བདེན་སྣང་གིས་ཕྱུག་པའི་སྒྱུ་རྩལ་གྱི་འཇིག་རྟེན།༤

རིན་ཆེན། ༼ལན་ཀྲུ།༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-05-21

          གཉིས་པ། སྟག་འབུམ་རྒྱལ་གྱི་སྒྲུང་འབྲིང་གསར་རྩོམ་གྱི་ཁྱད་ཆོས་རགས་བཤད།    
  སྤྱིར་སྒྲུང་འབྲིང་ནི་མི་སྣ་བཀོད་སྒྲིག་བྱེད་སྟངས་དང་། བསྟན་དོན་གྱི་ཆ་ནས། འཚོ་བའི་འདུ་ཚད་ཀྱི་ཆ་ནས།  བྱུང་རིམ་བཀོད་སྒྲིག་བྱེད་སྟངས་སོགས་ཀྱི་ཐད་ནས་བཤད་ན་སྒྲུང་ཐུང་ལས་མི་སྣ་བཀོད་སྒྲིག་བྱས་པ་ཅུང་ཟད་མང་བ་དང་།  ཡིག་ཚོགས་ཀྱི་ཆ་ནས་སྒྲུང་རིང་ལས་ཅུང་ཟད་ཐུང་བ།   བསྟན་དོན་ཆིག་རྐྱང་ཅན་ཞིག་མ་ཡིན་པར་འཚོ་བའི་འདུས་ཚད་ཅུང་ཟད་ཁྱབ་རྒྱ་ཆེ་བ་ཅན་ཞིག་ཡིན་དགོས་པས། སྒྲུང་འབྲིང་ནི་སྒྲུང་ཐུང་དང་སྒྲུང་འབྲིང་གཉིས་ཀྱི་བར་ན་གནས་ཡོད་པ་ཞིག་ཡིན། ཡང་གཅིག་བཤད་ན། སྒྲུང་འབྲིང་ཞིག་ཡིན་ཕྱིན་ཡང་ན་བསྟན་དོན་ཆིག་རྐྱང་ཅན་ཞིག་ཆེ་མཐར་ཆགས་སུ་བཀྲམ་ཐུབ་པ་དགོས་པ་དང་། བསྟན་དོན་ཟབ་རྒྱས་སུ་བཀྲམ་པའི་སྒོ་ནས་བབ་ཆེན་པོ་ཞིག་སྒྲུབ་པ་ལྷུར་དུ་བླངས་ནས་སྒྲུང་འབྲིང་གི་ལྗིད་ཚད་དེ་འདང་བར་བྱ་དགོས་པ་ཡིན། ཡང་ན་བསྟན་དོན་ལ་རིམ་པ་དུ་མ་ཅན་གྱི་རྣམ་པ་ཞིག་ཆགས་པ་བྱ་དགོས་པ་ཡིན། སྟག་འབུམ་རྒྱལ་ལ་ཆ་མཚོན་ནས་བཤད་ན་སྒྲུང་འབྲིང་ཡང་ཅུང་ཟད་མང་བར་མཐོང་སྟེ། ཁོ་ལ་སྒྲུང་འབྲིང་ཕྱོགས་བསྒྲིགས་《ཁ་བ་མེད་པའི་དགུན་ཁ》ཞེས་པ་ཞིག་དང་། དེ་མིན་《མེས་པོ་དང་ཁོས་གསོས་པའི་ཁྱི་གུ་དག》ཞེས་པ་དང་།《མི་རྐྱང་གཅོད་པའི་གཏམ་རྒྱུད་ཁྲོད་ཀྱི་སྒྲོལ་མ》《དབང་ཤུགས་དང་རེ་སྙེགས》《སྡེ་དཔོན》ཅེས་པ་སོགས་ཡོད་པའོ།   ཁོའི་《ཁ་བ་མེད་པའི་དགུན་ཁ》ནི་སྔར་བཞིན་རོང་འབྲོག་ཁུལ་གྱི་འཚོ་བ་བརྗོད་བྱར་བྱས་པ་ཞིག་ཡིན་ཞིང་། དེའི་    ནང་སྡེ་དཔོན་ལྟ་བུའི་མང་ཚོགས་ཀྱི་སླད་དུ་དཀའ་བ་སྟོང་ཕྲག་ཁྱད་དུ་བསད་ནུས་པའི་དྲང་ཕྱོགས་མི་སྣ་ཡོད་ལ། རྒད་པོ་དཔལ་སྐྱབས་ནས་གཙོས་པའི་“ཕྱུག་པོར་འགྱུར་འདོད་ན་སྡུག་མྱོང་ལོས་དགོས། འོན་ཀྱང་ང་ལ་མཚོན་ན་རྒྱལ་ཁབ་ཀྱི་དྲིན་ལ་ཕོ་བ་ལྟོགས་མི་དགོས་པར་འདུག་པས། དེ་འདྲའི་སྡུག་རུས་མེད་ལ་སྡུག་རུས་བྱེད་ཀྱང་མི་འདོད། དེ་ལས་དབུལ་སྐྱོར་ཟས་ཏེ་ཉི་མར་སྡེ་ནས་བསྡད་ན་སྐྱིད་པོ་རེད”ཅེས་བརྗོད་མཁན་གྱི་ཡུལ་མི་སྟེ། ཕྱུག་པོར་འགྱུར་འདོད་ན་སྡུག་མྱང་དགོས་པའི་རྒྱུ་འབྲས་གཏན་ཚིགས་ཀྱི་གནས་ལུགས་གསལ་བོར་ཤེས་ཀྱང་། དབུལ་སྐྱོར་ཕྲན་བུ་ཁོ་ནར་     