འཚོ་བའི་མེ་ལོང་། བསམ་གཞིག་གི་འོད་མདངས།

བློ་བཟང་དཔལ་ལྡན།༼ལྷ་ས༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-02-19

                                           ____<<ཧཱ་པ་གསོས་པའི་ཟིན་བྲིས>>ཞེས་པར་ཅུང་ཙམ་དཔྱད་པ།

           དང་པོ། རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།
      སྟག་འབུམ་རྒྱལ་ནི༡༩༦༦ལོའི་ཟླ་བ་དགུ་པར་མཚོ་སྔོན་ཞིང་ཆེན་ཀོས་ནན་རྫོང་གི་བན་ཤུལ་རུ་སྡེར་སྐྱེས། ༡༩༨༦ལོར་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་ཅིང་། ༡༩༨༨ལོར་ནུབ་བྱང་མི་རིགས་དགེ་ཐོན་སློབ་གླིང་གི་བོད་ཡིག་གི་ཟབ་སྦྱོང་འཛིན་གྲྭར་ཞུགས། ༡༩༩༠ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་མཐར་ཕྱིན་རྗེས་དགེ་རྒན་གྱི་བྱ་བ་གཉེར། ༡༩༨༧ལོ་ནས་བཟུང་སྒྲུང་གཏམ་རྩོམ་པའི་ལས་ལ་ཐོག་མར་ཞུགས་ཤིང་། <<སྦྲང་ཆར>>གཙོ་བྱས་པའི་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་ཁག་ཏུ་སྒྲུང་གཏམ་རིང་འབྲིང་ཐུང་གསུམ་༧༠ལྷག་སྤེལ། སྒྲུང་གཏམ་སྐོར་ཞིག་བོད་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་དེབ་ཏུ་བདམས་པ་མ་ཟད། དབྱིན་ཇི་དང་འཇར་མན། ཧྥ་རན་སེ། འཇར་པན་སོགས་ཀྱི་ཡི་གེར་བསྒྱུར། སྔ་གཞུག་ཏུ་སྐབས་གཉིས་པ་དང་། བཞི་པ། ལྔ་པའི“སྦྲང་ཆར་རྩོམ་རིག་བྱ་དགའ་”དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གནང་བའི་སྐབས་བཞི་པ་དང་ལྔ་པའི“ཕུལ་བྱུང་རྩོམ་རིག་བྱ་དགའ”<<ཟླ་ཟེར>>སྤེལ་ནས་ལོ་༢༠འཁོར་བའི་“ཕུལ་བྱུང་རྩོམ་རིག་བྱ་དགའ”སྐབས་གཉིས་པའི་རྒྱལ་ཡོངས“གངས་རྒྱན་བུམ་པའི”བོད་ཀྱི་རྩོམ་རིག་བྱ་དགའ། མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི“འབྲོང”བུམ་པའི་བོད་ཀྱི་རྩོམ་རིག་བྱ་དགའ། རྒྱ་ཡིག་གི<<མཚོ་སྔོན་པོའི་རྩོམ་རིག་བྱ་དགའ>>དང་། <<མི་རིགས་རྩོམ་རིག>>གི་རྩོམ་རིག་བྱ་དགའ་སོགས་ཐོབ་མྱོང་། བརྩམས་ཆོས་གཙོ་བོར་སྒྲུང་རིང<<ལྷིང་འཇགས་ཀྱི་རྩྭ་ཐང>>དང<<རྒུད>> སྒྲུང་ཐུང་ཕྱོགས་བསྒྲིགས<<མི་རབས་གསུམ་གྱི་རྨི་ལམ>> སྒྲུང་འབྲིང་ཕྱོགས་བསྒྲིགས<<ཁ་བ་མེད་པའི་དགུན་ཁ>>སོགས་ཡོད། རྩོམ་པ་པོ་ཁོང་གིས་སྒྲུང་གཏམ་ཐད་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་ནའང་དཔྱད་བརྗོད་པ་རྣམས་ཀྱིས་ཅུང་སྣང་ཆུང་དུ་ཤོར་འདུག་པས་འདིར་དམིགས་བཀར་དུ་གླེང་བ་ཡིན།“ངའི་བརྩམས་ཆོས་ཁ་ཤས་ཀྱི་བརྗོད་བྱ་’ཁྱི་’ཡིན་པའམ་’ཁྱི་’དང་འབྲེལ་བ་ཡོད་པ་དངོས་གནས་ཡིན་ལ། དེའི་ཁྲོད་དུ་དྲང་ཕྱོགས་ནས་བྲིས་པ་དང་ལྡོག་ཕྱོགས་ནས་བྲིས་པ་ཡོད། འོན་ཀྱང་དེ་ནི་’ཁྱི་’འབྲི་བར་དམིགས་བསལ་གྱི་སྤྲོ་བ་ཡོད་པ་མིན་ལ་དེ་ལས་གཞན་པའི་རྒྱུ་རྐྱེན་གང་ཞིག་ཆེད་དུ་བརྗོད་པའང་མིན། འོན་ཀྱང་ང་ཚོས་འཚོ་བའི་ཁྲོད་དུ་ལྟ་ཞིབ་རེ་བྱས་ན་ཁྱི་ནི་མིའི་རིགས་ཀྱི་བློས་ཐུབ་ཀྱི་གྲོགས་པོ་ཡིན་ཟེར་བ་ལྟར། ཁྱི་ནི་ནམ་རྒྱུན་ནས་མི་དང་འབྲེལ་འདྲིས་ཆེ་བས་སྲོག་ཆགས་ཤིག་ཡིན་པ་མ་ཟད། མི་ཡི་སེམས་དོན་རྟོགས་ཤིང་བདག་གཞན་གྱི་དབྱེ་བ་ཧ་ཅང་གསལ་བའི་སྲོག་ཆགས་ཤིག་ཀྱང་ཡིན་པ་རེད། དེ་བས་ན། ང་ཚོས་སྒྲུང་གཏམ་འབྲི་བའི་གོ་རིམ་ཁྲོད་དུའང་མི་ཡི་ཆགས་ཞེན་གྱི་ལྟ་བས་ཁྱི་ལ་གདེང་འཇོག་བྱེད་པའམ་ཁྱི་ཡི་རྣམ་པ་གཡར་ནས་མི་ལ་དཔྱད་འཇོག་དང་འཚོ་བར་རྒྱུས་ལོན་རེ་བྱས་ན་མི་འཚམ་པ་ཅི་ཡང་མེད་སྙམ།”ཞེས་རྩོམ་པ་པོ་ཉིད་ཀྱིས་གསུང་པ་ལྟར་མི་ཡི་ཆགས་ཞེན་གྱི་ལྟ་བས་ཁྱི་ལ་གདེང་འཇོག་བྱེད་པའམ་ཁྱི་ཡི་རྣམ་པ་གཡར་ནས་མི་ལ་དཔྱད་འཇོག་བྱས་ཚེ་འཚོ་བའི་མེ་ལོང་གི་ཟུར་ངོས་གཞན་ཞིག་མཐོང་ཐུབ་པ་ཡིན། དེས་ན་རྩོམ་པ་པོ་སྟག་འབུམ་རྒྱལ་གྱི་སྨྱུག་འོག་ཏུ་འབྲི་བཞེངས་བྱས་པའི་“ཁྱི་”དང་འབྲེལ་བའི་བརྩམས་ཆོས་མང་པོ་ཡོད་དེ། <<མི་“རྒྱ་བྷ”དང་ཁྱི“རྒྱ་བྷ”>>  <<སྒོ་ཁྱི>>  <<ཁྱི་རྒན>>  <<ཁྱི་དང་བདག་པོ་ད་དུང་གཉེན་ཚན་དག>>   <<ཧཱ་པ་གསོས་པའི་ཟིན་བྲིས>>སོགས་ཡོད་ཅིང་དུས་ཀྱི་ལོ་ངོ་ཉི་ཤུ་ལས་མེད་པའི་བཙའ་འཕྱིས་པའི་སྒྲུང་གཏམ་གསར་པའི་ལོ་རྒྱུས་ལ་མིག་ཤར་ཅིག་རྒྱབ་ན་རྩོམ་གི་སྤུས་ཚད་དང་གྲངས་འབོར་གང་ནས་བལྟས་ནའང་རྩོམ་པ་པོ་ཁོང་དང་ཁོང་གི་བརྩམས་ཆོས་ནི་གླེང་ཆོག་ཆོག་ཡིན། ཡིན་ཡང་སྐབས་དོན་དུ་འབབ་པ་ནི་<<ཧཱ་པ་གསོས་པའི་ཟིན་བྲིས>>  (༢༠༠༦ལོའི་སྦྲང་ཆར་དུས་དེབ་གཉིས་པའི་ཐོག་བཀོད་ཡོད་པ་དང་ཕྱིས་མི་རབས་གསུམ་གྱི་རྨི་ལམ་ཞེས་པའི་སྒྲུང་ཐུང་ཕྱོགས་བསྒྲིགས་སུ་བསྡུས་ཡོད)ཀྱི་སྐོར་ཡིན་པ་ན་དེ་གླེང་བར་བྱའོ།

           གཉིས་པ།   <<ཧཱ་པ་གསོས་པའི་ཟིན་བྲིས>>

          གཅིག ནང་དོན་ངོ་སྤྲོད།
