བུར་སྣང་ནས། སྡུག་བསྔལ་གྱི་ཁྲོད་ནས་རང་ཤི་རྒྱག་རྒྱུར་སེམས་ཐག་བཅད་དེ། ཕ་རྒན་གྱིས་ཁོར་བྱིན་པའི་ལག་འདོགས་དུས་ཚོད་ཧྲུག་ཆག་ཏུ་བཏང་རྗེས། གཙང་བའི་ནང་དུ་མཆོངས་ནས་ཚེ་འཕོས།
ཚན་པ་གསུམ་པའི་ཁ་བྱང་ལ1928ལོའི་ཟླ4བའི་ཚེས6ཉིན་ཞེས་བྲིས་ཡོད། ཚན་པ་དེའི་ནང་བུ་འབྲིང་བ་ཅེ་ཧྲིན(杰生)གྱི་སེམས་ཁམས་ཞིབ་འབྲི་བྱས་ཡོད། ཅེ་ཧྲིན་ནི་ཁྱིམ་རྒྱུད་ཀྱི་བུ་འབྲིང་བ་ཡིན་ལ། ཁོ་བུ་ཆེ་བ་ཁོན་ཏིན་དང་རྦད་དེ་མི་འདྲ་བར། སྒེར་སེམས་ཆེ་ལ་རང་ཉིད་ཀྱི་ཁེ་ཕན་ཁོ་ནའི་རྗེས་སུ་འགྲོ་ལྡོག་བྱེད་མཁན་འབའ་ཞིག་ཡིན། ཁོས་ནམ་རྒྱུད་རང་ཉིད་ནི་ཁྱིམ་མི་དག་ལས་ཆེས་གྱོང་རེག་མཁན་ཞིག་ཡིན་པར་འདོད་ཀྱིན་ཡོད། ཁོས་རྒྱུན་པར་སྲིང་མོ་ཁེ་ཏིས་ལ་སྡང་བོ་བྱེད་པ་ལས་གཞན། ཁོའི་ཚ་མོ་སྟེ་ཁེ་ཏིས་ཡི་བུ་མོ་ཁོན་ཏིན་ལའང་ངན་སེམས་བཅངས། ད་དུང་ཁོས་ཁེ་ཏིས་ཀྱིས་རང་གི་ཡུལ་བསྐྱུར་བུ་མོ་ཁོན་ཏིན་ལ་སྒོར་མོ་བསྐུར་བ་འཕྲོག་ནས་རང་རྒྱུ་བྱས། ཁོས་རང་གི་སྤུན་ཆུང་གླེན་པ་པན་ཅེ་ལ་ཤ་ཚ་སྙིང་རྗེ་དང་བྱམས་སྐྱོང་མི་གནང་ཁར། པན་ཅེ་སྨྱོན་པའི་གླིང་དུ་བསྐྱལ་བར་རེ་སྒུག་བྱས་ནས་བསྡད། ཁོ་རང་སྤྲོ་ཐུང་ཙབ་ཙུབ་བྱེད་མཁན་ཞིག་ཡིན་ཞིང་། བཀྲ་མི་ཤེས་པའི་དོན་དག་ཅི་བྱུང་ཚང་མ་གཞན་གྱི་སྟེང་དུ་ཁག་འགེལ་དང་ལེ་འདེད་བྱེད་རྒྱུར་དགའ་བ་མ་ཟད། རང་ཉིད་ནམ་རྒྱུད་གནོད་འཚེ་མྱོང་མཁན་གྱི་ངང་ཚུལ་འཛིན་རྒྱུར་ཧ་ཅང་མཁས། ཅེ་ཧྲིན་གྱི་སྟེང་ནས་གཟོད་ཉམས་རྒུད་དུ་འགྲོ་བཞིན་པའི་ཁྱིམ་རྒྱུད་འདིའི་ཡ་ང་སྙིང་རྗེ་བྲལ་བའི་སེམས་གཤིས་མཚོན་སླ་བ་མ་ཟད། ད་དུང་ཨ་རིའི་ལྷོ་ཕྱོགས་ཀྱི་གནའ་བོའི་ཞི་དུལ་དང་བག་ཕེབས། སྒེར་སེམས་མེད་པ། ཕན་ཚུན་རོགས་རེས་མཉམ་གནས་བཅས་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་ཀུན་སྤྱོད་ཉམས་དམས་སུ་སོང་ཚར་བ་མངོན་ཐུབ།