དམིགས་ཏེ་མི་ཚེ་སྐྱེལ་བ་ལས། རང་གི་ལག་ཟུང་ལ་བརྟེན་ནས་ཕྱུག་པོའི་ལམ་དུ་བསྐྱོད་པའི་དཀའ་བ་ཁྱད་བསད་ཀྱི་སྙིང་རུས་མེད་ཅིང་། འཕེལ་རྒྱས་ཀྱི་འཚོ་བའི་ལམ་བུར་བསྐྱོད་པའི་འདང་རྒྱག་དང་ཧུར་བརྩོན་གྱི་སྙིང་སྟོབས་མེད་པར། བྱ་ནེ་ལེ་བཞིན་ཨ་བྲའི་ཟས་ཁོ་ནར་དམིགས་པ་བཞིན་དང་། “ཤིང་སྡོང་འོག་ཏུ་རི་བོང་སྒུག་པ”ལྟ་བུའི་དབུལ་སྐྱོར་ཕྲན་བུ་ཁོ་ནར་དམིགས་ནས་སྡོད་པ་ལས་འཚོ་བའི་དམིགས་འབེན་མི་གསལ་ཅིང་། འཚོ་སྡོད་ཙམ་མ་གཏོགས་འཚོ་གནས་ལ་མི་རེ་ལ། གནས་སྐབས་ཙམ་མ་གཏོགས་རྒྱང་རིང་ལ་མིག་རྒྱང་བསྲིངས་པའི་མིག་ཟུང་མེད་པ། མིག་མདུན་གྱི་བཟའ་བཏུང་ཕྲན་བུ་མ་གཏོགས་འཕེལ་རྒྱས་ཀྱི་ལམ་བུར་བཞུགས་པའི་འདང་རྒྱག་མེད་མཁན་གྱི་མདོ་མེད་ཡུལ་མིའི་སྒྱིད་ལུག་ཐ་ཤལ་གྱི་གཤིས་སྤྱོད་ཀྱང་ཡོད། ཁྱི་ཕྲུག་ཐར་ལྟ་བུའི་རང་དོན་གྱི་སླད་དུ་གཞན་ལ་གནོད་འཚེ་གཏོང་ཞིང་། ཡུལ་ཁྲིམས་མི་སྲུང་བར་ཁྲེལ་མེད་ལུང་མེད་བྱེད་མཁན་གྱི་མི་བུ་ཐ་ཤལ་བ་སྟེ། ཐམས་ཅད་རང་ཉིད་ཀྱི་ཁེ་ཕན་ཚད་ཐིག་ལ་བཟུང་ནས་གཞན་ལ་བལྟ་བར་བྱེད་མཁན་གྱི་འཁྱམས་པོའང་ཡོད། དེ་ཡང་ཡིན་ཏེ། དོར་ཞིས།“ཤེས་བརྩོན་ཐོས་པ་ཅན་གྱི་ཉམ་ཆུང་གི་ཁ་སྟབས།། བླུན་པོ་ནོར་རྐྱལ་འཁུར་བའི་དབང་ཤེད་ཀྱིས་བཅོམ་སྟེ།། ཆོས་མཐུན་  བཀུར་བསྟིའི་བཞུགས་གྲལ་གོ་ལོག་ཏུ་བསྡེབས་ནས།། སེང་གེ་ཁྱི་ཡི་གཡོག་ཏུ་འགྱུར་ཚུལ་དེ་སྐྱོ་བ།།”ཞེས་པའི་ནང་འཁོད་པ་ལྟར། གཞན་དོན་སླད་དུ་ལྷག་བསམ་རྣམ་དག་གིས་འབད་འབུངས་བྱེད་བཞིན་པའི་སྡེ་དཔོན་ལྟ་བུར་ཁྱི་ཕྲུག་ཐར་ལྟ་བུའི་མདོ་མེད་སྐྱེ་བུ་དག་གིས་གནོད་འཚེ་གཏོང་བཞིན་པའི་གནས་ཚུལ་ཡང་ཡོད། དེ་མིན་ཡུལ་གཙོ་ཐར་ལྟ་བུའི་སྤྱང་ཀི་ཁྲག་ལ་རྔམས་པ་ལྟ་བུའི་གཞན་གྱི་རྒྱུ་ནོར་ལྐོག་ཟ་བྱེད་པར་འཛེམས་བག་མེད་མཁན་གྱི་རུལ་སུང་དཔོན་པོ་ཡང་ཡོད། དེ་མིན་རྒྱུ་འཕྲོག་དང་ཤོ་སྦག་རྒྱན་རྩེད་ལ་བག་མེད་རོལ་མཁན་གྱི་མང་ཚོགས་ཀྱི་སྣང་བརྙན་ཡང་ཞིབ་འབྲི་བྱས་ཡོད།  