   སྒྲུང་གཏམ་དེའི་ནང་མི་སྣ་གཙོ་བོ་ནི་ཧཱ་པ་ཡིན་ཞིང་ཧཱ་པའི་གཤིས་ཀའི་འགྱུར་བ་དང་བསྟུན་ནས་བྱུང་རིམ་འཕེལ་བ་བྱས་ཡོད། དང་ཐོག་ཧཱ་པའི་བདག་པོ་ནི་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ལས་བྱེད་པ་རྒན་པ་ཞིག་ཡིན་ཞིང་ཁོའི་བདག་པོ་དེ་ལས་འཁྱུར་ངལ་གསོ་བྱས་ཟིན་རྗེས་ཧཱ་པས་བདག་པོ་དེ་དབྱུགས་ནས་ཅུས་ཀྲང་ལ་ཞབས་ཞུ་ལེགས་པར་བསྒྲུབས་ཏེ་རིམ་བཞིན་ཅུས་ཀྲང་གི་བཟང་སར་གྱུར། དེ་ནས་ཧཱ་པའི་རེ་བ་ལྟར་ཁོ་པ་ལས་ཁུངས་སུ་འགྲོ་ཐུབ་པ་བྱུང་བ་དང་དྲུང་ཡིག་བུ་མོ་ཞིག་དང་ངོ་ཤེས་སུ་གྱུར། དྲུང་ཡིག་བུ་མོ་དེ་དང་གཉེན་སྒྲིག་གི་ཆེད་དུ་ཧཱ་པས་ཅུས་ཀྲང་ལ་ཡང་ཡང་ཞབས་ཞུ་བསྒྲུབས་ནས་ཀྲུའུ་རེན་གྱི་གོ་གནས་ཤིག་རག་ཡོད། དེ་ལྟར་གྱི་བརྒྱུད་རིམ་ཁྲོད་དུ་དང་ཐོག་སྤུ་རིང་པོ་དག་ཟིང་ངེ་བར་གྱུར་པ་དང་གདོང་བ་ཉག་ཉག་པོའི་གཡས་གཡོན་གྱི་སྤུའི་ཁྲོད་དུ་རྔུ་མ་ནར་བོ་རེ་ཆགས་འདུག་པ་ནས་སྤུ་མདོག་ཇེ་ཡག་ཏུ་གྱུར་པ་དང་ལུས་པོའང་ཇེ་རྒྱས་སུ་སོང་ལ་ཐོག་མ་སུ་དང་འཕྲད་རུང་ཧ་ཅང་གུས་ཚུལ་དང་བརྩི་བཀུར་ལྡན་པ་ཞིག་ནས་ཧམ་སེམས་དང་གཡོ་སྒྱུ་ཅན་ཞིག་ཏུ་འགྱུར་ཡོད། རྩོམ་པ་པོས་མུ་མཐུད་ནས་ཧཱ་པའི་གཤིས་ཀ་དང་བསྟུན་ནས་སྒྲུང་གི་བྱུང་རིམ་འཕེལ་བ་བྱེད་ཡོད་དེ། ཀྲུའུ་རེན་གྱི་གོ་གནས་དེ་ཧཱ་པའི་བློ་ཡིད་མི་ཚིམ་ཞིང་ཁོས་ཡར་མར་ལ་སོ་ཏ་དང་གཟབ་ཉན་ལེགས་པར་བྱས་ནས་རྫོང་དཔོན་ཁྱིམ་དུ་སྡོད་པའི་གོ་སྐབས་དེ་དང་བསྟུན་ནས་ཅུས་ཀྲང་ལ་རང་ཉིད་རྫོང་དཔོན་ལ་མཚམས་སྦྱོར་བྱ་དགོས་ཚུལ་རེ་བ་ཞུས། ཏག་ཏག་རྫོང་དཔོན་ཡང་ཧཱ་པའི་རིགས་ལ་གཙིགས་ཆེན་འཛིན་མཁན་ཞིག་ཡིན་པས་ཧཱ་པས་རང་ཉིད་ཀྱི་“ཁྲབ་རྩལ”ལ་བརྟེན་ནས་རང་ཉིད་ནི་ཧཱ་པའི་ནང་ནས་བཟང་པོ་ཞིག་ཡིན་ཚུལ་དང་། རང་འགན་དང་ལེན། གཞན་ལ་རོགས་རམ་བྱེད་རྒྱུར་དགའ་བ་དང་དེ་བཞིན་བདག་པོའི་བཀའ་རྩི་ཞིང་སྲུང་བ་སོགས་གླེང་ནས་རང་ཉིད་རྫོང་དཔོན་གྱི་མིག་ནང་དུ་ཧཱ་པ་བསམ་ཤེས་ཅན་ཞིག་ཏུ་འགྱུར་བ་བྱས་ནས་རང་ཉིད་རྫོང་དཔོན་གྱི་རྗེས་སུ་འབྲངས་ཏེ་ཞབས་ཞུ་སྒྲུབ་འདོད་ཀྱི་བློ་ཡོད་ཚུལ་སོགས་གླེང་ནས་སྒྲུང་གཏམ་གི་བྱུང་རིམ་ཡང་རྩེར་གཏོད་ཡོད།
   དེ་ལྟར་སྒྲུང་གཏམ་ཀློག་པའི་བརྒྱུད་རིམ་ནང་འུ་ཚོས་ཤེས་གསལ་ལ་རྩོམ་པ་པོས་སྨྱུག་རྩེ་དེ་སྲིད་འཛིན་གྱི་དཔུང་སྡེ་ལ་གཏོད་ཡོད་ཅིང་དེ་ལས་རིམ་པ་མཐོ་དམའི་ཁྲོད་དུ་མིའི་གནས་སྟངས་དེ་བརྗོད་སྙིང་དུ་བཟུང་ནས་ཁོ་ཚོའི་བརྩེ་དུང་དང་། དགའ་སྐྱོ། འཚོལ་སྙེག ལས་དབང་། མདུན་ལམ་སོགས་གསོན་ཉམས་ལྡན་པའི་སྐད་ཆའི་སྒྱུ་རྩལ་ལ་བརྟེན་ནས་མཚོན་པར་བྱས་ཡོད། བརྩམས་ཆོས་ཁྲོད་དུ་“ལྟོགས་དྲགས་ན་མིས་ཀྱང་མི་ཟ་བ་རེད། འོན་ཀྱང་། ཁྱིས་ཁྱི་ཟ་བ་ནི་ཐད་ཀའི་འབྲེལ་བ་རེད་ལ། མི་ཡིས་མི་ཟ་བ་ནི་བརྒྱུད་པའི་འབྲེལ་བ་ཡིན་པ་རེད། ཡང་གཅིག་བཤད་ན་ཁྱི་ཡིས་ཁྱི་ཟ་བ་ཐབས་གཅིག་ལས་མེད་ལ། མི་ཡིས་མི་ཟ་བ་ནི་དེ་ལས་ལྡོག་སྟེ་རིགས་ཧ་ཅང་མང་བ་རེད། ”ཅེས་པ་ནི་རྩོམ་གྱི་བསྟན་དོན་གལ་ཆེན་ཞིག་ཡིན། དེ་ནི་སྲིད་འཛིན་གྱི་དཔུང་སྡེ་དེའི་ནང་ང་ཚོའི་མིག་གི་སྣང་ཡུལ་དུ་དངོས་སུ་མཐོང་རྒྱུ་ཡོད་པ་ལྟར་“མི་ཡིས་མི་ཟ་བ་ནི་བརྒྱུད་པའི་འབྲེལ་བ་ཡིན་པ་གང་ཞིག་མི་ཡིས་མི་ཟ་བ་ནི་རིགས་ཧ་ཅང་མང་ལ་ཐ་ན་མཚམས་མཚམས་སུ་མི་ནི་ཁྱིའི་མཐོང་དུ་ཡང་མེད་པ་”དེ་རེད། དེ་ལྟར་ང་ཚོས་བརྩམས་ཆོས་དེ་བཀླགས་ཟིན་རྗེས་རྫོང་དཔོན་ལྟ་བུ་ལ་ཁོང་ཁྲོ་དང་། ཧཱ་པ་ལྟ་བུ་ལ་ཞེ་མེར་ལངས་བ། དྲུང་ཡིག་བུ་མོ་ལྟ་བུ་ལ་ཡི་ཐང་ཆད་པ་དང་ཅུང་ཀྲང་ལྟ་བུ་ལ་སྙིང་རྗེའང་སྐྱེ་སྲིད།

            གཉིས། མི་སྣ་དབྱེ་ཞིབ།
   མི་སྣ་ནི་སྒྲུང་གཏམ་གྱི་སྲོག་ཤིང་ལྟ་བུ་ཡིན་ཞིང་སྒྲུང་གཏམ་གི་ལས་འགན་གཙོ་ཆེ་བ་ཞིག་ཀྱང་གསོན་ཉམས་ལྡན་པའི་མི་སྣ་འབྲི་བཞེངས་བྱས་ཏེ་སྤྱི་ཚོགས་ཀྱི་འཚོ་བ་མཚོན་རྒྱུ་ཡིན་པས་ན་སྒྲུང་གཏམ་ནང་གི་མི་སྣ་འབྲི་བཞེངས་གི་སྤུས་ཚད་ཀྱིས་སྒྲུང་གཏམ་གི་སྤུད་ཚད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་ལ། སྒྲུང་གཏམ་ནང་གི་མི་སྣ་ནི་སྦྱར་སྡོང་རྐང་གཅིག་གམ་གྲོགས་མེད་ཁེར་རྐྱང་ལྟ་བུ་ཞིག་མིན་ཁར་སྐྱིད་སྡུག་འདྲེས་མའི་ཕུང་གཟུགས་ཤིག་ཡིན་པས་མི་སྣ་དེ་ཡང་རྟག་ཏུ་སྐྱིད་ལ་སྡུག་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་དང་ཁ་ཆར་གངས་རླུངས་འཚུབ་པའི་རང་བྱུང་གི་ཁོར་ཡུག་དང་ཁ་བྲལ་དུ་མེད་པ་ཞིག་ཡིན་ཞིང་། རྩོམ་པ་པོས་དམིགས་བསལ་གྱི་ཁོར་ཡུག་ནང་དུ་དམིགས་བསལ་གྱི་མི་སྣ་འབྲི་བཞེངས་བྱས་ཏེ་མི་སྣ་དེའི་ཆགས་སྡང་དང་དགའ་སྐྱོ། བདེ་སྡུག་སོགས་གླེང་ནས་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་མཚོན་པར་བྱེད་པ་ཡིན། “འོན་ཀྱང་སྒྲུང་གཏམ་སྒྱུ་རྩལ་གྱི་ཡོངས་ཁྱབ་ཆ་ནས་བལྟས་ན། མི་སྣའི་རང་བཞིན་གསར་བཟོ་བྱེད་རྒྱུ་དེ་བྱེད་ཐབས་ཤིག་ལས་དམིགས་ཡུལ་ནི་མི་སྣའི་རང་བཞིན་གསར་བཟོ་བྱེད་པ་བརྒྱུད་ནས། གཟུགས་བརྙན་གྱི་མ་ལག་ཅིག་ཡོངས་སུ་གྲུབ་སྟེ་སྤྱི་ཚོགས་འཚོ་བ་མཚོན་པ་དང་། ཡིད་དུ་འོང་ཞིང་བླ་ན་མེད་པའི་ཡིད་ཀྱི་རྣམ་འགྱུར་དང་བསམ་པའི་གནས་ལུགས་གཏིང་ཟབ་མོ་བསྟན་ཏེ། མི་རྣམས་ལ་མཛེས་དཔྱོད་བྱ་ཡུལ་དགེ་བ་ཅན་ཞིག་ལེགས་པར་བསྟབས་ཤིང་། སྒྱུ་རྩལ་དང་ལྡན་པའི་སྒོ་ནས་འཇིག་རྟེན་ངོས་འཛིན་དང་ཁོང་དུ་ཆུད་པར་གྲོགས་བྱེད”ཅེས་གསུངས་པ་ལྟར་སྒྲུང་གཏམ་ནང་གི་མི་སྣའི་གཟུགས་བརྙན་ནི་ཅི་ནས་ཀྱང་གསོན་ཉམས་ལྡན་པ་ཞིག་ཡོང་བ་བྱེད་དགོས།  <<ཧཱ་པ་གསོས་པའི་ཟིན་བྲིས>>ནང་དུ་མི་སྣ་བཅུ་གྲངས་ཙམ་ཡོད་ནའང་དེ་དག་ལས་གཙོ་ཆེ་བ་འགར་ཅུང་ཙམ་དབྱེ་ཞིབ་བྱེད་ན་འདི་ལྟར་ཏེ།
ཅུས་ཀྲང—གཞུང་དྲང་གི་ལས་བྱེད་པ་ཞིག་གི་གཟུགས་བརྙན།
          རྩོམ་གྱི་མགོ་ནས་མཇུག་བར་ཞིབ་ཏུ་བཀླགས་ཚེ་ཅུས་ཀྲང་གི་ཕྱིའི་རྣམ་པ་དང་ནང་སེམས་ཀྱི་འགྱུར་བ་བཅས་ལས་ཅུས་ཀྲང་ཉིད་རྩོམ་གྱི་ནང་དུ་གོ་ས་ཆེན་པོ་ཞིག་བཟུང་ཡོད་དེ། གྲོགས་མེད་ཁེར་རྐྱང་གི“འཁྱམ་ཁྱི་”ཞིག་ལྷག་བསམ་ཟོལ་མེད་ཐོག་ནས་གསོ་སྐྱོང་བྱེད་ནའང་འབྲོང་འཚག་ནས་རྨོན་མཛོ་མི་ཉན་སྟག་གསོས་ནས་སྒོ་ཁྱི་མི་ཡོང་ཞེས་པ་ལྟར་རང་ཉིད་ཀྱིས་ཧཱ་པ་དེ་གསོ་སྐྱོང་བྱས་ནས་རང་ཚུགས་ཐུབ་པ་ཞིག་ཏུ་འགྱུར་དུས་རང་ཉིད་ལ་རྒྱབ་གཏོད་བྱས་པས་སེམས་སྐྱ་མོ་སྡུག་ལ་སྦྱར་ནས་རང་ཉིད་ཀྱི་ལས་ལ་རང་ཉིད་ཀྱང་ཡི་ཐང་ཆད་པར་གྱུར་ཡོད། ཡིན་ཡང་ཅུས་ཀྲང་ནི“བྱ་ཁྲལ་བྱུང་དུས་བྱི་སོ་བསྟན། བྱི་ཁྲལ་བྱུང་དུས་བྱ་གཤོག་ངོམ་”མཁན་ཞིག་མ་ཡིན་ཏེ། རྫོང་དཔོན་བཞིན་གཞན་གྱི་མདུན་དུ་སྤོབས་ཉམས་སྟོན་རྒྱུར་མི་དགའ་ཞིང་ཧཱ་པ་ལྟར་མི་ཆེན་དཔོན་ཆེན་གྱི་མདུན་དུ་རང་ཚུགས་ཤོར་ནས་རྩ་བ་བརླག་པ་ཞིག་ཀྱང་མ་ཡིན། ཁོ་པ་ནི་“མི་ལུས་ལེན་ཁར་ཁྱི་ལུས་ལེན།”ཞེས་པ་ལྟར་རང་སྲོལ་ལ་བརྩི་སྲུང་བྱེད་ཅིང་རྫོང་དཔོན་གྱིས་ཁྱི་ཤ་ཟ་བར་སྐུལ་ནའང་དེའི་ངོ་སོ་དང་སྤྲེལ་ལད་ཀྱི་དབང་དུ་མ་སོང་བར་རང་ཉིད་ཀྱི་ལ་རྒྱ་མི་ཤོར་བར་སྲུང་ནས་ཡོད་ལ། རྩོམ་གྱི་བྱུང་རིམ་འཕེལ་རྒྱས་ཀྱི་ཁྲོད་དུ་ཁོ་པ་ནི་སྙིང་རྗེའི་རང་མདངས་ལྡན་ཅིང་གཞུང་དྲང་གི་ལས་བྱེད་པ་ཞིག་གི་གཟུགས་བརྙན་གྱི་སྐྱ་ཐིག་ཅིག་རྩོམ་པ་པོ་འཐེན་ནས་ཡོད་དོ།
རྫོང་དཔོན—དཔོན་ཉམས་སྟོན་རྒྱུར་དགའ་ཞིང་སྤྲེལ་ལད་ཁྲབ་མཁན་ལ་དགའ་བ་ཞིག
རྫོང་དཔོན་ནི་མི་ཁོག་རྒྱ་ཆུང་ལ་ཁྲོ་སླ་བ་ཞིག་ཡིན་པ་མ་ཟད་མི་གཞན་གྱི་མདུན་སར་ངོ་སོ་ལ་དོ་སྣང་ཆེན་པོ་བྱེད་མཁན་ཞིག་ཡིན་ཞིང་ཐུགས་སྒམ་ཞིང་དཀྱེལ་ཆེ་བའི་ངང་ཚུལ་སྟོན་མཁན་ཞིག་དང་“རང་བཀུར”གྱི་ཉམས་སྟོན་རྒྱུར་དགའ་བའི་མི་ཞིག་ཀྱང་ཡིན། དེ་སྔོན་ཁུལ་དཔོན་ས་དེར་སླེབས་སྐབས་རྫོང་དཔོན་གྱིས་དེར་འབུལ་བ་རྫོང་དུས་ཁྱི་རྒན་གྱིས་ཟུག་འཐེན་བྱས་ཏེ་ཁུལ་དཔོན་ལ་འཇིགས་སྣང་ཆེན་པོ་སྐུལ་བས་ཕྱིས་རྫོང་དཔོན་གྱིས་དོན་དེ་སེམས་ནང་གི་“ནད”དུ་གྱུར་ནས་ཁྱི་རྒན་ལ་སྐྱིན་པ་རྡོ་ལོག་འདྲ་ལེན་པར་བྱས་པ་དང་།  ཅུས་ཀྲང་གིས་རྫོང་དཔོན་ལ་སྙན་ཞུ་དེ་འབུལ་སྐབས་རྫོང་དཔོན་གྱིས་རང་ཉིད་ལུས་ཕུང་བདེ་པོ་མེད་ཚུལ་དང་ཟི་ལིང་དུ་ཕྱིན་ནས་ཉིན་འགར་སྨན་བཅོས་བྱ་འདོད་ཡོད་ཚུལ་སོགས་གླེང་ཟིན་རྗེས་ཁོའི་གན་དུ་ཡོད་པ་དེ་ནི་ཅུས་ཀྲང་ཡིན་པ་“གཞི་ནས”ཚོར་རྟོགས་བྱུང་བ་ལྟར“ཨེ། ཁྱོད་འདིར་ཇི་ལྟར་བསླེབས་པ་ཡིན་ནམ”ཞེས་དྲིས་པ་དང་ཅུས་ཀྲང་གིས་ཧཱ་པ་རྫོང་དཔོན་ལ་མཚམས་སྦྱོར་བྱེད་པའི་སྐབས་སུ་རང་ཉིད་ཀྱི་ཆང་དང་ཁ་བཏགས་མདུན་དུ་བཞག་པའི་སྐབས་སུ་རྫོང་དཔོན་གྱི་མཉམ་འཇོག་དེ་ཙམ་བྱེད་མེད་ཅིང་ཧཱ་པས་“མོའེ་ཐའེ”རྟགས་ཅན་གྱི་ཆང་སྤུས་ལེགས་རྒྱ་མ་དོ་དང་ཁ་བཏགས་ཤིག་མདུན་ཅོག་ཏུ་བཞག་དུས་རྫོང་དཔོན་གྱིས་ཅུས་ཀྲང་གི་གན་དུ་ཧཱ་པ་ཡོད་པ་“གཞི་ནས་”ཚོར་བ་ལྟར་ཧུ་རེར་ཧཱ་པ་ལ་བལྟས་ནས་ཅུང་ཐེ་ཚོམ་དང་བཅས་“འདི……”ཞེས་དྲིས། གཞན་ཡང་རྫོང་དཔོན་ནི་མི་སྤྲེལ་ལད་ཁྲབ་མཁན་དག་ལ་དགའ་པོ་བྱེད་མཁན་ཞིག་ཡིན་ཏེ། ཧཱ་པས་མགོ་བོ་ཟིང་ཟིང་དང་སྣ་རྫེ་རྫར། རྔ་མ་གཡུག་གཡུག་གིས་རྫོང་དཔོན་ལ་ཧ་ཅང་དགའ་བ་དང་དུངས་པའི་རྣམ་འགྱུར་བསྟན་པ་དང་ཁོའི་ནག་ཅིང་འོད་ཡུག་ཡུག་བྱེད་པའི་སྣ་རྩེ་ཡིས་རྫོང་དཔོན་གྱི་རྣ་དང་འགྲམ་པ་ནས་ཐོད་པ་དང་སྣ། མཆུ་འདབ་བཅས་ལ་སྣོམ་སྣོམ་བྱེད་པ་དང་། ད་དུང་ཅུང་པྲ་ཆལ་དང་གཅེས་ལང་གི་རྣམ་འགྱུར་སྣ་ཚོགས་བསྟན་ནས་རྫོང་དཔོན་གྱི་ལག་པ་དམ་དུ་འཐམས་ནས་མི་གློད་པའམ། སླར་ཡང་ས་རུ་བབས་ནས་ས་ལྡིང་གནམ་ལྡིང་དང་ཕར་ལྡིང་ཚུར་ལྡིང་། ཀག་གིས་ལངས་ནས་འགྲོ་བ་སོགས་སྤྲེལ་ལད་ཀྱི་རྣམ་འགྱུར་སྣ་ཚོགས་བསྟན་དུས་རྫོང་དཔོན་ཧ་ཅང་དགའ་བར་གྱུར་ཏེ་ཀླད་པ་དམར་སེང་ངེར་སོང་བ་རེད། དེ་ལྟར་ཁོའི་བྱ་སྤྱོད་དང་རྣམ་འགྱུར་ཡང་ན་སྤོབས་ཉམས་དང་སྤྲེལ་ལད་ཁྲབ་མི་ལ་དགའ་བའི་རང་གཤིས་བཅས་ལ་རྩོམ་པ་པོས་ཟུར་ནས་སུན་འབྱིན་དང་ཟུར་ཟ་གནང་ཡོད། གཞན་ཕྱོགས་ནས་བསམ་ན་རྫོང་དཔོན་ནི་རང་ཉིད་ལ་སྤྲེལ་ལད་ཁྲབ་མི་ཤེས་པའི་“མི”་དག་ལ་དགའ་པོ་མེད་དེ་ཁྱི་རྒན་གྱིས་རྫོང་དཔོན་ལ་སྤྲེལ་ལད་ཁྲབ་མི་ཤེས་པའི་ཁར་“མཐུན་སྒྲིལ”ལ་གནོད་པ་ཞིག་ཡིན་པས་མཐར་ཁྱི་རྒན་རྫོང་དཔོན་གྱི་ཞལ་ཏོག་ཏུ་གྱུར་བ་རེད།
དྲུང་ཡིག་བུ་མོ—དཔོན་དང་སྒོ་སའི་མདུན་ལ་རང་ཉིད་ཀྱི་ལ་རྒྱ་སྲུང་མི་ཐུབ་མཁན་གྱི་བུད་མེད་ཞིག
   དྲུང་ཡིག་བུ་མོ་ནི་རྒྱ་རིགས་གཞོན་ནུ་མ་ཞིག་ཡིན་ཅིང་ཁོ་མོ་ནི་བུ་མོ་“འཇོན་ཐང”ཅན་ཞིག་རེད་ལ་ཧཱ་པས་ལས་ཁུངས་ནས་ཐེངས་དང་པོར་ངོ་ཤེས་ཤིང་བཟང་སར་འགྱུར་བ་ཡང་རེད། ཐོག་མ་ཧཱ་པས་ཆང་བཏུངས་ནས་ཁོ་མོར་བརྙས་བཅོས་བྱས་བྱུང་ཞེས་ཅུས་ཀྲང་གི་མདུན་དུ་གཏུག་བཤེར་བྱེད་དུས་བཤད་རྒྱུར།“ཁོའི་དམིགས་ཡུལ་ནི་ང་ཧཱ་པར་བསྒྱུར་རྒྱུ་ཡིན་འདུག ང་གཏན་ནས་མི་འཐད། ངས་ཁྲིམས་ཁང་ལ་གཏུག་བཤེར་བྱ་རྒྱུ་ཡིན”ཟེར་བ་དང་ཐེངས་གཉིས་པར་ཧཱ་པས་ཚོགས་འདུའི་ཐོག་སྐྱོན་བརྗོད་ཡི་གེ་མ་འདོན་པར་བརྩེ་དུངས་མཚོན་པའི་སྙན་ངག་ཅིག་གྱེར་འདོན་བྱས་ནས་ཁོ་མོར་མི་མང་གི་དཀྱིལ་ནས་བརྙས་བཅོས་བྱས་པས་ཅུས་ཀྲང་ལ་གཏུག་བཤེར་བྱེད་པར་ཡོང་དུས། “ང་ཁོའི་བྱ་སྤྱོད་དེ་དག་ལ་ཞེན་པ་ལོག་འོང་། མི་དང་ཁྱི་གཉིས་ནམ་ཡང་ལྷན་དུ་སྡོད་ཐབས་མེད་”ཟེར་བ་དང་མཐའ་མར་ཁོ་མོ་ཅུས་ཀྲང་གི་ཁྲིད་དུ་ཡོང་ནས “ང—ང—ཁོས་སྡོད་དུ་མི་འཇུག་པས། ངས་ཀྱང་དང་ལེན་བྱས་པ་ཡིན” ཟེར་བ་དང“ངས་ཧཱ་པར་གཉེན་སྒྲིག་བྱ་རྒྱུ་ཁས་བླངས་པ་ཡིན”ཟེར། དེ་ལྟར་ན་དང་ཐོག་ཁོའི་དམིགས་ཡུལ་ནི་ང་ཧཱ་པར་བསྒྱུར་རྒྱུ་ཡིན་འདུག ངས་ཁྲིམས་ཁང་ལ་གཏུག་བཤེར་བྱ་རྒྱུ་ཡིན་ཟེར་བ་ནས་མི་དང་ཁྱི་གཉིས་ནམ་ཡང་ལྷན་དུ་སྡོད་ཐབས་མེད་ཟེར་བ་དང་ངས་ཧཱ་པར་གཉེན་སྒྲིག་བྱ་རྒྱུ་ཁས་བླངས་པ་ཡིན་ཟེར་བའི་བར་ལ་ཁོ་མོའི་གཤིས་ཀར་འགྱུར་བ་ཆེན་པོ་བྱུང་ཡོད། དེ་ལྟ་བུའི་འགྱུར་བ་ཡོང་དོན་ཡང་ཧཱ་པའི་ཐོབ་ཐང་དང་འབྲེལ་བ་ཡོད་དེ་ཧཱ་པ་ཀྲུའུ་རེན་བྱེད་པ་དང་། རིམ་བཞིན་ཅུས་ཀྲང་གི་བཟང་སར་གྱུར་བ་དང་ཕལ་ཆེར་རྫོང་དཔོན་གི་ཁྲིད་ནས་ཐོབ་ཐང་ཞིག་རག་དུས་ད་གཟོད་ཁོ་མོས་མི་ནས་ཧཱ་པར་བསྒྱུར་རྒྱུ་ཁས་བླངས་བ་རེད་ལ་མི་དང་ཁྱི་གཉིས་ལྷན་དུ་སྡོད་ཐབས་མེད་པ་ནས་ཡོད་པ་ཡང་ཁས་བླངས་པ་རེད། དེ་ནི་ཧཱ་པས་བཤད་པ་ལྟར་མིས་མི་ཟ་བ་ནི་བརྒྱུད་པའི་འབྲེལ་བ་དང་མི་ཡིས་མི་ཟ་བ་ནི་ཐབས་ཧ་ཅང་མང་བ་རེད་ཅེས་པའི་གཏམ་དེའི་ནང་སྙིང་ཡང་ཡིན། སྤྱིར“ནད”ཕོག་པའི་མི་སྔའི་སྤྱི་ཚོགས་ཀྱི་གནས་སྟངས་ངོ་མ་ལ་ཞིབ་འདང་ཞིག་རྒྱབ་ན་དྲུང་ཡིག་བུ་མོའི་སྤྱི་གཟུགས་སམ་ཡོངས་ཁྱབ་རང་བཞིན་གྱི་གནད་དོན་མང་དག་ཅིག་འུ་ཚོའི་ཉེ་འཁོར་དུ་མངོན་སུམ་དུ་གནས་ཡོད་ནའང་འདིར་དྲུང་ཡིག་བུ་མོ་ནི་སྒྲུང་གི་མི་སྣ་གཙོ་བོ་མིན་པས་ན་དེ་ཙམ་གྱིས་འཐུས་པ་ཡིན་ནོ།
   ཧཱ་པ—རང་ཉིད་ཀྱི་ཁེ་ཕན་དང་གོ་སའི་སླད་དུ་“གང་ཡང”བྱེད་ཕོད་མཁན་ཞིག
   སྤྱིར་ཧཱ་པ་ནི་ཁྱིམ་ལ་མགྲོན་པོ་སླེབ་དུས་བརྡ་གཏོང་བའི་ནུས་པ་དང་ཉིན་མོ་མི་ལ་ལས་ཀ་མེད་དུས་སྡོད་གྲོགས་བྱེད་གོ་ཆོད་པར་མ་ཟད། མི་ཆེན་དང་དཔོན་ཆེན་ཡོང་ན་སྤྲོ་བ་སློང་མཁས་ཤིང་ཁོའི་ཟུངས་ཟད་པའི་ལུས་བོངས་དང་། འོད་ཀྲིག་ཀྲིག་བྱེདཔའི་མིག་ཟུང།  འཕྱིངས་པར་གྱུར་པའི་སྤུ་ཞོལ། ཉམ་ང་བའི་ངོ་གདོང་བཅས་ནི་ཧ་ཅང་སྙིང་རྗེ་བ་ཞིག་རེད། ཡིན་ཡང་ཁོས་རང་ཉིད་ཀྱི་ཁེ་ཕན་ལ་ཐུག་དུས་དྲིན་གྱིས་བསྐྱངས་པའི་རང་ཉིད་ཀྱི་བདག་པོ་ཡང་སྣ་ལུད་བཞིན་དོར་ཕོད་ཅིང་རང་ཉིད་ཀྱི་ཐོབ་ཐང་གི་གནས་བབ་དང་བསྟུན་ནས་ཁོས་རྣམ་འགྱུར་སྣ་ཚོགས་བསྟན་གྱི་ཡོད་དེ། སྐབསརེ་མགོ་བོ་ཟིང་ཟིང་། སྣ་རྫེ་རྫེ། མིག་འཛུམ་འཛུམ། རྔ་མ་གཡུག་གཡུག མཆུ་འདབ་ཀྱིས་སྣོམ་སྣོམ་བྱས་པ། པྲ་ཆལ་དང་གཅེས་ལང་གི་རྣམ་འགྱུར་སྣ་ཚོགས་བསྟན་པ། གཞན་གྱི་ལག་པ་དམ་དུ་འཐམས་ནས་མི་གློད་པ། ས་ལྡིང་གནམ་ལྡིང་དང་ཕར་ལྡིང་ཚུར་ལྡིང་། ཀག་གིས་ལངས་ནས་འགྲོ་བ། ཧ་ཅང་གུས་པའི་ཉམས་བསྟན་པ། ལུས་གུས་གུས་བྱེད་པ། སྒྱིད་པ་ཞུམ་ཞུམ་དང་ལྐོག་ལྐོག་སུད་སུད་བྱེད་པ། མགོ་བོ་ཀྲོག་ཀྲོག་དང་མཇུག་མ་ཀེར་ཀེར་བྱེད་པ། ཡང་མཚམས་རེ་མིག་མཐར་མཆི་ཞགས་འཁོར་བ། འུ་ཐུག་དང་སྐྱོ་ཉམས་ཤར་བ་སོགས་སྤྲེལ་ལད་ཀྱི་རྣམ་འགྱུར་སྣ་ཚོགས་བསྟན་གྱི་ཡོད། སྤྱིར་སྐྱིད་ལ་སྡུག་པའི་མི་ཚེའི་འཕྲང་ལམ་གི་བགྲོད་ལམ་རིང་མོ་ན་དགའ་ཚེ་འཛུམ་དཀར་གྱིས་འཚེར་ཞིང་བདེ་སྐྱིད་ཀྱི་གླུ་ཆུང་ལེན་པ་དང་སྡུག་ཚེ་མྱ་ངན་གྱི་གྲོག་རོང་ན་སྨྲེ་ངག་གི་མིག་ཆུ་ལྷུང་ལྷུང་དུ་བཞུར་བ་ནི་མིའི་རང་གཤིས་ལགས། ཡིན་ཡང་ཧཱ་པའི་དགའ་བ་དང་སྐྱོ་བ་ནི་མི་ཆེན་དང་དཔོན་ཆེན་ཡང་ན་ཉམ་ཆུང་གི་མདུན་དུ་སྒྱུ་འཕྲུལ་གྱི་“ཁྲབ་སྟོན”ཞིག་ལས་དགའ་སྐྱོ་ཡི་རང་མདངས་ངོ་མ་ནི་མ་ཡིན་ནོ། དེར་ཧཱ་པའི་ཕྱི་ནང་གི་འགྱུར་བ་ལ་བལྟས་ན་ཁོའི་རང་གཤིས་ལ་བྱེ་བྲག་ཏུ་ཁྱད་ཆོས་འདི་ལྟར་ཡོད་དེ།
   ༡ ཧཱ་པ་ནི་མིའི་རྣམ་འགྱུར་ལ་བལྟས་ནས་ལས་ཀ་བྱེད་མཁན་ཞིག་དང་ཕུང་དཀྲུག་གི་གཞི་མ་ཞིག་ཡིན།
   ཅུས་ཀྲང་གི་སེམས་པ་དགའ་ཡོད་དུས་ཧཱ་པ་མདུན་དུ་ཡོང་ནས་རྩེད་མོ་སྣ་ཚོགས་རྩེ་བར་བྱེད་ལ། ལན་རེར་པང་དུ་འགོས་ཡོང་སྟེ་ནག་ཡུག་ཡུག་གི་མཆུ་ཏོས་ཅུས་ཀྲང་གི་ཁ་དང་སྣ་ལ་སྣོམ་སྣོམ་བྱེད་པར་མ་ཟད། གཅེས་ལང་གི་ཉམས་ཀྱང་སྣ་ཚོགས་བསྟན་པ་དང་། སྐབས་རེ་ཅུས་ཀྲང་གི་སེམས་པ་སྐྱོ་ཞིང་ཡོད་དུས་གན་དུ་ཡོང་ནས་གྲག་འགུལ་ཅི་ཡང་མེད་པར་སྡོད་གྲོགས་བྱས་ཏེ་ཅུས་ཀྲང་གི་སྐྱོ་གདུང་གི་ཕྱེད་ཀ་ཁོ་རང་གིས་འཁུར་བ་བྱེད། ད་དུང་མཚམས་རེར་ཅུས་ཀྲང་ཁྲོས་ཡོད་པའི་སྐབས་དག་ཏུ། ཁོ་ཡང་ཐག་ཉེར་འདུད་མི་ཕོད་པར་ཅུང་རྒྱང་རིང་གི་ས་ནས་ཙོག་པུར་བསྡད་དེ་གཟབ་གཟབ་ངང་ཅུས་ཀྲང་གི་བཀའ་གསུང་ཅི་གནང་ལ་གྲ་སྒྲིག་ཨང་གསར་བྱས་ནས་བསྡད་ཀྱི་ཡོད། དོན་དངོས་ཀྱི་འཚོ་བའི་ཁྲོད་དུ་མི་ཞིག་གིས་གཞན་གྱི་རྣམ་འགྱུར་དང་བྱ་སྤྱོད་ལ་བརྟེན་ནས་འཚོ་བ་སྐྱེལ་དགོས་ན་ངོ་མ་ཅི་འདྲའི་བཟོད་དཀའ་བ་ཞིག་རེད་ཨང་། ཡིན་ཡང་ཧཱ་པའི་ངོས་ནས་བལྟས་ན་དེ་ནི་དཀའ་ཚེགས་ཆེ་བའི་བྱ་བ་ཞིག་མ་ཡིན་ཏེ་འདོད་བློས་མ་ཁེངས་པའི་ཧམ་སེམས་ཀྱི་ཚྭ་ཆུས་ཁོའི་སྐོམ་གདུང་གི་འདོད་པ་སྐུལ་ནས་ཡོད་པ་ཡིན།
