ལྷམ་ཀོག་གི་སྙན་ངག《ཁྱེད》 ཅེས་པའི་ཕྲན་དཔྱད།
ཁྱེད།
ལྷམ་ཀོག
རྡོ་ཡིས་གཅུར་བའི་མཛུབ་ཁྲག་གིས
ཡུན་རིང་ལ་ཁྱེད་ཀྱི་ཁ་ངོ་བྲིས་ཤིང
སྨིན་མ་འབྲི་སྐབས་ཀྱི་སེམས་ངལ་དེས
ཐ་སྙད་ཀུན་ཞིག་ཅིང
གནམ་ས་གཉིས་ཀྱང་རལ་བའི་ཤུལ་ཏུ
ཁྱེད་ལ་ཅི་ཞིག་ལྷག་ཡོད
སྟོང་པ རྟེན་འབྲེལ
ཡང་ན་གཞི་ནས་ངོ་ཤེས་པའི་སྐར་མ་དག་གིས
འཆོར་སྒེག་དང་ཉམས་ཉེས་སྒོ་མོ་ཡོད་ཚད་ཕྱེས་འདུག་ཨང
ཕྲན་དཔྱད། སྒྲེན་པོ།
སྙན་ངག་གིས་སྐད་ཆ་སྨྱན་བྱེད་ཡིན་པའི་རྩོམ་རིག་སྒྱུ་རྩལ་ཡོད་དོ་ཅོག་གི་ཁྲོད་ཏོག་དང་རྒྱལ་མཚན། སྤྲིས་མ་བཅས་ཀྱི་གོ་གནས་བཟུང་ཡོད། དེ་ལྟར་ཡིན་དོན་ཡང་། སྙན་ངག་ཡིན་ན་ཚིག་ཉུང་དོན་འདུས་ཀྱི་སྒོ་ནས་རྣམ་ཤེས་དང་ཀུན་གཞིའི་ཟབ་སར་ངར་བླུད་དེ་མི་སེམས་ཀྱི་སྣང་བ་ཏུར་ཏུར་བོ་བསྐྱེད་པར་བྱེད་ཅིང་། བག་ལ་ཞ་ཡུན་རིང་བའི་དགའ་སྐྱོ་ཆགས་སྡང་གང་ཡིན་ལ་ཟ་འཕྲུག་བསླངས་ཏེ་ཡ་ཆུང་ཁོག་གི་ཀ་ཤེད་ཅིག་ནས་ཚོར་བའི་ཆུ་མོ་ཤང་ཤང་བརྡོལ་བར་བྱེད། སྣང་ལ་མ་ངེས་ཤིང་འཛིན་དུ་མི་རུང་བའི་འདུ་ཤེས་ཀྱི་འགྱུ་སྟངས་ཅི་རིགས་ཡིད་ཡུལ་ཅན་དུ་བྱས་པའི་ཐ་སྙད་ཀྱི་ཚོགས་པ་མང་པོས་ཀློག་མཁན་གྱི་དབང་བོ་ལྔའི་སྤྱོད་ཡུལ་དུ། འཚུབ་འཚུབ་འཁྱུག་པའི་གློག་ཞགས་དང་འུར་འུར་ཏུ་སྒྲོག་པའི་འབྲུག་སྒྲ ལང་ལོང་དུ་འགྲིལ་བའི་རྦབ་རྒོད། གྲོག་མར་བརྡལ་བའི་གྲམ་ཐང་བཅས་དུས་ཡུན་ཐུང་ངུ་ཞིག་གི་ནང་གཟུགས་ཅན་བཞིན་དུ་འདྲེན་ཐུབ། སྙན་ངག་ལེགས་པོ་ཞིག་ཡིན་ན་རྗོད་བྱེད་ཀྱི་ཚིག་ལ་ནེམ་ཤ་དང་ལྡེམ་རྐྱོང་གི་ཤས་ཆེ་བ། བརྗོད་བྱ་གཅིག་སྡུད་ཡིན་ལ་སྙན་ངག་གི་སྒྲིག་གཞི་ཚགས་དམ་པ། སྙན་ངག་གི་མཛེས་ཚོར་ནམ་མཁའི་གར་ཁྱབ་ཀྱི་སར་འཐུལ་ཞིང་སིམ་ཡོད་པའི་བདག་ཉིད་ཅན་ཞིག་ཡིན་དགོས་སྟབས། སྙན་ངག་ལེགས་པོ་ཞིག་འཁྱོངས་དགོས་ན་འཆར་སྒོ་ཡངས་ཤིང་རང་བཞིན་གྱིས་གྲུབ་པའི་སྤོབས་པ་མཁོ་ངེས་པ་ལས་གཞན། ད་དུང་འཚོ་བའི་མྱོང་གོམས་ཕུན་སུམ་ཚོགས་པ་ཞིག་དང་དངོས་པོའི་གཤིས་ལུགས་ལ་ཞིབ་ལྟ་བྱེད་ནུས་པའི་མིག་ཟུང་རྣོ་སིང་ངེ་བ་ཞིག ཚིག་གི་གྲུབ་གྲོལ་དང་ཐ་སྙད་ཀྱི་ཞུན་བརྡར་ལ་བྱང་ཆ་ཆེན་པོ་ཡོད་དགོས་པ་ནི་རྨང་གདན་ལྟ་བུ་རེད་སྙམ།
སྙན་ངག་འདི་ཐེངས་གཅིག་བཀླགས་པ་ཙམ་གྱིས་ཚིག་རིས་ཀྱི་བསྟན་དོན་བཀག་མེད་བདེ་ལེགས་ངང་རྟོགས་སླ་བོ་ཡོད་ལ། དེ་ནི་ང་ཚོའི་རིག་གནས་ཀྱི་རྟེན་ཕུར་དུ་གྱུར་བའི་སྟོང་བ་དང་རྟེན་འབྲེལ། འདུས་བྱས་མི་རྟག་པ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་བཅས་ཡིན། སྙན་ངག་པས་ཁྱེད་ཅེས་པའི་གང་ཟག་ཅིག་གི་ལུས་རྟེན་གཡར་ནས་ང་ཚོར་འཁོར་བ་ཁབ་ཀྱི་རྩེ་མོ་ན་བདེ་བ་སྐད་ཅིག་ཡོད་མི་སྲིད་པའི་གནས་ལུགས་འཆད་ཀྱིན་ཡོད་ནའང་། ང་ཚོར་མཚོན་ན་ཕལ་རྐྱང་དུ་ཆགས་པའི་གནས་ལུགས་དེ་ཁོས་བརྡ་དོན་གྱི་རྣམ་པས་མ་བཤད་པར། ༼རྡོ་ཡིས་གཅུར་བའི་མཛུབ་ཁྲག་གིས་ཡུན་རིང་ལ་ཁྱེད་ཀྱི་ཁ་ངོ་ཡང་ཡང་བྲིས་ཤིང་། སྨིན་མ་འབྲི་སྐབས་ཀྱི་སེམས་ངལ་དེས་ཐ་སྙད་དང་འཇིག་རྟེན་གྱི་ཆོས་ཉིད་ཀུན་ཞིག་ཅིང་སྟོངས་དུ་བཅུག༽ཅེས་ཡིད་གཟུགས་དང་སྣང་བརྙན་ཅན་གྱི་སྐད་ཆས་ང་ཚོར་གནས་ལུགས་འཆད་པའི་ཞོར་ནས་མཛེས་སྣང་ཟད་མཐའ་མེད་པ་ཞིག་བསྐྲུན་ཡོད། རྡོ་ཡིས་གཅུར་ཟིན་པའི་ཁྲག་དམར་འཛར་འཛར་གྱི་ལག་ཟུང་དེས་ཅི་ཞིག་མཚོན་གྱིན་ཡོད་དམ། འཁོར་བའི་ཉེས་དམིགས་སམ་ཡང་ན་སྡུག་བསྔལ་སྐྱེད་བྱེད་ཀྱི་ལུས་རྟེན་གཉིས་ལས་གང་རུང་ཞིག་སྟོན་གྱིན་ཡོད་དམ། ཁ་ངོ་དང་སྨིན་མ་འབྲི་སྐབས་རྒྱུན་ཆས་སུ་མངའ་བའི་སེམས་ངལ་དེས་ཐ་སྙད་དང་ཆོས་ཉིད་ཀུན་ཞིག་བཞིན་ཡོད་ཅེས་ང་ཚོ་ཤེས་མེད་ཚོར་མེད་ངང་བསམ་གཞིག་གི་ཀློང་ཡངས་སར་འཁྲིད་ཀྱིན་ཡོད་པར་མ་ཟད། མཚོན་དོན་ཅན་དུ་བྱས་པའི་གནས་ལུགས་དེ་རྟོགས་འདོད་ཀྱི་བློས་ང་ཚོ་ཁྲོན་པ་ཞབས་མེད་ཅིག་གི་ནང་དུ་བཅུག