དེ་མིན་ཁྱི་ཕྲུག་ཐར་ལྟ་བུའི་དམིགས་བསལ་གྱི་ཁྱད་ཆོས་ཏེ་ལུག་ཤ་རྡོ་སྲེག་བྱེད་ཤེས་པའི་དབང་གིས་ལྟ་སྐོར་ལས་བྱེད་པར་སྣེ་ལེན་བྱེད་མཁན་གྱི་གྲས་སུ་ཚུད་པའི་མི་སྣའི་འགྱུར་ལྡོག་ཀྱང་ཡོད། རྩོམ་འདིས་དེ་ལྟ་བུའི་འབྲོག་ཁུལ་གྱི་འཚོ་བའི་བརྙན་རིས་ཤིག་ང་ཚོའི་འདྲེན་བྱེད་ཟུང་གི་དགའ་སྟོན་དུ་བཤམས་ཏེ། ནམ་ཡང་འཕེལ་རྒྱས་མེད་པའི་འབྲོག་ཁུལ་གྱི་ཡུལ་མི་ཚོའི་སྒྱིད་ལུག་གི་གཤིས་སྤྱོད་ཐ་ཤལ་བ་ཞིག་ཞིབ་འབྲི་བྱས་ཏེ། ཐུན་མོང་གིས་འབད་པ་མེད་ན་སྡེ་དཔོན་ལྟ་བུའི་མི་སྣས་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་ཀྱང་དེ་ནི་ཁ་བ་མེད་པའི་དགུན་ཁ་ཞིག་དང་      མཚུངས་པར་རེ་བའི་འབྲས་བཟང་སྨིན་མི་ཐུབ་པའི་གནས་ཚུལ་བཀོད་ཡོད་པས། རྩོམ་དེར་དོར་ཞིས་གསུངས་པའི་ “རྨོངས་པའི་གཉིད་ལས་སད་བྱེད་འབྲུག་གི་སྒྲ།། གཤིས་ངན་དུག་སྦྲུལ་ཚང་བརྟོལ་གནམ་ལྕགས་ཐོག ། ཡ་རབས་སྣང་བའི་ལམ་སྟོན་ནམ་མཁའི་ནོར།། དགོངས་གཞིར་བྱས་པ་སྒྱུ་རྩལ་མཆོག་ཏུ་བསྔགས།།”ཞེས་པ་བཞིན་རྒད་པོ་དཔལ་སྐྱབས་ནས་གཙོས་པའི་མི་སྣ་དག་སྒྱིད་ལུག་གི་གཤིས་སྤྱོད་དང་རྨོངས་ཞེན་གྱི་གནས་ལས་སད་རྒྱུར་འབོད་སྐུལ་གྱི་ཅོང་བརྡ་སྒྲོག་ཡོད་པས་བརྩམས་སྒྲུང་ཁྱད་དུ་འཕགས་པ་ཞིག་ཏུ་མཐོང་།   རྩོམ་དེའི་ནང་ཁ་བ་དེ་མཚོན་བྱེད་ཙམ་དུ་བཀོད་པ་ལས་རྩོམ་གྱི་རྒྱབ་ལྗོངས་སུ་བྱས་མེད། དེ་ནི་པདྨ་ཚེ་བརྟན་གྱི་《ཁ་བ་མེད་པའི་དགུན་ཁ》ཞེས་པ་དང་ཅུང་ཟད་མི་འདྲ་བ་ཡིན་ཏེ། མ་གཞི་གཉིས་ཀར་ཁ་བ་མེད་པའི་དགུན་ཁ་ཞིག་རྩོམ་བྱང་དུ་བཀོད་ནས་སྐྱ་ལྷང་ལྷང་གི་ཡུལ་ལྗོངས་ཤིག་དང་། སྐྱོ་ལྷང་ལྷང་གི་འཇིག་རྟེན་ཞིག་བཞེངས་སྐྲུན་བྱས་པ་འདྲ་ཡང་། པདྨ་ཚེ་བརྟན་དང་སྟག་འབུམ་རྒྱལ་གཉིས་ཀྱི་《ཁ་བ་མེད་པའི་དགུན་ཁ》ཞེས་པའི་རྩོམ་གཉིས་ཅུང་ཟད་མི་འདྲ་ས་ནི་པདྨ་ཚེ་བརྟན་གྱི་《ཁ་བ་མེད་པའི་དགུན་ཁ》ཞེས་པ་དེ་སྒྲུང་ཐུང་ཞིག་གི་ཚུལ་དུ་བརྩམས་ཤིང་། སྟག་འབུམ་རྒྱལ་གྱི་《ཁ་བ་མེད་པའི་དགུན་ཁ》ཞེས་པ་དེ་ནི་སྒྲུང་འབྲིང་ཞིག་གི་ཚུལ་དུ་བརྩམས་ཡོད་པས།    