   ཐེངས་ཤིག་ཧཱ་པས་ཅུས་ཀྲང་ཀྱང་བཟི་འདུག་སྙམ་སྟེ་རིམ་བཞིན་རང་གི་གཏན་ཚིགས་དང་འགལ་ཏེ་ལས་ཁུངས་ནང་གི་མི་རེ་རེའི་སྐྱོན་ཆ་དག་ཅུས་ཀྲང་ལ་ལྐོག་ལབ་བྱས། ཁོས་ཧ་ཅང་གསང་སྟབས་ཀྱི་མིག་མདངས་དང་བཅས་ཅུས་ཀྲང་མེད་པའི་སྐབས་སུ་བུ་མོ་སུས་གཞུང་ལས་ཁང་དུ་ཐིག་ལྭ་སླེ་བ་དང་སྐྱེས་པ་སུས་གཞུང་ལས་ཁང་དུ་ཆང་འཐུང་བ་། མི་སུ་ཞིག་ཉིན་འགར་གྲིབ་གཟུགས་ཙམ་ཡང་མཐོང་རྒྱུ་མེད་པ། ད་དུང་མི་སུ་ཞིག་གིས་ལྐོག་ནས་ཅུས་ཀྲང་ལ་བསམ་འཆར་འདོན་གྱིན་ཡོད་པ་དང་། མི་སུ་ཞིག་གིས་ལྐོག་ཏུ་རིམ་པ་གོང་མར་སྙན་སེང་ཞུ་ཡིན་ཡོད་ཚུལ་སོགས་ཏེ་ཅུས་ཀྲང་གིས་སྔོན་ནས་ཤེས་ཚོར་བྱུང་ཟིན་པའི་སྐོར་དང་གཏན་ནས་ཚོར་སྣང་མ་བྱུང་བ་མང་པོ་ཞིག་རེ་རེ་བཞིན་བཤད་པ་དང་། དང་ཐོག་ཧཱ་པ་ལ་ཤ་ཚ་མཁན་ཅུས་ཀྲང་དང་ཀྲུའུ་རེན་བུ་མོ་ལས་མེད་ནའང་ཕྱིས་ཧཱ་པས་རང་ཉིད་ཀྱི་ཀྲུའུ་རེན་གྱི་དབང་ཆ་དེ་བེད་སྤྱོད་ནས་ལས་གྲོགས་ཚང་མར་བསླུ་བྲིད་བྱས་ཏེ་ཁོའི་ཕྱོགས་སུ་བསྐོར་པ་མ་ཟད། ད་དུང་ལྐོག་ཏུ་ཚང་མར་ཅུས་ཀྲང་དང་དྲུང་ཡིག་བུ་མོའི་སྐོར་གྱི་ངན་གཏམ་བཤད་ནས་ལས་ཁུངས་ཀྱི་གོང་རིམ་དང་འོག་རིམ་བར་ལ་ཕུང་དཀྲུག་རྒྱབ་ཀྱི་ཡོད། དེ་ལྟར་“ལྕགས་ཀྱི་མཆུ་ཏོ”ཞིག་འཁྱེར་ནས་ཡ་གི་དང་འདི་གི་ཕ་གི་དང་མ་གི་ཞེས་དཀྲུག་དྲག་ན་མཐའ་འབྲས་ནི་གྱོད་དང་ཁ་མཆུའི་རྩོད་པ་ལས་ཞི་བའི་སྙིང་པོ་དང་བྲལ། དུས་རྒྱུན་འཚོ་བ་དང་ལས་ཀ་གང་ཡིན་ཡང་སྐད་ཆ་མདུན་དུ་བཤད། ལྕང་ལོ་རྒྱབ་ལ་གཡུགས་ཞེས་པ་ལྟར་བྱུང་ན་མི་བདེ་རང་སྐྱིད་ཡོང་ངེས་ཤིང་སྒེར་གཞུང་གང་ནས་ཀྱང་མཐུན་སྒྲིལ་གྱི་རྩ་བ་བཙུགས་ནས་བདེ་སྐྱིད་ཀྱི་མེ་ཏོག་བཞད་ངེས་ཡིན།
   ༢ ཧཱ་པ་ནི་སྤྲེལ་ལད་ལ་དགའ་ཞིང་དྲིན་ལན་དྲིན་ལོག་ཏུ་བསམ་མཁན་ཞིག
ཧཱ་པ་ནི་ལས་ཁུངས་སུ་ཡོང་རྗེས་ཁོའི་སྤུ་མདོག་ཇེ་ཡག་ཏུ་གྱུར་པ་དང་ལུས་པོའང་ཇེ་རྒྱས་སུ་སོང་བ་དང་བསྟུན་ནས་ཁོའི་“ཁྲབ་རྩལ”གྱི་ནུས་རྩལ་ཡང་ཇེ་མཐོར་ཕྱིན་ཡོད་དེ། ཉིན་ལྟར་ཅུས་ཀྲང་གི་ཀོ་ལྷམ་འབྱིད་རོགས་དང་ལྭ་བ་འཕུད་གྲོགས་བྱེད་པ། ལྕགས་ཐབ་ནང་གི་མེ་གསོ་བ། ཇ་ཕོར་ནང་དུ་ཤོང་དཀར་རྩེ་མོ་སྦོང་བ། ཡིག་ཆ་ཉར་ཚགས་བྱེད་པ། ཁང་པར་གད་བདར་བྱེད་པ། ཁང་པའི་སྒོ་རྒྱག་པ་དང་སྤྱོད་ཁང་གི་སྒོ་འབྱེད་པ་སོགས་བྱེད་པ་དང་། དྲུང་ཡིག་བུ་མོ་དང་ངོ་ཤེས་ནས་བཟང་སར་གྱུར་དུས་ཁོས་དྲུང་ཡིག་བུ་མོའི་ཀོ་ལྷམ་ལ་ལྕེ་ལྡག་བྱས་པ་དང་ཁོ་པ་སྙན་ངག་པ་ཡིན་ཚུལ་སོགས་བརྗོད་ཀྱི་ཡོད།  ཅུས་ཀྲང་གིས་ཧཱ་པ་རྫོང་དཔོན་ལ་མཚམས་སྦྱོར་བྱེད་པའི་སྐབས་སུ་ཁོས་ཅུས་ཀྲང་གི་ཆང་ལས་སྤུས་དག་པའི་མའོ་ཐའེ་ཆང་ཞིག་རྫོང་དཔོན་གི་ལག་རྟགས་སུ་བྱིན་པ་དང་རྫོང་དཔོན་གྱིས་ཧཱ་པ་བཟང་པོ་ཞིག་རེད་ཅེས་བསྔགས་བརྗོད་བྱས་ཚེ་ཁོས་མགོ་བོ་ཟིང་ཟིང་དང་སྣ་རྫེ་རྫར། རྔ་མ་གཡུག་གཡུག་བཅས་རྫོང་དཔོན་ལ་ཧ་ཅང་དགའ་བ་དང་དུངས་པའི་རྣམ་འགྱུར་བསྟན་པ་དང་ཁོའི་ནག་ཅིང་འོད་ཡུག་ཡུག་བྱེད་པའི་སྣ་རྩེ་ཡིས་རྫོང་དཔོན་གྱི་རྣ་དང་འགྲམ་པ་ནས་ཐོད་པ་དང་སྣ། མཆུ་འདབ་བཅས་ལ་སྣོམ་སྣོམ་བྱེད་པ་དང་། ད་དུང་ཅུང་པྲ་ཆལ་དང་གཅེས་ལང་གི་རྣམ་འགྱུར་སྣ་ཚོགས་བསྟན་ནས་རྫོང་དཔོན་གྱི་ལག་པ་དམ་དུ་འཐམས་ནས་མི་གློད་པའམ། སླར་ཡང་ས་རུ་བབས་ནས་ས་ལྡིང་གནམ་ལྡིང་དང་ཕར་ལྡིང་ཚུར་ལྡིང་། ཀག་གིས་ལངས་ནས་འགྲོ་བ་སོགས་སྤྲེལ་ལད་ཀྱི་རྣམ་འགྱུར་སྣ་ཚོགས་བསྟན་གྱི་ཡོད་ལ། རྫོང་དཔོན་གྱིས་འབྲོག་ཁྱི་དེ་བཤའ་ནས་གསོལ་སྟོན་དུ་བཤམས་དུས་ཧཱ་པས་རྫོང་དཔོན་གྱི་ངོ་སོ་དང་། རྫོང་དཔོན་ལ་སྤྲེལ་ལད་གིས་དབང་དུ་རང་རིགས་ཀྱི་ཤ་དེར་སྣང་དོགས་ཅི་ཡང་མེད་པར་ཟ་བ་དང་ད་དུང་ང་ཨ་མའི་ཁོག་ནས་བུད་པ་ནས་བཟུང་འདི་འདྲའི་ཤ་ཞིམ་པོ་ཞིག་ཟོས་མ་མྱོང་ཞེས་པ་ལས་ཧཱ་པ་ནི་རང་ཉིད་ཀྱི་ཁེ་ཕན་དང་གོ་སའི་སླད་དུ་“ཡོད་ཚད་”དོར་ཕོད་པ་ཞིག་རེད། ཧཱ་པས་དྲུང་ཡིག་བུ་མོ་དང་གཉེན་སྒྲིག་བྱེད་འདོད་ཡོད་ཅིང་རྟག་ཏུ་ཁོ་མོའི་མདུན་དུ་རང་ཉིད་ཀྱི་ལས་ཀའི་ནུས་པ་ངོམ་གྱི་ཡོད་ཅིང་ཁོས་དྲུང་ཡིག་བུ་མོས་མཐོང་ཆེན་ཡོང་བའི་ཆེད་དུ་ཅུས་ཀྲང་ལ་ཡང་ཡང་རེ་ཞུ་བྱས་ནས་རང་ཉིད་ཀྲུའུ་རེན་དུ་འདུག་ཐུབ་པ་དང་། ཀྲུའུ་རེན་གྱི་གོ་གནས་དེས་ཁོའི་འདོད་བློ་མ་ཁེངས་པར་དེ་ལས་མཐོ་བའི་དཔོན་ས་ཞིག་རག་ཆེད་ཁོས་རྫོང་དཔོན་གྱི་མདུན་དུ་སྤྲེལ་ལད་སྣ་ཚོགས་ཁྲབ་པ་སོགས་ནི་རང་ཉིད་ཀྱི་ཁེ་ཕན་དང་གོ་སའི་སླད་དུ་ཡིན་ཅིང་དེ་དག་གི་བརྒྱུད་རིམ་ཁྲོད་དུ་ཁོས་རང་ཉིད་ལ་སྙིང་ནས་བརྩེ་བའི་བདག་པོ་དག་ཀྱང་ཕངས་མེད་དུ་དོར་བ་རེད། ཧཱ་པའི་དང་ཐོག་གི་བདག་པོ་དེ་ལས་ཁུངས་སུ་ཡོང་ནས་“ཁྱོད—ཁྱོད—ངོ་ཚ་མེད་པ་ཁྱོད། རྒྱུ་འབྲས