ཚན་པ་བཞི་བའི་ཁ་བྱང་ལ1928ལོའི་ཟླ4བའི་ཚེས8ཉིན་ཞེས་བྲིས་འདུག ཚན་པ་འདིའི་ཁྲོད་གཙོ་བོ་ཁྱིམ་གཡོག་མ་ཏིས་ཨར་ཞི་ཡི་སྐོར་བྲིས་ཡོད། མགོའི་ཚན་པ་གསུམ་ནི་མི་སྣའི་གཤིས་ཀ་དང་ཐོབ་ཐང་གི་དབང་གིས་ཞིབ་འབྲི་བྱས་པ་རྙོག་ཟིང་དང་འཐོར་གྱར་ཡ་བྲལ་ལྟ་བུར་སྣང་བས། ཚན་པ་འདིའི་ཁྲོད་རྩོམ་པ་པོས་ཆེད་དུ་འབོད་པའི་ཐ་སྙད་གསུམ་པ་སྤྱད་དེ། ཀློག་མཁན་རྣམས་ལ་སྒྲུང་གི་བྱུང་རིམ་ཁ་གསལ་ཞིབ་ཕྲ་གནང་མ་ཐུབ་པའི་སྐོར་ཁ་གསབ་བྱས་ཡོད། ཟླ4བའི་ཚེས8ཉིན་ནི་ཏག་ཏག་འདས་ལོག་དུས་ཆེན་ལ་འཁེལ་ཡོད་ནའང་། ཁྱིམ་ཚང་དེ་དོན་རྐྱེན་གཅིག་གིས་ཟང་ཟིང་ལང་ལོང་དུ་བཏང་། དེ་ནི་ཁེ་ཏིས་ཀྱི་བུ་མོ་ཁོན་ཏིན་གྱིས་ཅེ་ཧྲིན་གྱི་གསོག་དངུལ་སྒོར་སྟོང་བདུན་ལྷག་ཡོད་པ་བརྐུས་ནས། ཁོ་མོའི་དགའ་རོགས་དང་མཉམ་དུ་ཡུལ་གཞན་ལ་བྲོས་བྱོལ་དུ་སོང་། ཅེ་ཧྲིན་ཁོང་ཁྲོ་རབ་ཏུ་འབར་བའི་ངང་ར་མདར་སོང་ནས་གང་སར་བཙལ། ཉིན་དེར་ཏིས་ཨར་ཞི་ཡིས་ཁྱིམ་མི་གཞན་དག་དང་པན་ཅེ་བཅས་ཆོས་ཁང་དུ་ཁྲིད་ནས། སྐྱབས་འཇུག་དང་གསོལ་འདེབས། ཕྱག་བསྐོར་བཅས་ཚར་རྗེས། ཕྱིར་ཤིང་རྟ་འཁོར་ལོར་བསྡད་ནས་རང་ཁྱིམ་དུ་ལོག་པའི་གོ་རིམ་བྲིས་ཡོད། ཏི་ཨར་ཞིས་ནི་ཁྱིམ་འདིའི་ཁོངས་མི་ངོ་མ་ཞིག་མིན་ནའང་། དུས་ཡུན་རིང་བོར་ཁང་ཕོའུ་ཧྲིན་ཁྱིམ་ཚང་ནས་གཡོག་ལས་བྱས་ཏེ་འཚོལ་བ་བསྐྱལ་བས། ཁོ་མོའི་སྟེང་ནས་ཀྱང་ཁྱིམ་རྒྱུད་འདིའི་ལོ་རྒྱུས་ཀྱི་འཕོ་འགྱུར་མཚོན་སླ་བ་ཡིན།
གསུམ་པ། སྔར་མེད་གསར་རྐྱང་གི་ཞིབ་འབྲི་བྱེད་ཐབས་བཀྲལ་བ།
གཅིག མཐོང་སྣེ་དུ་མ་སྤྱད་དེ་ཞིབ་འབྲི་བྱེད་པ།
སྒྲུང་འདི་ཀློག་མཁན་དང་འདིར་དགའ་གུས་བྱེད་མཁན་གང་ལ་མཚོན་ན། ཆེས་གོ་དཀའ་བ་དང་ཆེས་ཡིད་ཅིག་ཅར་འཕྲོག་པ་ནི་སྒྲུང་གི་མཐོང་སྣེ་དུ་མ་སྤྱད་ནས་ཞིབ་འབྲི་བྱས་ཡོད་པའི་རྩོམ་འབྲིའི་ཐབས་རྩལ་དེ་ཡིན། སྒྲུང་གཏམ་འདི་ནི་པན་ཅེ་དང་ཁོན་ཏིན། ཅེ་ཧྲིན། ཏིས་ཨར་ཞི་བཅས་ཀྱི་མཐོང་སྣེ་མི་འདྲ་བ་བཞི་སྤྱད་ནས་ཞིབ་བརྗོད་ཀྱི་ཁམས་བསྐྱེད་ཡོད། ཚན་པ་བཞི་བ་ཁོ་ན་མ་གཏོགས་ལྷག་མའི་ཚན་པ་ཚང་མ་འབོད་པའི་ཐ་སྙད་དང་པོ་ང་སྤྱད་དེ་ཞིབ་འབྲི་བྱས་ཡོད་ཅིང་། སྒྲུང་གི་བྱུང་རིམ་ཞིབ་འབྲི་བྱེད་པའི་དུས་ཚོད་ཀྱི་སྔ་གཞུག་ནི་རིམ་པ་ལྟར་ག་ཀ་ཁ་ང་བཅས་ཀྱི་རྣམ་པ་སྤྱད་ཡོད་རྐྱེན། ཀློག་པའི་སྐབས་སུ་བྱུང་རིམ་གྱི་འཕེལ་སྟངས་ལ་བློ་རིག་ལྕགས་སྐུད་ལྟར་མ་སྒྲིམ་ན། སྒྲུང་གཏམ་ནང་གནས་ཀྱི་རྒྱུ་འབྲས་གཏན་ཚིགས་ཀྱི་ཆ་དེ་རྟོགས་དཀའ། རྩོམ་པ་པོས་ཁེ་ཏིས་དམིགས་བཀར་གྱིས་གླེང་མེད་པར་མ་ཟད། ཁོ་མོར་ཆེད་དུ་ཚན་པ་ཞིག་བཀོད་སྒྲིག་ཀྱང་བྱས་མེད་མོད། མི་སྣ་ཁེ་ཏིས་ནི་སྒྲུང་འདིའི་སྔ་ཕྱིའི་ཚན་པ་བཞི་བོ་སྦྲེལ་བྱེད་ཀྱི་ཐག་པ་ལྟ་བུ་ཡིན་པར་མ་ཟད། ཡན་གར་བའི་གཏམ་རྒྱུད་བཞི་བོའི་ནང་གནས་ཀྱི་རྒྱུ་འབྲས་གཏན་ཚིགས་གྲུབ་པར་བྱེད་པའི་རྒྱུ་རྐྱེན་རྨ་མེད་པ་དེའང་ཡིན། ང་ཚོའི་སྒྲུང་གཏམ་འདི་བཀླགས་པ་ན། མི་སྣ་ཁེ་ཏིས་ལྟེ་བ་བྱས་ནས་སྒྲུང་གི་ཚན་པ་བཞི་བོའི་བྱུང་རིམ་བཀྲམ་གྱིན་པ་རྟོགས་སླ། གླེན་པ་པན་ཅེ་ཡི་ཕྱིར་དྲན་མག་མོག་ཁྲོད་ཆེས་དྲན་སླ་ཞིང་མངོན་ཐེངས་མང་པའང་ཁོའི་ཨ་ཅེ་ཁེ་ཏིས་ཡིན་ལ། བུ་ཆེ་བ་ཁོན་ཏིན་གྱི་འཆི་རྐྱེན་གཙོ་བོའང་ཁེ་ཏིས་ཀྱིས་རང་ལུས་གཙང་མ་སྲུང་མ་ཐུབ་པའི་དོན་རྐྱེན་དེ་ཡིན་ཁར། ཁོ་རང་འཆི་ཁ་མར་ཞེ་ཐོགས་ས་དང་ཡིད་འཁྲེང་ས་གཅིག་པུའང་ནུ་མོ་ཁེ་ཏིས་རེད། དེ་མིན་ད་དུང་བུ་འབྲིང་བ་ཅེ་ཧྲིན་གྱི་ཆགས་སྡང་མང་པོ་ཞིག་ཀྱང་ཐད་ཀར་ཏེ་ཏིས་དང་འབྲེལ་ཡོད། ཅེ་ཧྲིན་གྱིས་རང་གི་ཨ་ཅེ་ལ་སྡང་སྡིག་ཚད་མེད་གཏོང་ཁར། ཁེ་ཏིས་ཀྱིས་རང་གི་བུ་མོ་ཁོན་ཏིན་སྐྱེས་ཡུལ་ནས་བསྐྱུར་ནས་གནས་སྒོ་འགྲིམས་པ་དེ། ཅེ་ཧྲིན་གྱིས་ལན་ཆགས་བུ་ལོན་ཆེན་པོ་ཞིག་ཏུ་བལྟས་ཡོད་པ་ལས་གཞན། ཁོའི་དངུལ་ཁང་གི་བྱ་བ་ལག་ནས་ཤོར་བའང་ཐད་ཀར་ཁེ་ཏིས་བཟའ་འཐོར་བརྒྱབས་པ་དང་འབྲེལ་ཆེ་སྟབས། ཅེ་ཧྲིན་གྱིས་ནམ་རྒྱུན་ཁེ་ཏིས་ནི་ཁྱིམ་ཚང་ཉམས་རྒུད་དུ་གཏོང་མཁན་དང་ཕུང་དཀྲུག་བྱེད་མཁན་གཏེ་བོ་ཞིག་ལ་བལྟས་ཡོད། འདི་ལྟར་ང་ཚོས་སྒྲུང་གཏམ་ཞིབ་ཀློག་གི་གོ་རིམ་ཁྲོད་ནས་ཤེས་རྟོགས་བྱུང་སླ་བ་ནི། མི་སྣ་ཁེ་ཏིས་ནི་རྩོམ་པ་པོས་བཞེད་པ་ནང་བཞིན། ཡུལ་དངོས་སུ་ཐོན་མེད་པའི་མི་སྣ་གཙོ་བོ་ཡིན་པ་དེ་རེད། མི་སྣ་ཁེ་ཏིས་ནི་གསོན་སྟོབས་ཀྱིས་ཁེངས་ཤིང་མ་འོངས་བར་རེ་ལྟོས་འཆང་མཁན་ཞིག་ཡིན་ཁར། རང་གི་ཞེ་འདོད་དང་མི་མཐུན་པའི་དོན་བྱ་ཇི་སྙེད་ལ་ཐད་ཀར་ཁ་གཏད་གཅོག་ཕོད་མཁན་ཞིག་ཀྱང་ཡིན་པར་མ་ཟད། ད་