སྒྲུང་འབྲིང་གི་རང་མདངས་མངོན་པར་བྱས་ཡོད། དེ་གཉིས་པོའི་ནང་མི་སྣའི་བཀོད་སྒྲིག་གི་མང་ཉུང་དང་། བྱུང་རིམ་བཀོད་སྒྲིག་བྱེད་སྟངས་སོགས་མི་འདྲ་ཞིང་། པདྨ་ཚེ་བརྟན་གྱི་《ཁ་བ་མེད་པའི་དགུན་ཁ》ཞེས་པའི་ནང་ཁ་བ་དེ་བརྗོད་བྱའི་ནང་དུ་བཀོད་པ་མང་ལ། རྩོམ་དེའི་ཡུལ་ལྗོངས་ཞིབ་འབྲི་བྱས་པའང་ལེགས་པར་མཐོང་། འོན་ཀྱང་། ཁ་བྱང་གཅིག་པའི་བརྩམས་སྒྲུང་དེ་གཉིས་སོ་སོར་རང་རང་གི་ཁྱད་ཆོས་རེ་རེ་མངོན་པར་བྱས་ཡོད་ལ། ལྷག་པར་དུ་སྟག་འབུམ་རྒྱལ་ལྟ་བུར་མཚོན་ན་ཁོའི་བརྩམས་སྒྲུང་གསར་རྩོམ་ཡང་རྟོག་བཟོ་ལས་བརྒལ་ཏེ་འཚོ་བ་དངོས་ལ་ཟབ་བཞུགས་བྱེད་པའི་འགོ་གསར་བ་ཞིག་ཚུགས་ཡོད།      སྟག་འབུམ་རྒྱལ་གྱི《ནོར་རྫི་བྱིས་པ》ཞེས་པ་དེ་ནི་ཅུང་ཟད་ཡིད་སེམས་འགུལ་བའི་རྩོམ་ཞིག་དང་སྤྲོ་གར་དང་སྐྱོ་གར་ཟུང་དུ་འབྲེལ་བའི་རྩོམ་ཞིག་རེད། རྩོམ་དེའི་ནང་“ང”ནོར་རྫི་བྱིས་པ་ཞིག་ཡིན་པའི་ངོས་ནས་བྱིས་པའི་ཚོའི་ལྷད་མེད་ཀྱི་མི་གཤིས་དང་། གཡའ་དག་པའི་སེམས་ཁམས། དེ་མིན་བྱིས་པ་ཚོའི་བསམ་པའི་འཁྱེར་སོ་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ཡིད་ཀྱི་འཆར་སྣང་སོགས་མེ་ལོང་བཞིན་ང་ཚོའི་མིག་མདུན་དུ་དྲངས་ཤིང་། དེ་མིན“ངའི”ཨ་ཕ་དང་མ་ཡར་བར་གྱི་བཅོས་མ་མིན་པའི་ལྷད་མེད་ཀྱི་བརྩེ་དུང་དང་དྲོ་སྐྱིད་ཀྱི་ཁྱིམ་ཚང་། ད་དུང་ཨ་ཕ་དང་མ་ཡར་གྱིས་“ང”བྱམས་དང་བརྩེ་བས་བསྐྱངས་པའི་གཏམ་རྒྱུད། ཁོ་ཚོས་བུ་ཕྲུག་ལ་བཅོལ་བའི་འདུན་པ་དང་། བུ་ཕྲུག་གི་སླད་དུ་ཡོད་ཚད་བློས་གཏོང་བྱེད་པའི་རླབས་ཆེའི་བརྩེ་དུང་རྣལ་མ་ཞིག་བཀོད་ཡོད་ལ། དེ་མིན“ང”དང་ལྷ་མོའི་བར་གྱི་བརྩེ་དུང་གི་གཏམ་རྒྱུད་དང་། ལྷ་མོའི་ཕ་མས་མོ་མ་འདོད་བཞིན་དུ་བཙན་ཚུགས་ཀྱིས་གནས་ལ་སྐྱེལ་བའི་སྐྱོ་གར་སོགས་ཀྱི་སྣང་ཚུལ་དུ་མ་བཀོད་ནས།“ངའི”ཕ་མས་ང་ལ་བཅངས་པའི་བརྩེ་བ་དང་། ཡོད་ཚད་བུ་ཕྲུག་གི་སླད་དུ་འབད་འབུངས་བྱེད་པའི་ཕ་མའི་ལྷད་མེད་ཀྱི་མི་གཤིས་ལ་བསྔགས་བརྗོད་དང་། ལྷ་མོའི་ཕ་མ་ལྟ་བུའི་ཕ་མ་འགའ་རེས་བུད་མེད་གཉོམ་ཆུང་དག་ལ་རང་འདོད་བཞིན་དུ་བྱེད་དུ་མ་བཅུག་པར་བཙན་ཤེད་ཀྱིས་གནས་ལ་སྐྱེལ་བའི་བྱ་སྤྱོད་ངན་པ་སོགས་ལ་དམོད་མོ་བྱས་ཡོད། འོན་ཀྱང་། རྩོམ་དེའི་མཛེས་པ་གཙོ་བོ་དགག་རྒྱག་སྟེང་ན་མེད་པར་བྱིས་པའི་ལྷད་མེད་ ཀྱི་མི་གཤིས་འགྲེམས་སྟོན་དང་། “ངའི”ཕ་མ་ཟུང་གི་ལྷད་མེད་ཀྱི་བརྩེ་དུང་། ཁོ་ཚོས་བུ་ཕྲུག་ལ་བཅངས་པའི་བརྩེ་སེམས། ཡོད་ཚད་བུ་ཕྲུག་གི་འདོད་མོས་ལ་བརྩི་འཇོག་བྱེད་པའི་ཁྱད་འཕགས་ཀྱི་མི་གཤིས་ཤིག་འགྲེམས་སྟོན་བྱས་པའི་ངོས་ན་ཡོད། རྩོམ་འདི་སྤྱིར་སྤྲོ་གར་དང་སྐྱོ་གར་ཟུང་འབྲེལ་ཅན་ཞིག་ཡིན་ཏེ། སྤྲོ་གར་ཡིན་དོན་ནི་“ང”རང་ཉིད་ཀྱི་འདོད་མོས་ལྟར་ནོར་རྫི་བྱིས་པ་ཞིག་ནས་སློབ་གྲྭ་བ་ཞིག་ཏུ་གྱུར་ལ། སློབ་གྲྭ་བ་ཞིག་ནས་ལས་བྱེད་པ་ཞིག་ཏུ་གྱུར་བས་ང་རང་གི་ཕུགས་བསམ་མངོན་འགྱུར་བྱུང་བས་རེད། སྐྱོ་གར་ཡིན་དོན་ནི་“ངའི”བྱ་གཞག་ཐད་གྲུབ་འབྲས་ཐོབ་ཀྱང་“ང”རང་གི་བརྩེ་དུང་ལ་གོད་ཆག་བྱུང་བ་སྟེ།“ང”དང་ལྷ་མོའི་བར་གྱི་བརྩེ་དུང་ལ་འབྲས་བུ་མ་སྨིན་པར་ལྷ་མོའི་ཕ་མས་ལྷ་མོ་མ་འདོད་བཞིན་དུ་གནས་ལ་བྱིན་པས་རེད། 《སྐྱབས་ལོ་དང་ཁོའི་རལ་བ》ཞེས་པའི་ནང་སྐྱབས་ལོ་ནི་རང་ཉིད་ཀྱི་མེས་པོའི་གཏམ་རྒྱུད་ཁྲོད་ནར་སོན་པའི་ནོར་རྫི་བྱིས་པ་ཞིག་ཡིན་ཡང་སྟེས་དབང་གི་གོ་སྐབས་ཤིག་གམ་ཁོར་གཞན་དང་མི་འདྲ་བའི་རལ་བ་ཞིག་ཡོད་པ་ལ་བརྟེན་ནས་གློག་བརྙན་འཁྲབ་ཁྲིད་པ་ཞིག་གིས་སྐྱབས་ལོ་འཁྲབ་སྟོན་པར་བདམས་ཏེ་བོད་ཀྱི་ལོ་རྒྱུས་ཐོག་སྐད་གྲགས་ཆེ་བའི་བཙན་པོ་སྲོང་བཙན་སྒམ་པོ་འཁྲབ་དུ་བཅུག་སྟེ་རྒྱལ་ཁ་ལེན་པའི་སྐོར་དང་། རྗེས་སུ་རྫོང་མཁར་གྱི་མགོ་ཁྲིད་དག་གིས་སྐྱབས་ལོ་རྫོང་རིག་རྩལ་ཁང་དུ་ཡར་འཐེན་བྱས་ནས་ལས་བྱེད་པའི་གྲས་སུ་བཞག་ལ། རིམ་བཞིན་ཁོ་དང་མདོ་འཛིན་བུ་མོའི་བར་བརྩེ་དུང་གི་མྱུ་གུ་སྨིན་ཏེ་གཉེན་སྒྲིག་གི་སྟོན་མོར་རོལ་ཏེ་རྫོང་དཔོན་ཚང་གི་མག་པར་གྱུར་བ་རེད། འོན་ཀྱང་། རྗེས་སུ་ཁོའི་ལས་བྱེད་མི་སྣའི་སྣང་བརྙན་དང་རལ་བའི་བར་འགལ་བ་ཆགས་པ་སྟེ། ཁོའི་ལས་བྱེད་ཀྱི་ཐོབ་ཐང་གོང་མཐོར་འགྲོ་བར་ཁོའི་མགོ་སྟེང་དུ་སྐྱེས་པའི་རལ་བས་གནོད་ཀྱི་ཡོད་སྟབས། ཁོས་ལོ་མང་རིང་ཉར་ཚགས་སྲུང་སྐྱོང་གང་ལེགས་བྱས་པའི་རལ་བ་དེ་མེད་པར་བཟོ་དགོས་བྱུང་བའི་སྐྱོ་གདུང་གི་གནས་ཚུལ་བཀོད་ཡོད།      