་མེད་པ་ཁྱོད། ད་ནི་ཁྱོད་ལ་ང་ཡང་མི་དགོས་པ་རེད་དམ། ངས་ད་བར་དུ་ཁྱོད་ཇི་ལྟར་བསྐྱངས་པ་དེ་བརྗེད་སོང་བ་ཨེ་རེད། ཁྱོད—ཁྱོད—ད་ལྟ་ཡུལ་དུ་འགྲོ་རྒྱུ་ཨེ་ཡིན། ཁྱོད་ཀྱིས་ང་ལ་དེ་ལྟར་ཁྲེལ་མེད་བྱེད་དོན་ཅི་ཡིན།……”ཞེས་པའི་འདྲི་ཚིག་ལ་བལྟས་ན་ཧཱ་པས་ཁོ་པ་དང་ཁ་བྲལ་ནས་“ཁྲེལ་མེད”བྱས་པ་གསལ་པོར་ཤེས་ཐུབ། ཡིན་ཡང་བདག་པོ་དེས་འུ་ཐུག་དང་བཅས་ངས་སྔོན་ཆད་ཁྱོད་ལ་ཤ་ཞིམ་པོ་རྐྱང་རྐྱང་བྱིན་ནས་གསོས་པ་ཡིན་པས་ང་དང་མཉམ་དུ་ཡུལ་ལ་འགྲོ་ཟེར་བས་ལན་དུ་ཧཱ་པས་ང་ལའང་རང་ཉིད་ཀྱི་མདུན་ལམ་འཚོལ་བའི་དབང་ཆ་ཡོད། ཁྱེད་ཀྱིས་ད་དུང་བར་ཆད་བཟོ་ན་ངས་ཁྲིམས་ཁང་ལ་གཏུག་བཤེར་བྱ་རྒྱུ་ཡིན་ཟེར་བ་དང་། ཅུས་ཀྲང་དང་དྲུང་ཡིག་བུ་མོ་ནི་ཧཱ་པའི་དང་ཐོག་ལས་ཁུངས་ནང་གི་བཟང་ས་རེད། ཡིན་ཡང་“ཨ་ལ་གསར་ལ་གསར་དྲི། བསྡད་ཀིན་བསྡད་ཀིན་སྐྱག་དྲི།”ཞེས་པ་ལྟར་ལས་ཁུངས་སུ་ཅུང་གོམས་འདྲིས་སུ་གྱུར་བ་དང་གོ་གནས་ཆུང་ཆུང་ཞིག་རག་དུས་ལས་གྲོགས་རྣམས་ལ་ལྐོག་ཏུ་ཅུས་ཀྲང་དང་དྲུང་ཡིག་བུ་མོའི་ངན་གཏམ་བཤད་ནས་ལས་ཁུངས་ཀྱི་གོང་རིམ་དང་འོག་རིམ་བར་ལ་ཕུང་དཀྲུག་རྒྱབ་ཀྱི་ཡོད་ཅིང་། མཐར་རྫོང་དཔོན་གྱིས་ཅུས་ཀྲང་ལ་ཧཱ་པ་དེ་ཁོ་པར་དུངས་བ་དང་བརྩེ་བ་ཡོད་ཚུལ་གླེང་བ་དང་བསྟུན་ནས་ཧཱ་པ་དེ་ཁོ་པར་དགོས་འདོད་ཀྱི་འདུན་པ་བརྗོད་སྐབས་ཧཱ་པ་ནི་རང་ཉིད་ཀྱི་བདག་པོ་དང་བྲལ་མི་འདོད་པའི་སྐྱོ་མདངས་ནི་རྟའི་རྔ་མ་ཙམ་ཡང་མ་བསྟན་པར་མཟད་ཅུས་ཀྲང་གི་འཐད་ལེན་ལ་རེ་སྒུག་བྱས་ནས་བསྡད། དེ་ལྟར་བཀའ་དྲིན་ལ་བསམ་ཤེས་མེད་པར་དྲིན་ལན་ལ་ལོག་འཇལ་བྱས་པ་དེ་ནི་“འབྱོར་ཚེ་ཉེ་བའི་དྲུང་ན་ཁུད་ཁུད་དུ་འགྲོ་ཞིང་། རྒུད་ཚེ་རིང་བའི་ས་ནས་མཛུབ་ཀེར་གྱིས་འཕྱ་བ”དང་མཚུངས་ལ། རང་ཉིད་རང་ཚུགས་ཐུབ་པ་ཞིག་ཏུ་གྱུར་དུས་སྔོན་གྱི་བདག་པོ་མི་གཙང་བ་བཞིན་རྒྱབ་ཏུ་བསྐྱུར་ནས་གཞན་ལ་ངོ་དགའ་སྤྲེལ་ལད་བྱས་པའི་སྐྱུག་བྲོ་བའི་ངང་ཚུལ་དེ་ནི་ཧཱ་པའི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡིན་ནོ།།                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                 
  ༣ ཧཱ་པ་ནི་ཧ་ཅང་འདྲིས་སླ་ནའང་ཧམ་སེམས་ཆེ་བ་ཞིག་ཡིན།
   གཞན་ཡང་ཧཱ་པ་དང་འབྲེལ་འདྲིས་བྱེད་ཚེ་ཧོབ་སྟེ་བལྟས་པས་མི་ཤེས་པར་ཞག་གསུམ་གཤིབ་པ་ལས་ཁོའི་གདོང་རིས་མཐོང་བ་དེ་ཡང་ཧཱ་པའི་ཁྱད་ཆོས་བྱེ་བྲག་ཅིག་ཡིན་ཏེ། དང་ཐོག་གི་བདག་པོ་ལས་འཁྱུར་རྒས་པོ་དེ་ཡིན་ནའང་འདྲ། ཅུས་ཀྲང་དང་། དྲུང་ཡིག་བུ་མོ། ཡང་ན་རྫོང་དཔོན་ཡིན་ནའང་འདྲ་ཚང་མ་དང་ལོ་གསུམ་གྱི་སྐྱོ་བ་བརྗོད་མི་དགོས་པར་ཞག་གཅིག་གི་བདེ་བ་བཞིན་ཚེགས་མེད་ངང་འདྲིས་ལོབས་སུ་གྱུར། ཡིན་ཡང་ཁོ་ཚོས་ཧཱ་པ་ནི་ཕྱི་འཇམ་ནང་རྩུབ་ཀྱི་བོང་བུའི་ཨོང་རིལ་ཞིག་ཡིན་པ་མ་ཤེས། ཧཱ་པ་ལ་གང་ཡང་མེད་པ་ནས་ཀྲུའུ་རེན་གྱི་གོ་གནས་སུ་འདུག་ཐུབ་པ་དང་དེ་ནས་རྫོང་དཔོན་གྱི་“རྔ་མ”ཞིག་ཏུ་གྱུར་བའི་བརྒྱུད་རིམ་ཁྲོད་དུ་ཁོའི་ཧམ་སེམས་ཀྱི་མཆེ་བ་དེ་སྔར་ལས་ཇེ་སྦོམ་དང་སྔར་ལས་ཇེ་རྣོར་གྱུར་ཡོད་པ་སྟེ། དང་ཐོག་ཧཱ་པ་ནི་ཧ་ཅང་ཉམ་ཐག་པ་ཞིག་ཡིན་ཁར་ཅུས་ཀྲང་ལ་གུས་ཚུལ་དང་དུངས་ཚུལ་བྱས་ནས་རིམ་བཞིན་ཀྲུའུ་རེན་གྱི་གོ་གནས་སུ་འདུག་ཐུབ་དུས་ཁོས་སྔོན་ལྟར་ཡར་ཞུ་བྱེད་པའི་རྣམ་འགྱུར་ལས་ལྡོག་སྟེ་བྱ་བ་གང་དང་ཅི་ལ་ཡང་གྲོས་སྡུར་བྱེད་པའི་སྤྱོད་ཚུལ་མངོན་ཡོང་བ་མ་ཟད། མཚམས་མཚམས་སུ་ལས་ཁུངས་ཀྱི་མ་འོངས་པའི་བྱ་བའི་ཐད་འཆར་གཞི་གསར་པ་བཏོན་ཡོང་བ་དང་། “ཁྱི་ངན་མཐོ་སར་བཞག་ན། མར་ལ་ལྡིང་གྲབས་བྱེད”ཅེས་པ་ལྟར་ཅུས་ཀྲང་གིས་ཧཱ་པར་སྐྱོན་བརྗོད་ཡི་གེ་ཞིག་ཕྲིས་ཤོག་ཟེར་བ་ན་དེའི་ལན་དུ་ཧཱ་པས་ཚོགས་རའི་ནང་དུ་བརྩེ་དུངས་མཚོན་པའི་སྙན་ངག་ཅིག་གྱེར་འདོན་བྱེད་པ་དང་བསྟུན་ནས་རང་ཉིད་ལ་སྐྱོན་བརྗོད་མ་བྱེད་པར་དེ་ལས་ལྡོག་ཏེ་ཚུར་ཅུས་ཀྲང་ལ་སྐྱོན་བརྗོད་བྱས་པ་དང་ལས་ཁུངས་ཀྱི་བྱ་བའི་ལམ་ལུགས་སྐོར་ཞིག་བཅོས་བསྒྱུར་བྱེད་དགོས་པའི་བསམ་འཆར་འདོན་པ། དེ་བཞིན་ཅུས་ཀྲང་གི་ལས་ཀའི་སྒྲུབ་སྟངས་ཐད་ནོར་འཁྲུལ་ཡོད་ཚུལ་གྱི་སྐད་ཆའང་མངོན་སུམ་དུ་འཆད་ཀྱིན་ཡོད། རང་རིགས་ཀྱི་“ཀི་ཧོར་པོས་བརྒྱབ་རྒྱུ་ཧོར་མོས་བརྒྱབས། ཁྱི་བདག་པོས་འགོག་རྒྱུ་མགྲོན་པོས་བཀག”ཅེས་པའི་གཏམ་དཔེ་འདི་ཧཱ་པ་ལ་སྦྱར་ན་ཤིན་ཏུ་ནས་འཚམས་པ་ཞིག་ཡིན་ཏེ། ཅུས་ཀྲང་གིས་ཧཱ་པ་ཁྲིད་ནས་རྫོང་དཔོན་ལ་ངོ་སྤྲོད་ཞུ་རྩིས་བྱས་དུས་འགྲམ་ནས་ཧཱ་པས་ཁ་སྔོན་ལ་གྲགས་པ་དང་། ཐེངས་ཤིག་ཅུས་ཀྲང་གིས་ཧཱ་པ་ཁྲིད་ནས་གཞི་རིམ་ལ་སོང་བའི་སྐབས་སུ་ཅུས་ཀྲང་གིས་ཡུལ་ཚོ་ལ་འཚམས་ལན་ཞུ་རྩིས་བྱེད་དུས་ཧཱ་པས་“བདེ་མོ་ཡིན”ཞེས་སྔོན་ལ་འབུད་ཅི་ཐུབ་བྱེད་པ་དང་། ཇ་འཐུང་དུས་ཀྱང་ཧཱ་པ་ནི་གོང་རིམ་གི་མགོ་ཁྲིད་ཀྱི་བཟོ་ལྟ་ངོམ་སྟེ་ཅུས་ཀྲང་གི་སྔོན་ལ་འབུད་ཅི་ཐུབ་བྱས་པ་སོགས་ལས་ཁོའི་ཧམ་སེམས་ཀྱི་མཆེ་བ་དེ་མི་མངོན་པའི་ཚུལ་དུ་སྐུང་ནས་ཡོད་པ་གསལ་པོར་རྟོགས་ཐུབ་བོ།

            གསུམ་པ། སྒྱུ་རྩལ་གྱི་མཚོན་ཐབས།
   སྒྱུ་རྩལ་གྱི་མེ་ཏོག་ལྡུམ་ར་ནི་བཀྲག་མདངས་ལྡན་པ་ཞིག་ཡིན་ཅིང་རྩོམ་རིག་ནི་སྒྱུ་རྩལ་གྱི་ལྡུམ་ར་དེ་ན་གསོན་ཉམས་ལྡན་ཅིང་དྲི་བསུང་འཐུལ་བའི་མེ་ཏོག་ཞིག་ཡིན། སྒྱུ་རྩལ་ལ་རིགས་མི་འདྲ་བ་འགའ་ཡོད་དེ་དབྱངས་ཀྱི་སྒྱུ་རྩལ་དང་། བཟོ་དབྱིབས་སྒྱུ་རྩལ། རིས་བྲིས་སྒྱུ་རྩལ། འདྲེས་མའི་སྒྱུ་རྩལ། རྩོམ་རིག་སྒྱུ་རྩལ་སོགས་ཡོད་པའི་ནང་ལས་རྗོད་བྱེད་ཀྱི་སྒྲ་ཕུལ་དུ་བྱུང་བ་ནི་རྩོམ་རིག་ཡིན་ཞིང་རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་འཚོ་བ་མཚོན་པ་ཞིག་ཡིན། དེ་ཡང་སྤྱིར་རྩོམ་རིག་གི་སྐད་ཆ་ནི་གནད་ལ་འཁེལ་བ་དང་། བསྡུས་ཤིང་གསལ་བ། གསོན་ཉམས་ལྡན་པ་བཅས་ཀྱི་ཁྱད་ཆོས་ཡོད་ཅིང་ནང་གོས་སུ་ལུས་མི་འདྲ་བ་ལས་མཚོན་ཐབས་ཀྱི་སྐད་ཆའི་སྒྱུ་རྩལ་ཀྱང་མི་འདྲ་བ་ཡིན། སྒྲུང་གཏམ་གི་ལུས་ལ་བློ་རྩེ་གཅིག་གིས་འཇུག་པར་བྱེད་པའི་རྩོམ་པ་པོ་སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་གི་སྐད་ཆ་ནི་ཁ་གསལ་ཞིང་གསོན་ཉམས་ལྡན་པའི་ཁྱད་ཆོས་ལྡན་ཡོད་སྙམ། བོད་ཀྱི་རྩོམ་པ་པོའི་དཔུང་ཁག་ནང་དུ་ཁྱི་ཙམ་མ་ཟད་སྲོག་ཆགས་གཞན་བྲིས་པ་ཤིན་ཏུ་མང་ལ། སྲོག་ཆགས་ག་གེ་མོ་ཞིག་དམིགས་བཀར་དུ་གླེང་ནས་བརྩམས་ཆོས་ཀྱི་སྙིང་པོ་བསྟན་པའི་སྦས་དོན་རང་བཞིན་གྱི་སྒྲུང་གཏམ་ཞིག་ནི་ཅུང་གོ་དཀའ་བ་ཡོད། ཡིན་ཡང་བརྩམས་ཆོས་ཤིག་གི་རྣམ་ཤེས་སམ་བླ་སྲོག་ཡང་ན་ཁྲག་རྒྱུན་ལྟ་བུ་ནི་རྩོམ་གྱི་བསམ་བློའི་ནང་དོན་དང་སྒྱུ་རྩལ་གྱི་ཆ་དེ་གཅིག་བསྡུས་སུ་ཡོང་བ་བྱེད་རྒྱུ་དེ་ཡིན་ཞིང་སྦས་དོན་རང་བཞིན་གྱི་བརྩམས་ཆོས་དག་ཡང་ནས་བསྐྱར་དུ་ཀློག་ན་དེ་དག་ལས་བྲོ་བ་མི་འདྲ་བ་མྱང་རྒྱུ་ཡོད་དོ། དེས་ན་རྩོམ་པ་པོ་སྟག་འབུམ་རྒྱལ་གྱི་སྨྱུག་འོག་ཏུ་འབྲི་བཞེངས་བྱས་པའི་“ཁྱི་”ནི་རང་གི་ཁེ་ཕན་སླད་དུ་དྲིན་ལན་དྲིན་ལོག་ཏུ་བསམ་ཏེ་རང་ཉིད་རང་ཚུགས་ཐུབ་པ་ཞིག་ཏུ་འགྱུར་དུས་སྔོན་གྱི་བདག་པོ་རྒྱབ་ཏུ་སྐྱུར་ནས་གཞན་ལ་ངོ་དགའ་སྤྲེལ་ལད་བྱས་པའི་སྐྱུག་བྲོ་བའི་ཆ་ཞིག་དང་རང་ཉིད་ཀྱི་བདག་པོའི་ཁེ་ཕན་སླད་དུ་རང་ཉིད་ཀྱི་ཚེ་སྲོག་ཀྱང་དོར་བར་ནུས་པའི་བླ་ན་མེད་པའི་ལྷག་བསམ་བཅས་མཚོན་གྱི་ཡོད། སྐབས་སུ་བབ་པ་ནི<<ཧཱ་པ་གསོས་པའི་ཟིན་བྲིས>>དེ་ཡིན་པ་ན་དེ་གླེང་བར་བྱའོ། ཀོར་འར་ཅིས་རྩོམ་འབྲི་ཚེ་འདི་འདྲའི་ཚད་ལ་ཐོན་དགོས་སྟེ། ཡི་གེའི་སྒོ་ནས་བཀོད་འབྲི་བྱས་པའི་ཀློག་པ་པོས་བཀླགས་པའི་ཆོས་དེ་དག་ནི་ཐོགས་རེག་ཐུབ་པ་ཙམ་དུ་ཡོང་དགོས་ཞེས་གསུངས་པ་ལྟར་རྩོམ་དེ་ཉིད་ལ་ནུས་པ་དེ་ལྟར་ཐོན་ཡོད། རྩོམ་པ་པོ་སྟག་འབུམ་རྒྱལ་གྱི་བརྩམས་ཆོས་སུ་ཁྱི་བྲིས་པ་མང་པོ་ཡོད་ཅིང་དེ་དག་ལས་རྩོམ་པ་པོས་ཁྱིའི་བྱ་སྤྱོད་དང་ངང་ཚུལ་ལ་དོ་སྣང་ཆེན་པོ་གནང་ཡོད་པ་གསལ་པོར་རྟོགས་ཐུབ། ལྷག་དོན<<ཧཱ་པ་གསོས་པའི་ཟིན་བྲིས>>དེ་ཉིད་རྩོམ་པོས་ཁྱིའི་རིགས་ལ་མཉམ་འཇོག་ལས་ཐོབ་པའི་སྒྱུ་རྩལ་གྱི་བརྩམས་ཆོས་གཟི་འོད་འབར་བ་ཞིག་ཡིན་པ་ནི་སུས་བསྙོན། སྤྱིར་སྒྲུང་ཐུང་ཞིག་ཡིན་པའི་ངོས་ནས་བལྟས་ན་དེ་ལ་བྱུང་རིམ་འཕེལ་རྒྱས་དང་། མི་སྣ་མང་ཉུང་། བྱ་སྤྱོད་ཞིབ་འབྲི། མི་སྣ་གསར་བཞེངས་སོགས་གང་ནས་ཀྱང་ཚད་བཀག་དང་རེ་བ་ངེས་ཅན་ཅིག་ཡོད། རྩོམ་པ་པོས་ཚད་བཀག་ངེས་ཅན་ལྡན་པའི་རྩོམ་ལུས་དེའི་ནང་ཧཱ་པའི་ཁྱད་ཆོས་དག་ལ་སྣོན་འཕྲི་ཅུང་ཟད་བྱས་ནས་རྩོམ་ལུས་འདིའི་རེ་བ་དང་དུ་བླངས་ནས་མི་སྣའི་གཟུགས་བརྙན་དེ་ལྟརབྲིས་པ་ནི་སྦྲུལ་ལ་རྐང་པ་བྲིས་པ་ལྟར་དུ་མ་སོང་བར་འབྲུག་ལ་མིག་བྲིས་པ་བཞིན་ཚད་དང་རན་པ་ཞིག་བྱུང་ཡོད། དཔེར་ན་རྩོམ་དུ་བྱུང་བ་ལྟར་ཧཱ་པས་མགོ་བོ་ཟིང་ཟིང་དང་ཀེར་ཀེར་བྱེད་པ། སྣ་རྫེ་རྫེ་དང་མིག་འཛུམ་འཛུམ། རྔ་མ་གཡུག་གཡུག་དང་ཀེར་ཀེར་བྱེད་པ། མཆུ་འདབ་ཀྱིས་སྣོམ་སྣོམ་བྱེད་པ། པྲ་ཆལ་དང་གཅེས་ལང་གི་རྣམ་འགྱུར་སྣ་ཚོགས་བསྟན་པ། གཞན་གྱི་ལག་པ་དམ་དུ་འཐམས་ནས་མི་གློད་པ། ས་ལྡིང་གནམ་ལྡིང་དང་ཕར་ལྡིང་ཚུར་ལྡིང་། ཀག་གིས་ལངས་ནས་འགྲོ་བ་སོགས་རྣམ་ཀུན་གྱི་ཧཱ་པའི་ཁྱད་ཆོས་དག་བཟུང་ནས་སྲིད་འཛིན་གྱི་སྡེ་ཁག་ནང་དུ་“མགོ་གཉིས་མ”འགའི་སྤྲེལ་ལད་ཀྱི་རྣམ་འགྱུར་དང་བྱ་སྤྱོད་ལ་སྦྱར་ནས་གླེང་ཡོད་པས་དེ་བརྗོད་དོན་ཉོག་པ་དང་འཁྲུག་པ། སྒྱུ་རྩལ་གྱི་མདངས་ཉམས་པ་སོགས་མ་བྱུང་བར་དེ་ལས་ལྡོག་སྟེ་རྩོམ་གྱི་བསམ་བློའི་ནང་དོན་དང་སྒྱུ་རྩལ་གྱི་ཆ་དེ་གཅིག་བསྡུས་ངང་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད་དོ།