དུང་བྱམས་བརྩེ་དང་སྙིང་རྗེ། གཞན་ཕན་བཅས་ཀྱི་བསམ་པ་ཡོད་པའི་བུད་མེད་ཅིག་ཡིན་ནའང་། ཁོ་མོའི་རང་ལུས་གཙང་མ་སྲུང་མ་ཐུབ་པའི་དོན་བྱ་དེས་གཟོད་ཁྱིམ་མི་ཚང་མ་དོགས་འཚེར་དང་འཛེམ་ཟོམ་གྱི་གནས་སུ་བསྐྱལ། རྩོམ་པ་པོས་མི་སྣ་ཁེ་ཏིས་ལྟེ་བར་བཟུང་ནས། མཐོང་སྣེ་མི་འདྲ་བ་དུ་མ་སྤྱད་དེ་ཁྱིམ་རྒྱུད་ཀྱི་ཉམས་རྒུད་དུ་འགྲོ་བཞིན་པའི་བརྙན་རིས་བཀྲམ་སྟོན་བྱས་ཡོད་པས། ཚན་པ་བཞི་བོ་རང་ཡན་པ་ཡིན་ནའང་ནང་གནས་ཀྱི་རྒྱུ་འབྲས་གཏན་ཚིགས་ངེས་ཅན་གྲུབ་པར་བྱས་ཏེ། སྒྲིག་གཞི་རྙོག་འཛིང་ཆེ་ལ་ཚན་པ་བཞི་བོར་བང་རིམ་བཏོད་ཡོད་པས། སྒྲུང་གཏམ་བཀླགས་མ་ཐག་འབྲེལ་མེད་དོན་གཞན་ལྟ་བུར་སྣང་།
གཉིས། རྟོག་པ་འོག་འགྱུའི་སེམས་ཁམས་འབྲི་ཐབས།
སྒྲུང་གཏམ་འདིའི་སྒྱུ་རྩལ་མཚོན་ཐབས་ཀྱི་ཆ་ན་གླེང་རི་བ་གཞན་ཞིག་ཡོད་པ་ནི། རྟོག་པ་འོག་འགྱུའི་སེམས་ཁམས་ཞིབ་འབྲི་བྱེད་ཐབས(意识流写作)སྤྱད་པ་དོན་སྨིན་བྱུང་འདུག་པ་དེ་ཡིན། རྟོག་པ་འོག་འགྱུའི་འབྲི་ཐབས་ནི་སྔོན་ནས་དར་ཞིང་རྩོམ་པ་པོ་རྣམས་ཀྱིས་སྤྱད་མྱོང་ཡོད་ཀྱང་། སྒྲུང་འདིས་ཐབས་འདི་བཀོལ་ཚུལ་སྔར་མེད་གསར་གཏོད་ཀྱི་ཆ་ཆེན་པོ་ལྡན། རྒྱུ་མཚན། ཁང་ཕོའུ་ཧྲིན་ཁྱིམ་ཚང་གི་བྱིས་པ་གསུམ་པོའི་རིག་སྟོབས་ལ་དྲག་ཞན་གྱི་ཧེ་བག་ཆེ་ཁར། ཁོ་ཚོའི་རང་གཤིས་དང་ཆ་ལུགས་བསམ་སྦྱོར་སོགས་ཀྱང་དེ་བསྟུན་རྣམ་པ་སོ་སོ་བ་ཡིན་པས། པན་ཅེ་དང་ཁོན་ཏིན། ཅེ་ཧྲིན་བཅས་གསུམ་ཀའི་འོག་འགྱུའི་སེམས་ཁམས་མངོན་སྟངས་ཀྱང་ཁ་ཁ་ཡིན་ལ་རང་སོར་ཁྱད་ཆོས་ལྡན། བུ་གླེན་པ་པན་ཅེ་ལྟ་བུར་མཚོན་ནས་བཤད་ན། ཁོར་དུས་ཚོད་ཀྱི་འདུ་ཤེས་མེད་པ་དང་། སྔོན་ཆད་བྱུང་ཟིན་པའི་དོན་བྱ་མང་པོ་ཁོའི་ཀླད་པའི་ནང་དུ་གོ་རིམ་འཆོལ་བའི་ངང་མངོན་གྱིན་ཡོད། པན་ཅེ་ཡི་ཚན་པ་དེའི་ཁྲོད་དུ། རྩོམ་པ་པོས་པན་ཅེ་ཡི་འཕོ་སྟངས་གཅིག་ཏུ་མ་ངེས་པའི་འདས་མ་ད་གསུམ་གྱི་འདུ་ཤེས་བརྗེ་སྤོར་ཐེངས་བརྒྱ་ལྷག་ཞིབ་འབྲི་བྱས་ཡོད་ཅིང་། པན་ཅེ་ཡི་བསམ་གཞིག་གཏོང་སྟངས་དང་ཕྱིར་དྲན་བསྲིངས་ཐབས་ཚང་མ་སིལ་བུ་དང་ཐོར་བུ་ལྟ་བུ་ཡིན་པས། ཕྱིར་དྲན་གྱི་དུམ་བུ་དང་བསམ་