རྩོམ་འདིས་འདི་ལྟར་མི་སྣ་སྐྱབས་ལོའི་དཔེ་མཚོན་གྱི་ཁྱད་ཆོས་ཏེ་ནག་ཅིང་སྟུག་ལ་འཇིལ་འཁྱིལ་ལེར་ཡོད་པའི་རལ་བ་ཞིག་སྒྲུང་གི་སྐུད་སྣེར་བཟུང་ནས། གཅིག་ནས་རལ་བས་ཁོའི་མདུན་ལམ་དང་བྱ་གཞག་ལ་ཕན་པ་ཐོན་པ་དང་། ཡང་ཕྱོགས་གཞན་ཞིག་ནས་རལ་བས་ཁོའི་མདུན་ལམ་དང་བྱ་གཞག་ལ་གནོད་པའང་སྐྱེལ་བཞིན་ཡོད་པའི་འགལ་   བའི་རང་བཞིན་ཅན་གྱི་གཏམ་རྒྱུད་ཅིག་བཀོད་པ་དང་། མཐར་གོ་གནས་དང་ཐོབ་ཐང་གི་སླད་དུ་རང་ཚུགས་ཤོར་བའི་མི་སྣའི་སྐྱ་བོའི་ལས་དབང་མཚོན་པར་བྱས་ཡོད། རྩོམ་ནང་དཔེ་མཚོན་མི་སྣའི་དཔེ་མཚོན་གྱི་ཁྱད་ཆོས་ཞིབ་འབྲི་བྱས་པ་ལེགས་པར་མཐོང་སྟེ། བརྩམས་སྒྲུང་ཞིག་ཡིན་ན་གཙོ་བོ་མི་སྣ་རང་མཚན་པའི་དཔེ་མཚོན་གྱི་ཁྱད་ཆོས་ཞིབ་  འབྲི་བྱ་རྒྱུ་གལ་ཆེ་བས་ཡིན།        གོང་དུ་བརྗོད་དུ་བཞིན། སྟག་འབུམ་རྒྱལ་གྱི་ཁྱི་བརྗོད་བྱར་བྱས་པའི་བརྩམས་སྒྲུང་ལ་སྒྲུང་ཐུང་ཡོད་ལ་སྒྲུང་འབྲིང་ཡང་ཡོད་དེ། དེ་ནི《མི“རྒྱ་བྷ”ཁྱི“རྒྱ་བྷ”》ཞེས་པ་དང་།《མེས་པོ་དང་ཁོས་གསོས་པའི་ཁྱི་གུ་དག》ཅེས་པ་གཉིས་ཡིན། ཁོའི་《མི“རྒྱ་བྷ”ཁྱི“རྒྱ་བྷ”》ཞེས་པའི་ནང་“ང”རང་སྤྱིར་སློབ་གྲྭའི་དགེ་རྒན་ཞིག་ཡིན་ཡང་“ངས”སྡེ་དཔོན་དང་ཨ་ནེ་ཕག་མཚོ་གཉིས་ལྷན་འདུག་བྱས་པའི་གནས་ཚུལ་མཐོང་བའི་དབང་གིས། ཁོས“ང”ལ་ན་ཟུག་བཅངས་ཏེ།   ཁོ་ཚང་གི་ཁྱི་རྒྱ་བྷའི་གཅེས་མིང་དེ་“ངའི”མཚང་མིང་དུ་བཏགས་པ་རེད།  གནད་དོན་དེའི་འབྱུང་ཁུངས་ནི་“ང”དང་ཆང་འཐུང་གྲོགས་པོ་འགའ་ཀུ་རེའི་ཚུལ་གྱིས་ཨ་ནེ་ཕག་མཚོའི་ནང་དུ་སུ་འགྲོ་ནུས་མིན་ལ་རྒྱན་རྩོད་བཞག་ནས།“ངས”རང་ཉིད་ཀྱི་དཔའ་སྟོབས་ངོམས་ཏེ་ཁོ་མོ་ཚང་དུ་བུད་པས། སྟབས་མི་ལེགས་པ་ཞིག་ལ་སྡེ་དཔོན་སྐ་ཐེ་དང་ཨ་ནེ་ཕག་མཚོ་གཉིས་ལྷན་དུ་བསྡད་ཡོད་པའི་གསང་བ་ཤེས་པས་རེད། འོན་ཀྱང་། སྤྱིར་ཁོ་གཉིས་བར་གྱི་ལྐོག་གྱུར་གྱི་འབྲེལ་བ་ ཤེས་མཁན་དེ་“ང”གཅིག་པུ་མ་ཡིན་པར་སྡེ་བའི་མི་ཕལ་ཆེ་བས་ཤེས་གསལ་ཡིན་ཀྱང་། ཁོའི་ཚུལ་འཆོས་ཀྱི་བྱ་ངན་དེ་རྗེས་སུ་སྡེ་ཁུལ་ཡོངས་ལ་ཁྱབ་པས། སྡེ་དཔོན་སྐ་ཐེའི་སྙམ་པར་གནད་དོན་དེ་ངས་གསང་བ་ཕྱི་ལ་བཤད་པར་ངོས་འཛིན་བྱས་ནས་ང་ལ་མ་ཉེས་ཁ་གཡོགས་བྱས་ཏེ།“ངའི”སྟེང་ལ་འཁོན་སེམས་བཅངས་པའི་མགོ་བརྩམས་པ་རེད། ཁོ་ནི་སྡེ་བའི་ནང་གི་ཐོབ་ཐང་ཆེ་ཤོས་ཀྱི་མི་སྣ་ཞིག་ཡིན་པས། ཁོས་“ང”ལ་དྲང་ཐད་དུ་འཁོན་ལན་མ་བསློག་པར། ཁོ་དང་ལྐོག་ཉལ་བྱེད་མཁན་གྱི་ཨ་ནེ་ཕག་མཚོ་སློབ་གྲྭའི་ནང་དུ་བཏང་ཏེ་སློབ་གཙོ་ལ་གཏུག་བཤེར་བྱས་ཤིང་། དེ་ལས་དགོད་བྲོ་བ་ཞིག་ལ། ཨ་ནེ་ཕག་མཚོས་སློབ་གྲྭའི་མགོ་ཁྲིད་ཀྱི་གམ་དུ་ཕྱིན་ནས་“ངས”མོ་ལ་བརྙས་བརྐོ་བྱས་ཚུལ་གྱི་ཕྱིན་ཅི་ལོག་པའི་གནད་དོན་ཅིག་བཤད་ཅིང་།“ངས”མོ་ལ་དགོངས་དག་ཞུ་བར་ཕྱིན་ཡང་མོས་དམོད་མོ་སྣ་ཚོགས་འཕེན་པ་མ་ཟད། ང་ལ་སྙོན་འཛུགས་སྣ་ཚོགས་བྱས་པའི་སྐོར་དང་། སྡེ་དཔོན་སྐ་ཐེའི་བཀོད་པ་ལྟར།“ང”རང་ཡིག་   རྨོངས་བའི་དགེ་རྒན་ལ་འགྲོ་དགོས་པའི་བཀའ་ཕབ། དེ་ནི་ཁོས་“ང”རང་ཁོ་རང་ཉིད་ཀྱི་ལག་འོག་ཏུ་ཚུད་པར་བྱས་ཏེ་“ང”ལ་འཁོན་ལན་སློག་པའི་གོ་སྐབས་བཙལ་བ་ཞིག་རེད། རྗེས་སུ་སྡེ་དཔོན་སྐ་ཐེའི་བུ་མོ་སྒྲོལ་མ་སྐྱིད་དང་“ངའི”བར་བརྩེ་བ་ཆགས་པའི་ལོ་རྒྱུས་བརྗོད་ཡོད་མོད།“ང”ནི་བཟའ་མི་བུ་ཕྲུག་ཡོད་པའི་མི་ཞིག་ཡིན་པའི་དབང་གིས། སྒྲོལ་མ་སྐྱིད་དང་ལྷན་དུ་འདུག་ཐབས་མེད་པའི་འགལ་བ་བརྗོད་ཡོད། རྩོམ་མཇུག་ནི་སྤྲོ་གར་གྱི་ཚུལ་དུ་བསྡུས་ཡོད་དེ།“ང”རང་རང་ཉིད་ཀྱི་རེ་བ་འདོད་ཐོག་ཏུ་སྨིན་ཏེ་བཟའ་མི་བུ་ཕྲུག་ཡོད་སར་ལས་བསྒྱུར་ཐུབ་པ་བྱུང་ལ། སྡེ་དཔོན་སྐ་ཐེ་དང་སློབ་གཙོ་ཀུན་བཟང་བར་གྱི་འབྲེལ་བའང་ཇེ་ལེགས་སུ་ཕྱིན་ཡོད་པ་རེད། གཏམ་རྒྱུད་འདིས་དེ་ལྟ་བུའི་མི་རྒྱ་བྷ་དང་ཁྱི་རྒྱ་བྷའི་གནས་ཚུལ་བཀོད་དེ། སྡེ་དཔོན་ལྟ་བུའི་རང་ཉིད་ཀྱི་གོ་ས་དབང་ཐང་སྤྱད་ནས་གང་བྱུང་དུ་མི་ལ་སྐྱོན་འཛུགས་དང་འཁོན་ལན་སྤྲོད་པའི་ཐ་ཤལ་གྱི་མི་གཤིས་དང་གནས་ལུགས་མི་འཛིན་པའི་གཤིས་སྤྱོད་ཞིབ་འབྲི་བྱས་ཡོད་ལ། སྡེ་དཔོན་གྱི་བུ་མོ་སྒྲོལ་མ་སྐྱིད་བཞིན་ཡ་རབས་གཞུང་དྲང་ལྡན་ཞིང་། འཇིག་རྟེན་གྱི་གནས་ལུགས་རྟོགས་མཁན་གྱི་ཁྱད་འཕགས་མི་སྣའི་མི་གཤིས་ཤིག་ཀྱང་འགྲེམས་སྟོན་བྱས་ཡོད། འོན་ཀྱང་། རྩོམ་དེར་སྡེ་དཔོན་སྐ་ཐེ་ལྟ་བུའི་ལྡོག་ཕྱོགས་མི་སྣའི་མི་གཤིས་ཀྱི་མི་དགེ་བའི་གནད་ཁོ་ན་བྲིས་པ་ཞིག་མ་ཡིན་ལ། བུ་མི་སྐ་ཐེ་ལྟ་བུའི་དྲང་ཕྱོགས་མི་སྣའི་བཟང་ཕྱོགས་ཀྱི་གནས་ཚུལ་ཁོ་ན་བྲིས་པ་མ་ཡིན་པས། རྩོམ་པ་པོས་དངོས་ཡོད་འཚོ་བའི་ཁྲོད་ཀྱི་མི་སྣའི་རང་གཤིས་ལ་བརྩི་འཇོག་བྱས་ནས་མི་གཤིས་ཀྱི་ཁྱད་ཆོས་རྣལ་མ་ཞིག་ཞིབ་འབྲི་བྱ་ཐུབ་ཡོད་པ་དེ་རྩོམ་དེའི་ལེགས་ཆ་ཞིག་ཏུ་བརྩིས་ཆོག