   བརྩམས་ཆོས་འདིའི་མཚོན་བྱེད་ཀྱི་ཐད་ནས་ཁ་ཧྥུ་ཁ་ཡི་<<གཟུགས་འགྱུར་ཟིན་ཐོ>>  (<<变形记>>)དང་ཅུང་འདྲ་ནའང་འདི་ནི་“རང་གི་ས་ཞིང་སློག་ཅིང་ས་བོན་བཏབ་ནས་སྨིན་པའི་འབྲས་རྡོག་ཅིག་ཏུ་བརྩི་རུང”ཞེས་གསུངས་པ་ནི་བདེན་པར་སེམས། རང་རེའི་སྲོལ་རྒྱུན་སྒྲུང་གཏམ་ལ་མིག་ཤར་ཅིག་རྒྱབ་ན་དེ་ལས་དཔེ་སྲོག་ཆགས་ལ་བཞག་ནས་དོན་མཚོན་པར་བྱས་པ་ཅུང་མང་ཙམ་སྣང་སྟེ།  <<བྱ་མགྲིན་སྔོན་ཟླ་བའི་རྟོག་བརྗོད>>   <<གཏམ་པད་མའི་ཚལ་གྱི་ཟློས་གར>>   <<བཙུན་པ་དང་གཡག་ལུག་ར་ཕག་གི་གཏམ་རྒྱུད>>   <<བྱ་སྤྲེལ་གཏམ་རྒྱུད>> <<རྫ་ཙིག་གི་གཏམ་རྒྱུད>>སོགས་ནི་དཔེ་སྲོག་ཆགས་ལ་བཞག་ནས་བརྗོད་དོན་མཚོན་པ་ཤ་སྟག་རེད། <<ཧཱ་པ་གསོས་པའི་ཟིན་བྲིས>>དེ་ནི་རྩོམ་པ་པོས་སྲོལ་རྒྱུན་གྱི་བསྡུས་བརྗོད་དམ་ཡང་ན་དཔེ་སྲོག་ཆགས་ལ་བཞག་པ་དེ་དག་ལ་སློབ་སྦྱོང་བྱས་ནས་དེ་དག་ལས་ཚད་མཐོ་བའི་ཐོད་བརྒལ་ཞིག་ཡིན་ལ་རྩོམ་པ་པོ་ཉིད་ཀྱི་བརྗོད་བྱ་ཁྱིར་བཟུང་བ་དེ་དག་ལས་ཁྱིའི་རང་གཤིས་དང་ཁྱད་ཆོས་དེ་དག་མིའི་རང་གཤིས་དང་ཁྱད་ཆོས་ལ་སྦྱར་ནས་ཚད་མཐོ་བའི་སྒྱུ་རྩལ་གྱི་ལམ་ནས་མཚོན་པར་བྱས་པའི་ཐོད་བརྒལ་ཞིག་ཀྱང་ཡིན་ནོ།

            བཞི་པ། སེམས་ཚོར་དང་མཇུག་བསྡུ།
   མིའི་རིགས་ཀྱི་བསམ་པའི་རྒྱལ་ཁམས་སྔོག་འདོན་དང་མིའི་སེམས་ཀྱི་གསང་བ་ལྐོག་གྱུར་ཡོད་དོ་ཅོག་ལ་འཚོལ་སྙེག་གནང་རྒྱུ་ནི་རྩོམ་རིག་གསར་རྩོམ་གྱི་ཆེས་རྩ་བར་འགྱུར་པའི་འོས་འགན་ཞིག་ཡིན་ཞེས་གསུངས་པ་ལྟར་མི་རྣམས་ནི་ཟུར་སྣེ་མི་འདྲ་བའི་འགལ་འདུའི་ཕུང་པོ་རི་ལྟར་སྤུངས་པའི་སྤྱི་ཚོགས་སུ་འཚོ་བ་རོལ་བཞིན་ཡོད་ལ་འགལ་འདུའི་ཕུང་པོ་དེ་དག་ལས་མི་རྣམས་ཀྱི་སེམས་ལ་དགའ་སྤྲོ།  སེམས་སྡུག ཡིད་ཆད། སྙིང་སྟོབས། སོགས་འགྱུར་བ་འདྲ་མིན་སྣ་ཚོགས་བྱུང་ཞིང་ཡོད། དེས་ན་ང་ཚོས་ཀྱང་ཧཱ་པའི་འགྱུར་བ་དང་བྱ་སྤྱོད་་ཡང་དམིགས་བསལ་གྱི་ཁོར་ཡུག་ཏུ་བཞག་ནས་དཔྱད་པ་གཏོང་དགོས་པ་ཡིན། “དམིགས་བསལ”་གྱི་ཁོར་ཡུག་ན་བློ་གཅིག་སེམས་གཅིག་དང་ལྷག་བསམ་ཟོལ་མེད་ཀྱི་ངང་ནས་རང་ཉིད་ཀྱི་བདག་པོར་ཞབས་ཞུ་གྲུབ་མཁན་གྱི་“མི་སྣ་”ནི་འབྲོག་ཁྱི་དེ་ཡིན། ཡིན་ཡང་འབྲོག་ཁྱིའི་རྒྱུ་དགེ་བ་ལ་འབྲས་བུ་དགེ་བ་ཞིག་ཐོབ་མེད་ཅིང་ཐ་ན་རང་ཉིས་ཀྱིས་གོང་དུ་བཀུར་བའི་བདག་པོས་རང་ཉིད་གཞན་གྱི་གསོལ་སྟོན་དུ་བཤམས་པ་དང་རང་རིགས་ཀྱི་ཧཱ་པའི་ཁ་ཟས་སུ་གྱུར་བ་རེད། དེར་རྩོམ་པ་པོས“དམིགས་བསལ”གྱི་ཁོར་ཡུག་འདིའི་ངང་ཚུལ་ལ་བལྟས་ནས་མིའི་རིགས་ཀྱི་བློ་དཀར་གཞུང་དྲང་དང་དྲི་མ་བྲལ་བའི་ལྷག་བསམ། འགྱུར་མེད་ཀྱི་ཡིད་ཆེས་སོགས་སྣང་ཆུང་དང་ཉམས་རྒུད་དུ་འགྲོ་བར་དོ་སྣང་དང་བསམ་གཞིག་བྱས་ཡོད། སྤྱིར་མི་ཙམ་མ་ཟད་སྣང་སྲིད་ཀྱི་ཆོས་ཐ་དག་ལ་དགེ་སྐྱོན་གྱི་མཐའ་གཉིས་ཡོད་པ་བཞིན་ཧཱ་པ་ལའང་རང་ཉིད་ཀྱི་དགེ་དང་རང་ཉིད་ཀྱི་སྐྱོན་ཡོད་ཅིང་ཧཱ་པ་ནི་སྐྱོན་ཀུན་རྫོགས་ཤིང་ཡོན་ཏན་ཐམས་ཅད་ཟད་པ་ཞིག་མ་ཡིན་ཏེ།“སྤྱིར་ན་རང་གི་འཛིན་པའམ་ཡུལ་ཅན་གྱི་འཛིན་པ་དེ་འབྱུང་བར་ཤེས་བྱ་དང་ཤེས་བྱེད་དམ་ཡུལ་དང་ཡུལ་ཅན་གཉིས་དགོས་ཤིང་། དེ་ལས་ཀྱང་ཡུལ་ཅན་གྱི་རིགས་སུ་གྱུར་བའི་རིགས་རྟོག(理性)འཐུས་ཚང་བ་ཞིག་དགོས། ཡུལ་“རང་ཉིད་ཀྱི་ཁྱད་ཆོས་དང་རང་གཤིས་དང་གནས་བབས་”སོགས་ཡུལ་ཅན་རང་རིག་གི་ཤེས་པས་རྟོགས་པར་བྱེད་པས་ད་གཟོད་འཛིན་པ་འདི་འབྱུང་བ་ཡིན། རང་གི་གནས་བབས་དང་འབྱུང་འགྱུར་ལ་ནམ་ཡང་“དྲན་ཤེས་”བསྟེན་ཅིང་བློ་ཞིབ་མོས་དཔྱོད་ཐུབ་པ་ཞིག་ཡིན་ན། ཁོའི་བདེ་སྡུག་རེ་དོགས་ཀྱི་འཛིན་པའང་ཆེ་སྲིད་ལ། དེ་བཞིན་རང་གི་འཛིན་པའམ་ཡུལ་ཅན་གྱི་འཛིན་པའང་ཆེ་བ་ཡིན་”ཞེས་གསུང་པ་ལྟར་འགྲན་རྩོད་ཀྱི་བང་ཁ་མགྱོགས་པའི་དེང་གི་སྤྱི་ཚོགས་སུ་ཧཱ་པས་དམའ་མཐའ་ཡང་གོ་མེད་ཚོར་མེད་དང་། ཐམ་མེ་ཐོམ་མེ། ཆལ་ལེ་ཆོལ་ལེ། ཧ་ན་ཧོ་ནེ་བཞིན་མ་བསྡད་པར་སྤྱི་ཚོགས་ཀྱིས་འདོན་པའི་འགྲན་རྩོད་ཀྱི་ཚ་རླབས་དང་དུ་བླངས་ནས་རང་ཉིད་ཀྱི་ཁེ་ཕན་དང་ཐོབ་ཐང་ལ་བརྩོན་ལེན་བྱས་པ་ཞིག་ཡིན་པས་ན། འུ་ཚོས་་མིག་མདངས་གསར་པ་ཞིག་ལ་བརྟེན་ནས་ཧཱ་པ་ལ་བལྟས་པ་ལས་མཐའ་གཅིག་ཏུ་སྐྱོན་དུ་རློམ་ནས་ཐུ་ཞག་དང་མཆིལ་མ་འཕེན་མི་རིགས་སོ།
       གཞན་ཡང་མི་སྔའི་སྤྱི་ཚོགས་ཀྱི་གནས་སྟངས་ལ་བསམ་ན་རྩོམ་པ་པོས་རྩོམ་གྱི་བརྗོད་བྱ་འདེམ་པ་རྣག་ཐོག་གཙག་འཁེལ་ལྟ་བུའི་ནུས་པ་ཐོན་ཅིང་དེ་ལྟ་བུའི་བརྩམས་ཆོས་ནི་སྤྱི་ཚོགས་འདིའི་ནད་རྙིང་ལ་ཕན་པའི་སྨན་མཆོག་ཅིག་ཡིན་ཞིང་སྒྲུང་གཏམ་གི་ལས་ལ་འཇུག་པའི་སྨྱུག་ཐོག་པ་རྣམས་ཀྱིས་ཀྱང་དེ་ལྟ་བུའི་བརྗོད་དོན་ལ་སྨྱུག་རྩེ་བསྒྱུར་ན་ཤིན་ཏུ་ལེགས་པར་སེམས།       

དཔྱད་གཞིའི་ཡིག་ཆ།
① <<རྒུད>>ཀྱི་རྩོམ་པ་པོ་མཚམས་སྦྱོར་ལས་བཤུས།
② མདོ་འཛིན་པ་ཆོས་སྐྱོང་གྱིས་ན་གཞོན་རྩོམ་པ་པོ་སྟག་འབུམ་རྒྱལ་ལ་བཅར་འདྲི་ཞུས་པའི་ཟིན་བྲིས་ཞེས་པ་ལས་བཤུས།
③ ཧྥིན་ཡུས་ཀྲུའུ་ཡིས་བརྩམས། སངས་རྒྱས་ཀྱིས་བསྒྱུར། <<སྒྲུང་གཏམ་གསར་རྩོམ་གྱི་ཤེས་བྱ་མུན་སེལ་སྒྲོན་མེ>>མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།   1987.8དཔར། ཤ 40
④<<བསམ་གཞིག་གི་ཁ་མདོག>> ཁྲི་སེམས་དཔའ། ཁན་སུའུ་མི་རིགས་དཔེ་སྐྲུན་མཁང་།  2008.4 དཔར།  ཤ 67
⑤<<འཚོལ་རྟོག་སྙིང་སྟོབས>> བདུད་ལྷ་རྒྱལ། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་། ཤ 71-72

        (མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཚོ་བའི་མེ་ལོང་། བསམ་གཞིག་གི་འོད་མདངས།

2014-02-19 བློ་བཟང་དཔལ་ལྡན།༼ལྷ་ས༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།