གཞིག་གཏོང་སྟངས་སྔ་གཞུག་བར་བྱུང་རིམ་གཅིག་གྱུར་གྱི་ཆ་དང་རྒྱུ་འབྲས་གཏན་ཚིགས་ཀྱི་འབྲེལ་བ་ཆེར་མེད་པས་ན། རྩོམ་པ་པོས་སྟོང་ཆ་དེ་བསྐངས་ཆེད་མིག་ཤེས་དང་རྣ་ཤེས་ཀྱི་ཚོར་དབང་སྤྱད་དེ་ཁ་གསབ་ལྟ་བུ་བྱས་ཡོད། འདི་ནི་རྩོམ་པ་པོར་མཚོན་ན་དཀའ་ལས་ཆེན་པོ་ཞིག་དང་དོ་ཟླ་ཆེན་པོ་ཞིག་ག་ནས་མིན། རྩོམ་པ་པོས་ལན་རེར་ཡིག་འབྲུའི་ཆེ་ཆུང་བརྗེས་ནས་ཀློག་པ་པོར་གོ་བརྡ་སྤྲད་ཡོད་ཅིང་། ལན་རེར་གླེན་པའི་ཕྱིར་དྲན་སིལ་བུ་འགའི་ཕྲེང་རྒྱུན་གཅོད་མ་ནུས་པར། ཚིག་གི་གཅོད་མཚམས་མི་གསལ་ལ་གོང་འོག་གོ་རིམ་གྱི་རྒྱ་འཁྲུག་པ། ཀློག་པའི་མོད་ལ་ཚིག་གི་མགོ་སྔ་བདེ་ལེགས་ངང་མཐུད་དཀའ་བ་བཅས་སུ་བཏང་འདུག འབྲི་ཐབས་དེས་སྨྱོན་པ་མང་པོ་གནས་གཅིག་ཏུ་འདུས་ནས་མཚམས་ངེས་མེད་དུ་ཁེར་ལབ་བྱེད་པ་ལྟ་བུའི་ཚོར་བ་ཅིག་ཅར་སྟེར་ལ། དེ་ནི་འགྲོས་དལ་ལ་བབ་ལྕི་བའི་མཉམ་སྒྲོག་རོལ་མོ་ཞིག་དང་འདྲ་བར། སྒྲུང་གཏམ་གྱི་ཚན་པ་བཞི་བོའི་བརྗོད་དོན་དབྱངས་སུ་གྱེར་བཞིན་པ་དང་མཚུངས། མི་སྣའི་འདས་པ་དང་ད་ལྟ་བ་གཉིས་དུས་ཡུན་སྐད་ཅིག་མ་གཅིག་གི་ཁྲོད་མཉམ་དུ་མངོན་པ་མ་ཟད། ཁོའི་བྱིས་དུས་དང་གཞོན་དུས་གཉིས་དུས་ཚོད་གཅིག་གི་སྟེང་གནས་པར་བྱས་ཡོད། དངོས་ཡོད་དང་ཕྱིར་དྲན་གཉིས་དུས་ཚོད་གཅིག་གི་ཕྲག་པ་གཡས་གཡོན་ནས་རེས་གསལ་རེས་མངོན། དེ་ནི་སྒྲུང་གཏམ་གྱི་ཚན་པ་དང་པོའི་ནང་བཀོད་པའི། རྨོ་མོ་ཤི་བའི་ཉིན་དེར་ཁེ་ཏིས་སྡོང་མགོར་འགོས་ནས་བེམ་པོར་ལྐོག་ལྟ་བྱས་པའི་དོན་དག་དེས། པན་ཅེ་ཡི་དྲན་པ་སིལ་བུ་འགར་བཏང་ཡོད་ལ། དུས་ཚོད་ཀྱི་སྔ་ཕྱིའི་གོ་རིམ་ལྟར་དོན་རྐྱེན་དེར་དྲན་ཤེས་ཚུལ་བཞིན་བསྟེན་ཐུབ་པ་ལྟ་བུས་མངོན་པར་མཚོན་ཡོད། བུ་ཆེ་བ་ནི་གླེན་པ་པན་ཅེ་དང་བསྡུར་ན་མི་རྒྱུན་ལྡན་ཞིག་ཡིན་པས། ཁོའི་བསམ་གཞིག་གཏོང་སྟངས་དང་ནང་སེམས་ཀྱི་རྟོག་སྣང་ལ་གཏན་ཚིགས་ཀྱི་ཆ་ལྡན་དགོས་ནའང་། ཁོ་རང་ཤི་མ་བརྒྱབ་པའི་སྔ་རོལ་དུ་བསམ་བློ་ཉམས་རྒུད་དུ་ཕྱིན་ལ་འཚོ་བར་རེ་ལྟོས་ཡོངས་སུ་ཟད་པར་བརྟེན། ཁོའི་ཕྱིར་དྲན་ཡང་པན་ཅེ་ནང་བཞིན་ཡམ་ཡོམ་ངེས་མེད་ལྟ་བུར་སྣང་། ནུ་མོ་ཁེ་ཏིས་ཀྱི་རང་ལུས་གཙང་མ་ཤོར་བའི་མཚན་མོ་དེའི་རྣམ་པ་གཅིག་མིན་དུ་མར་ཁོའི་དྲན་ངོགས་སུ་འཆར་སྟབས། ཕྱིར་དྲན་གྱི་གཏིང་མཐའ་དཔོག་དཀའ་བ་མཚོན་སླད། རྩོམ་པ་པོས་ཚིག་དུམ་རེ་རེ་དང་རང་བྱུང་ཚན་པ་རེ་རེ་ཞིབ་འབྲི་བྱས་པ་ཧ་ལས་པའི་ཚོད་དུ་སྣང་། རྩོམ་པ་པོས་བསམ་བློ་རྒྱུན་ལྡན་མིན་པའི་མི་སྣ་འདི་དག་གི་ཁོང་ཁྲོ་དང་རེ་ཆད། སྐྱོ་དུབ། ཕྲག་དོག འཁོན་སེམས། བྱམས་བརྩེ། བརྩེ་བ་བཅས་སྣོལ་མར་གསོན་གཟུགས་བཞིན་མཚོན་ཆེད། ཚིག་གི་གཅོད་མཚམས་ཀྱི་ཤད་ཚང་མ་དོར་ཡོད། དེས་ཚོར་བ་དང་ཕྱིར་དྲན་གྱི་མུ་མི་གཅོད་པར་རྟོག་ལྗོངས་ཆེན་པོ་ཞིག་བསྐྲུན་འདུག
གསུམ། ལྷ་སྒྲུང་གི་འབྲི་ཐབས་སྤྱད་པ།
སྒྲུང་གཏམ་འདིར་རྩོམ་པ་པོས་ལྷ་སྒྲུང་གི་ཐབས་སྤྱད་པར་ཐུན་མིན་ཁྱད་གཤིས་མངའ། སྒྲུང་གཏམ་གྱི་ཚན་པ་བཞི་བོའི་ཁ་བྱང་གི་ཚེས་གྲངས་ནི་ཏག་ཏག་རིམ་པ་བཞིན། ཡེ་ཤུ་སྡུག་བསྔལ་གྱིས་མནར་བའི་ཉིན་མོ་དང་ཡེ་ཤུས་རང་ལུས་དོར་བའི་ཉིན་མོ། འདས་ལོག་དུས་ཆེན་གྱི་སྔ་ནུབ། འདས་ལོག་དུས་ཆེན་བཅས་རེད། སྒྲུང་གཏམ་ལ་དེ་ལྟར་ཚེས་གྲངས་བཀོད་སྒྲིག་བྱས་པར་དམིགས་བསལ་གྱི་དོན་སྙིང་ངེས་ཅན་ལྡན་ཡོད་དེ། སྤྱིར་ན་པན་ཅེ་གླེན་པ་ཁ་ནག་ཅིག་ཡིན་རུང་། ཁོར་རྒྱུན་ལྡན་གྱི་མི་ལ་མེད་པའི་སྣའི་ཚོར་དབང་སྐྱེན་པོ་ཞིག་ཡོད་ལ། དེ་ནི་ཁོས་ནམ་རྒྱུན་ཨ་ཅེ་ཡི་ལུས་སྟེང་ན་རྒྱུ་བའི་ཆར་བ་འབབ་མཚམས་བཞག་མ་ཐག ནགས་ཀློང་དཀྱིལ་ནས་ལྡང་འོང་བའི་ལྗོན་ཤིང་གི་དྲི་མ་དང་ཀུན་ནས་མཚུངས་པའི་ལུས་དྲི་ཞིམ་པོ་དེ་ཚོར་གྱིན་ཡོད། ཁེ་ཏིས་ཀྱི་རང་ལུས་གཙང་མ་ཤོར་བ་དང་བསྟུན་ནས་ལུས་དྲི་ཞིམ་པོ་དེའང་ཁོའི་སྣ་ལམ་ནས་གཏན་དུ་བོར་སོང་བ་རེད། ཚན་པ་དང་པོའི་ནང་པན་ཅེ་ལོ་སོ་གསུམ་ལ་བུད་པར་སྐྱེས་སྐར་རོལ་བ་བྲིས་ཡོད་ཅིང་། དེ་ནི་སྟོན་པ་ཡེ་ཤུ་སྡུག་བསྔལ་གྱིས་མནར་བའི་ལོ་ཚོད་དང་གཅིག་ཏུ་འཁེལ་འདུག བུ་ཆེ་བ་ཁོན་ཏིན་གྱིས་ཁྱིམ་རྒྱུད་ཉམས་པ་སླར་གསོ་དང་ནུ་མོ་སྡུག་བསྔལ་ལས་སྐྱོབ་འདོད་ནའང་། མཐར་རང་ཤི་བརྒྱབས། ཁོས་རང་ཉིད་ཀྱི་ཤ་ཁྲག་གདོས་བཅས་ཀྱི་ཕུང་བོ་དང་ཚེ་སྲོག་བློས་བཏང་ནའང་། སྲོལ་རྒྱུན་གྱི་ཉམས་རྒུད་ཆེན་མོ་དེ་སྐྱོབ་ཐབས་བྲལ། ཚན་པ་གཉིས་པའི་ཚེས་གྲངས་ཀྱང་ཏག་ཏག་ཡེ་ཤུས་རང་ལུས་དོར་བའི་ཉིན་མོར་འཁེལ་འདུག