དེ་མིན་ད་དུང་རྟིང་སྣོན་གྱི་ཚུལ་དུ་གནམ་ས་གཉིས་ཀྱང་རལ་བའི་ཤུལ་ཏུ་ཁྱེད་ལ་དོན་དམ་ཅི་ཞིག་ལྷག་ཡོད་ཅེས་གདམས་གསེས་རང་བཞིན་གྱི་འདྲི་རྟགས་འཕངས་འདུག་སྟེ། ཤུལ་ཏུ་ལུས་ཡོད་པ་ནི་སྟོང་བ་དང་རྟེན་འབྲེལ་ཡིན་སྲིད་ལ། ༼ཡང་ན་ངོ་ཤེས་པའི་སྐར་མ་དག་གིས འཆོར་སྒེག་དང་ཉམས་ཉེས་ཀྱི་སྒོ་མོ་ཡོད་ཚད་ཕྱེས་འདུག་ཨང༽ཞེས་སྙན་ངག་པ་རང་གི་མྱོང་གོམས་དང་སྐད་ཅིག་མའི་ཚོར་བ་གང་རུང་ལས་གྲུབ་པའི་སེམས་བྱུང་ཞིག་ལ་གཞི་བཅོལ་ནས་སྙན་ངག་འདིའི་མཇུག་གྲུབ་པར་བྱས་ཡོད། ངོ་ཤེས་པའི་སྐར་མ་དག་གིས་འཆོར་སྒེག་དང་ཉམས་ཉེས་ཅི་རིགས་སྟོན་གྱིན་ཡོད་ཅེས་བྲིས་པའི་ཤུགས་ལ་བདག་འཛིན་གྱིས་མ་བཏང་བའི་འཇིག་རྟེན་ཆོས་བརྒྱད་ཀྱི་སྣང་བ་དེ་བསྟན་པ་ཡིན་ནམ། གང་ལྟར་གཅིག་རྟིང་གཅིག་གིས་ནོན་པའི་ཚོར་བ་འཕྱུར་སྟངས་དང་བསམ་གཞིག་གི་རྣོ་ཁ་སྤྲོད་སྟངས། ཆགས་སྡང་གི་གཏན་ཚིགས་བཅས་ཀྱིས(情感逻辑)སྙན་ངག་འདི་གུ་ཟོར་ཡངས་མོ་ཅན་དུ་བྱས་འདུག ངས་བསམ་ན་སྙན་ངག་འདིའི་གཟི་འོད་ལམ་ལམ་འཕྲོ་སའང་མཇུག་བསྡུ་སྟངས་འདི་ཡིན་པར་སེམས།
སྤྱིར་ན་ལས་དང་ཉོན་མོངས་ཀྱི་དབང་གིས་ང་ཚོ་འཁོར་བ་ནས་འཁོར་བར་འཁྱམས་ཤིང་། དེའི་གཉེན་པོར་རྟེན་འབྲེལ་ཡན་ལག་བཅུ་གཉིས་དང་འདུས་བྱས་ཐམས་ཅད་མི་རྟག་པ། དོན་དམ་བདེན་པ་སོགས་བརྗོད་བྱ་ཡིན་པའི་ནང་ཆོས་ཀྱི་གནས་ལུགས་མང་པོ་འཆད་མྱོང་ཡོད་ནའང་། ནང་ཆོས་ཀྱི་བསྟན་དོན་འདི་ཀོ་བརྡ་དོན་གྱིས་བཀྲལ་བ་དང་སྙན་ངག་གི་ལམ་ནས་མངོན་པ་གཉིས་རྦད་དེ་ཁ་ཁ་ཡིན། སྔ་མ་ནི་བརྡ་དོན་དང་གཏན་ཚིགས་ཀྱི་ལམ་ནས་གནས་ལུགས་སྟོན་ཚུལ་ཡིན་ལ། ཕྱི་མ་ནི་ཡིད་གཟུགས་དང་སྣང་བརྙན་གྱི་སྐད་ཆས་གནས་ལུགས་ཀེར་སྟངས་ཡིན། མཚན་ཉིད་རིག་པ་དང་ཆོས་ལུགས་ཀྱི་ཚིག་རིས་ཅི་ཙམ་ཞིབ་ན་མཐར་ཐུག་གི་གནས་ལུགས་དང་དངོས་པོའི་གཤིས་ལུགས་ལ་ཐག་དེ་ཙམ་གྱིས་ཇེ་ཉེར་འགྲོ་བཞིན་ཡོད་ཅིང་། སྙན་ངག་གི་ཚིག་རིས་ཀྱིས་བྱེ་བྲག་གི་དངོས་པོའི་རང་བཞིན་ཅི་ཙམ་བཟུང་བ་དེ་ཙམ་གྱིས་བདེན་དགེ་མཛེས་གསུམ་གྱི་བླ་གནས་དང་དམ་དུ་འབྲེལ་ཐུབ་ཀྱིན་ཡོད། དེ་བས། སྙན་ངག་པ་ནི་མིའི་རིགས་ཀྱི་དབང་བོའི་བྱེད་པོ་ཡིན་ལ་མཚན་ཉིད་སྨྲ་བ་དང་ཆོས་ལུགས་པ། ཚན་རིག་པ་བཅས་ནི་མིའི་ཤེས་རབ་ཀྱི་བདག་པོ་ཡིན་པ་བསྙོན་དུ་མེད།
ང་རང་གི་སྣང་ངོར་སྙན་ངག་འདི་ནི་ཚོར་བའི་ཆུ་མོ་ཡིད་སེམས་ཀྱི་རགས་ལས་ཤོར་བ་ལྟ་བའི་དུངས་བརྗོད་ཅན་ཞིག་མ་ཡིན་པར། བརྡ་དོན(概念)དང་ཡིད་གཟུགས་གཉིས་བསྲེས་ནས་འཁོར་བའི་ཉེས་དམིགས་དང་མཐར་ཐུག་གི་བདེན་པ་སྟོན་པའི་མཚན་ཉིད་རིག་པའི་སྙན་ངག་ཅིག་ཏུ་འདོད། ཆོས་ལུགས་ཀྱི་བརྡ་དོན་དེ་དག་ཡིད་གཟུགས་དང་སྣང་བརྙན་བརྒྱུད་ནས་མངོན་པ་ན་གཞི་ནས་མིའི་བསམ་གཞིག་གི་ཁྱབ་ཁོངས་ཉིད་གཏན་ཚིགས་ཀྱིས་གཅུན་ཚ་བའི་ལྐོག་གྱུར་གྱི་ཤེས་པ་ཙམ་མ་ཡིན་པར་ཀུན་རྟོག་འགྱུ་ཤུགས་(想象力)ཀྱིས་ཉིང་མཚམས་སྦྱར་བ་ལས་གྲུབ་པའི་སྣང་བརྙན་གྱི་མངོན་སྟངས་སུ་འཕོས་པ་རེད། ཆོས་ལུགས་ཀྱི་བརྡ་དོན་འདི་དག་གིས་མིའི་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་ཆ་ཚང་བའི་ངང་སྟོན་མི་ནུས་སྙམ། གནད་འདི་ཡང་སྙན་ངག་འདིའི་བཟང་ཆ་ཆེ་གྲས་ཤིག་ཡིན་པར་སེམས་ལ། སྙན་ངག་པའི་འོས་འགན་ནི་མིག་གིས་མཐོང་ཐབས་བྲལ་བའི་ལྐོག་གྱུར་གྱི་བརྡ་དོན་ཏེ། དཔེར་ན། ལྷ་ཡུལ་དང་དམྱལ་བ། ཡུན་བརྟན། འཇིག་རྟེན་བྱེད་པོ། འཁོར་བ་སོགས་མིའི་དབང་བོའི་སྤྱོད་བྱར་འཕོ་རུ་འཇུག་རྒྱུ་དེ་ཡིན། དེ་བས་སྒྱུ་རྩལ་དང་ཆོས་ལུགས། མཚན་ཉིད་རིག་པ་གསུམ་ཀ་ནི་ཕྱི་རོལ་བྱ་དངོས་ལ་ངོས་འཛིན་བྱེད་སྤྱད་ཀྱི་བསམ་གཞིག་གཏོང་སྟངས་མི་འདྲ་བ་རེ་རེ་ཡིན་པ་གོང་གི་སྙན་ངག་འདིས་ར་སྤྲད་ཡོད། སྙན་ངག་པས་སྣང་བརྙན་དང་ཡིད་གཟུགས་ཀྱི་སྐད་ཆར་བརྟེན་ནས་མནོ་བསམ་གཏོང་ལ། དེས་བདེན་པ་སྒྲུབ་ཀྱིན་མེད་པར་བདེན་པའི་མངོན་སྟངས་ལ་འབད་ཀྱིན་ཡོད། སྙན་ངག་འདིའི་ཐུན་མིན་གྱི་ཁྱད་ཆོས་གཅིག་ནི་ཡིད་གཟུགས་འཁེན་ཡུལ་གྱི་དངོས་པོར་སྒྲོ་འདོགས་སྒོས་ཀུན་རྟོག་རང་བཞིན་དང་བརྡ་དོན་གྱིས་ཕྱུག་པའི་སྤྱིའི་རང་བཞིན་གཉིས་མཐུན་འཇུག་ཡག་པོ་ཡོང་ཡོད་པ་དེ་རེད་འདོད།
འཁོར་བའི་ཉེས་དམིགས་དང་འཇིག་རྟེན་ཆོས་བརྒྱད། རྟེན་འབྲེལ་དང་ལས་ཉོན། སྟོང་བ་ཉིད་སོགས་ནང་བསྟན་གྱི་བརྡ་ཆད་མང་པོར་མཚན་ཉིད་དང་འགྲེལ་བ། མཚན་ཟུར་བཅས་བཀོད་ནས་གོ་བརྡ་སྤྲོད་སྟངས་དང་།ཡིད་གཟུགས་ཅན་དུ་བྱས་པའི་སྙན་ངག་གི་ལམ་ནས་བརྡ་ཆད་དེ་དག་མཚོན་པ་གཉིས་མི་འདྲ། ང་ཚོས་ཆོས་ལུགས་ཀྱི་ཆེད་རྩོམ་བཀླགས་ན་ང་ཚོའི་ཀླད་པའི་ནང་དུ་ཡོད་པ་ནི་བརྡ་དོན་རྐྱང་ཡིན་ལ། དེའི་ཁྲོད་ཀྱི་ལུང་འདྲེན་དག་ཀྱང་དོན་དངོས་དང་ཁུངས་གཏུག་ས་ཡོད་པའི་གྲངས་ཀ་ཡིན། དེ་དག་གིས་བརྡ་དོན་དེ་སྒྲུབ་པར་ཞབས་འདེགས་བྱེད་ཀྱིན་ཡོད་མོད། སྙན་ངག་འདིས་བརྡ་དོན་དེ་དག་གསོན་ཉམས་ལྡན་པའི་སྣང་བརྙན་ཅན་དུ་བསྒྱུར་ཡོད། འཁོར་བའི་ཉེས་དམིགས་རྡོ་ཡིས་གཅུར་བའི་མཛུབ་ཁྲག་གིས་བསྟན་ཡོད་ཅིང་། སྟོང་བ་ཉིད་གནམ་ས་གཉིས་རལ་བའི་ཚུལ་གྱིས་ཀེར་ཡོད། ད་དུང་ངོ་ཤེས་པའི་སྐར་མ་དག་གི་འཆོར་སྒེག་དང་ཉམས་ཉེས་སྟོན་ཚུལ་ཁྲོད་མྱངས་མི་ཚར་བའི་རོ་བཅུད་ཕུན་སུམ་ཚོགས་པ་ཞིག་སྦས་སྐུང་བྱས་འདུག འདི་ནི་ད་གཟོད་སྒྱུ་རྩལ་རྩོམ་རིག་གི་ཐུན་མིན་ཁྱད་ཆོས་དེ་ཨེ་ཡིན་ནམ་སྙམ་ཡོད།