ཡེ་ཤུའི་ཆོས་ལུགས་ལྟར་ན་འདས་ལོག་དུས་ཆེན་གྱི་སྔ་ནུབ་ནི་མིའི་རིགས་སྐྱོབ་པའི་ཉིན་མོ་ཞིག་ཡིན་ལ། ཆེས་མུན་ནག་གི་ཉིན་མོ་ཞིག་ཀྱང་ཡིན། སྒྲུང་གཏམ་གྱི་ཚན་པ་གསུམ་པར་མི་ཆོས་ཀུན་སྤྱོད་ཉམས་པའི་ཅེ་ཧྲིན་གྱིས། རང་གི་ཁེ་ཕན་ཉི་ཚེ་བའི་ཆེད་དུ། སྡང་འཁོན་བཅངས་ནས་རང་གི་ཚ་མོའི་རྗེས་སུ་ར་མདར་སོང་། སྒྲུང་གཏམ་གྱི་ཚན་པ་བཞི་བར་ཁྱིམ་གཡོག་མ་ཏིས་ཨར་ཞི་ཡིས་གླེན་པ་པན་ཅི་དང་ཁྱིམ་མི་གཞན་དག་ཆོས་ཁང་དུ་སྐྱབས་འཇུག་ཞུ་བར་འཁྲིད། ཚན་པ་བཞི་བའི་ཁ་བྱང་གི་ཚེས་གྲངས་ཀྱང་ཏག་ཏག་འདས་ལོག་དུས་ཆེན་གྱི་ཉིན་མོ་དང་འཁེལ་ཡོད། རྩོམ་པ་པོས་ལྷ་སྒྲུང་གི་འབྲི་ཐབས་འདི་སྤྱད་དེ། བརྩམས་ཆོས་འདིའི་སྒྱུ་རྩལ་གྱི་རིན་ཐང་བླ་ནས་བླར་བསྟད་ཡོད་པ་ཕུད། རྩོམ་པ་པོས་མིའི་རིགས་ཀྱི་བསམ་བློའི་འཚོ་བ་དང་ཕུགས་བསམ་ལ་ཡིད་སེམས་འཁེན་ས་ཞིག་ཀྱང་གསར་བཞེངས་བྱས་ཡོད་པར་སུ་ཡིས་བསྙོན་འདིང་ཐུབ།
བཞི་བ། མཇུག་བསྡུ་བ།
ཨ་རིའི་རྩོམ་རིག་མཐའ་དཔྱོད་པ་གྲགས་ཅན་ཞིག་གིས་བརྩམས་ཆོས་འདི་ལ། རྡོག་ལམ་རྨང་ནས་བོར་ཚར་བའི་དེང་རབས་ཅན་གྱི་མིའི་ལྷ་སྒྲུང་ཞེས་དོན་མཐུན་གདེང་འཇོག་བྱས་པ་དང་། རྩོམ་མཁན་གྲགས་ཅན་དང་མཚན་ཉིད་རིག་སྨྲ་བ་ཆེན་མོ་ས་ཐི་ལགས་ཀྱིས་ཀྱང་། བརྩམས་ཆོས་འདིར་གདེང་འཇོག་བྱས་ཡོད་པ་ནི། ཧྥུའུ་ཁུ་ནཱའི་སྨྱུག་འོག་གི་མི་སྣ་འདི་དག་ནི། ཤར་རྒྱུགས་བྱེད་ཀྱིན་པའི་རླངས་འཁོར་གྱི་གཞུག་སྟེགས་སྟེང་ཁ་ཕྱིར་འཁོར་ནས་བཙོག་ཡོད་པ་ནང་བཞིན། ཐད་སོར་བལྟས་ན་མདུན་དུ་འགྲོ་བཞིན་ཡོད་སྣང་སྟེར་ནའང་། འོན་ཀྱང་ཁོ་ཚོའི་མཐོང་ཐུབ་པ་ནི་ཡུད་ཙམ་ཡུད་ཙམ་ལ་ཡལ་བཞིན་པའི་དུས་འདས་པ་ཡིན་ལ། འདས་པའི་སྐད་ཅིག་མ་དེ་དག་ཀྱང་ཁོ་ཚོའི་ཕྱི་རྗེས་སུ་ནུབ་ནས་མི་སྣང་བར་གྱུར་གྱིན་ཡོད་ཅེས་གཟུར་གནས་དཔྱད་པ་གནང་འདུག་པ་དེས། ཨ་རིའི་ལྷོ་ཕྱོགས་ཀྱི་དུས་ཚོད་འདུ་ཤེས་གསལ་སྟོན་བྱས་ཡོད་ལ། ཁྱད་དོན་ས་ཕྱོགས་དེའི་མི་རྣམས་འདས་སོང་གི་གཟི་བརྗིད་དང་ཁ་སང་གི་འོད་སྟོང་འབར་བའི་གྲུབ་འབྲས་ཁྲོད་བཟི་འཐོམས་བྱུང་ནས་ཕྱིར་འབུད་ཁག་པའི་གནས་སྟངས་མཚོན་ཁར།མི་དེ་དག་གིས་དུས་རབས་གསར་བར་གདོང་གཏོད་མི་ཕོད་པའི་གནས་བབ་ཀྱང་ཞོར་ལ་མཚོན་ཡོད། ང་ཚོས་《འུར་ཆོམ་དང་འཁྲུག་ཟིང་》ཞེས་པའི་བརྩམས་སྒྲུང་འདི་ལས། རྩོམ་པ་པོའི་འཚོ་བ་དང་སྤྱི་ཚོགས། ལོ་རྒྱུས་བཅས་ཀྱི་མཐིལ་བརྟོལ་ནུས་པའི་ངོས་ཟིན་ཟབ་མོ་དང་། དེ་དག་ཚད་མཐོན་པོའི་སྒོ་ནས་གཅིག་སྡུད་བྱེད་ཐུབ་པའི་ནུས་པ་བླ་ལྷག་གིས་ཚོར་ཐུབ། རྩོམ་རིག་ལ་ཐུགས་མཉེས་ཆེན་པོ་ཡོད་མཁན་ཞིག་དང་ཁྱད་དོན་སྒྲུང་གཏམ་གསར་རྩོམ་ལ་མི་ལྡོག་པའི་དད་པ་འཆང་མཁན་ཞིག་ཡིན་ན། སྒྲུང་གཏམ་ཁྲོད་ཀྱི་སྐད་ཆའི་སྒྱུ་རྩལ་དང་རྩོམ་འབྲིའི་ཐབས་རྩལ་ལ་ཅིས་ཀྱང་ཞིབ་གཟིགས་གནང་རྒྱུར་རེ་སྐུལ་ཞུ་གི་ཡིན་ལ། སྒྲུང་གཏམ་འདི་ཀློག་པའི་གོ་རིམ་ཁྲོད་དུ། ཉི་མ་དང་གྲིབ་གཟུགས་བར་གྱི་འབྲེལ་བའི་ཞིབ་འབྲི་དང་། དུས་ཚོད་ཀྱི་ཞིབ་འབྲི། མི་སྣའི་ཁེར་རྐྱང་གི་སེམས་ཁམས་འབྲི་བཞེངས་བྱེད་ཐབས་བཅས་ནི་ང་ལ་མཚོན་ན་ཆེས་དང་བ་འཕེལ་ས་ཉག་གཅིག་ཏུ་འཁུམ། པེ་ཅེན་སློབ་ཆེན་གྱི་དེང་རབས་རྩོམ་རིག་སྨྲ་བ་བོའུ་ཞོ་ཏུང་གིས། དེང་རབས་སྒྲུང་གཏམ་ཀློག་པ་ནི་གཟབ་ནན་དང་ཞིབ་ཀློག་ཅན་གྱི་གོ་རིམ་ཞིག་ཡིན་ཞེས་གསུང་བ་ནང་བཞིན། བདག་གིས་སྒྲུང་འདི་ཀློག་འགྲེལ་དང་སྦྲགས་ནས་ཐེངས་བཞི་ལ་ཚིག་རིས་ནག་འདེད་བྱས་ནས་བཀླགས་པ་ཡིན་ལ། སྒྲུང་གཏམ་རང་ངོས་ན་མཆན་བུ་མང་དུ་བཏབ་ཡོད་ཀྱང་། བཀླགས་པའི་གོ་རིམ་ཁྲོད་འཕྲད་པའི་དཀའ་ངལ་ཆེ་ཤོས་ནི་གོ་དཀའ་བ་དེ་རེད། འདང་བརྒྱབ་ན་རང་ལ་ཁག་མེད་སྙམ། རྒྱུ་མཚན་ཀློག་མཁན་ང་ནི་སྒྲུང་ནང་གི་མི་སྣ་དག་དང་མི་འདྲ་བར། རྒྱུན་ལྡན་གྱི་མི་ཞིག་ཡིན་པས། དབང་བོ་རྒྱུན་ལྡན་པ་ཞིག་གིས་གླེན་པ་དང་བསམ་བློར་གས་ཁ་ཤོར་ཡོད་པའི་མི། སྒེར་སེམས་ཀྱིས་མིག་ཟུང་རྨང་ནས་བསྒྲིབས་ཡོད་པའི་མི་སྣ་བཅས་ཀྱི་ནང་བསམ་བློ་དང་འཆར་སྒོའི་གཏན་ཚིགས་ཇི་བཞིན་རྟོགས་ག་ལ་ཐུབ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།