མདོར་ན། སྙན་ངག་ཁྲོད་བཀོལ་བའི་ཡིད་གཟུགས་ཀྱི་འབྱུང་ཁུངས་དངོས་ཡོད་འཚོ་བ་ཡིན་པས། དེ་དངོས་ཡོད་འཚོ་བ་དང་འདྲ་བའི་ཆ་ཡོད་མོད་ཕྱོགས་ཡོངས་ནས་དངོས་ཡོད་འཚོ་བའི་ཁྲོད་ཀྱི་བྱ་དངོས་བྱེ་བྲག་པ་དང་གཏན་ནས་མི་འདྲ། དེའི་རྒྱུ་མཚན་ནི་རྩོམ་རིག་སྒྱུ་རྩལ་མ་གཞི་ནས་འདུ་ཤེས་འཛིན་སྟངས་རིགས་ཤིག་ཡིན་པས། དེ་ནི་དངོས་ཡོད་འཚོ་བའི་ཚུར་སྣང་ཡིན་པ་མ་ཟད་རྩོམ་པ་པོ་རང་ངོས་ནས་བློས་བསླངས་བྱས་པའི་དངོས་པོ་ཡང་ཡིན། རྩོམ་རིག་སྒྱུ་རྩལ་གྱི་སྣང་བརྙན་ཕྱོགས་གཅིག་ནས་དངོས་ཡོད་འཚོ་བའི་ཚུར་སྣང་ཡིན་པས་དེར་འཚོ་བ་དང་ཆ་འདྲ་ས་ཡོད་ལ། ཕྱོགས་གཞན་དུ་དེ་ནི་རྩོམ་པ་པོས་རང་གི་སྐབས་འཕྲལ་གྱི་འཚོ་བའི་མྱོང་སྣང་དང་ཚོར་སྣང་གཞིར་བཟུང་ནས་ཡིད་གཟུགས་ཡན་གར་བ་ཞིག་གསར་བཟོ་བྱས་པ་ཡིན་སྟབས། སྙན་ངག་མང་པོ་ཞིག་གི་བསྟན་དོན་འདི་རེད་ཅེས་ཐད་ཀར་ངོས་འཛིན་བྱེད་དཀའ་བའི་གནད་ཀྱང་འདི་ལ་ཐུག་ཡོད། ངོ་ཤེས་པའི་སྐར་མ་དག་གི་འཆོར་སྒེག་དང་ཉམས་ཉེས་སྟོན་ཚུལ་ཁྲོད་སྦས་སྐུང་བྱས་ཡོད་པའི་བསྡུས་དོན་དང་མཛེས་ཚོར་ནི་སྡོམ་རྒྱ་ཆེན་པོ་ཞིག་ག་ནས་མིན་སོང་། གང་ལྟར་སྙན་ངག་འདིས་འཁོར་བའི་གནས་ལུགས་དང་དངོས་ཡོད་འཚོ་བ་གཉིས་ཆ་ཚང་བའི་བརྙན་རིས་ཤིག་ཏུ་བལྟས་སྟེ་གསོན་གཟུགས་བཀྲ་ལ་ཚེ་སྲོག་གི་རོ་བྲོས་སིམ་པའི་སྒྱུ་རྩལ་གྱི་རྟོག་ལྗོངས་ཆེན་པོ་ཞིག་བཞེངས་བསྐྲུན་བྱེད་ཐུབ་ཡོད་སྙམ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།