དེ་མིན་རྩོམ་འདིར་རོང་འབྲོག་ཁུལ་གྱི་འཚོ་བའི་རྣམ་པ་ཕུན་སུམ་ཚོགས་པར་བྲིས་ཡོད་པ་ཡིན། འོན་ཀྱང་། ཁོའི་《མི“རྒྱ་བྷ”ཁྱི“རྒྱ་བྷ”》ནས་གཙོས་པའི་བརྩམས་ཆོས་མི་ཉུང་བ་ཞིག་གི་ནང་དུ་རྩོམ་གྱི་སྐད་ཆ་འགའ་རེ་སྤྱི་མཚན་ཅན་(抽象)དུ་སོང་ཡོད་པས། དེ་ནི་ཅུང་ཟད་མི་འོས་པར་སེམས་ཏེ། རྩོམ་རིག་གི་སྐད་ཆ་ནི་མ་གཞི་ནས་མཚན་ཉིད་ རིག་པའི་སྐད་ཆ་ལྟ་བུ་ཞིག་མ་ཡིན་པར། སྣང་བརྙན་བཞིན་ཚོར་བ་དང་དངོས་ཡོད་དམ་ཕྲ་ཞིབ་(具体)ཅན་ཞིག་ངེས་པར་ཡིན་དགོས་ཏེ། རྒྱུ་མཚན་ནི“རྩོམ་རིག་སྒྱུ་རྩལ་གྱི་མཚོན་པར་བྱ་བ་ནི་མངོན་སུམ་དང་དབང་ཤེས་ལ་བརྟེན་ནས་ཉམས་སུ་མྱོང་དགོས་པ་ཞིག་ཡིན། གལ་ཏེ་དེ་ཕལ་ཆེ་བ་སྤྱི་མཚན་ཅན་དུ་སོང་ཡོད་ཚེ། དེ་ནི་རྩོམ་རིག་སྒྱུ་རྩལ་གྱི་ཁྱད་ཆོས་བོར་ནས་མཚན་ཉིད་དང་ཚན་རིག་གི་སྐད་ཆར་གྱུར་བ་རེད”【35】ཅེས་སྒྱུ་རྩལ་རྩོམ་རིག་གི་སྐད་ཆ་དེ་ངེས་པར་དུ་མངོན་སུམ་ཅན་ཞིག་ཡིན་དགོས་པ་བསྟན་ཡོད། དཔེར་ན་“མྱང་ཚ་དཀར་རྒྱན་ནི་མཛངས་མའི་ཡོན་ཏན་གྱིས་ཕྱུག་པའི་བུད་མེད་སྤྱང་གྲུང་ཅན་ཞིག་རེད”ཅེས་པའི་སྐད་ཆ་ལྟ་བུ་ནི་མངོན་སུམ་ཅན་ཞིག་མ་ཡིན་པར་སྤྱི་མཚན་ཅན་དུ་སོང་ཡོད་དེ། རྩོམ་རིག་སྒྱུ་རྩལ་གྱི་སྐད་ཆ་ཡིན་ན་མོ་ཇི་ལྟར་སྤྱང་གྲུང་འཛོམས་པ་དང་ཇི་ལྟར་མཛངས་མའི་ཡོན་ཏན་གྱིས་ཕྱུག་པ་ཞིག་ཡིན་པ་དེ་ཐད་བརྗོད་མ་བྱས་པར་མོའི་སྐད་ཆ་དང་བྱ་བྱེད།  སེམས་ཁམས་ཀྱི་འཁྱེར་སོ་སོགས་རྩོམ་རིག་གི་སྐད་ཆར་བརྟེན་ནས་ཚུར་སྣང་བྱ་དགོས་པ་ཡིན། དཔེར་ན་《མི་ལ་རས་པའི་རྣམ་ཐར》ནང་མྱང་ཚ་དཀར་རྒྱན་གྱིས་རྣལ་འབྱོར་པ་བརྒྱུད་ནས་མི་ལ་རས་པར་དངུལ་སྲང་བདུན་བསྐུར་བའི་སྐབས་ཀྱི་གབ་ཚིག་བེད་སྤྱོད་བྱས་པ་སོགས་ཀྱི་འཕྲིན་ཡིག་གི་སྐད་ཆར་བརྟེན་ནས་ད་གཟོད་མོའི་སྤྱང་གྲུང་ལྡན་པའི་ཁྱད་ཆོས་དེ་ཞིབ་འབྲི་བྱས་ཡོད་པ་ལྟ་ བུ་རེད། དེ་མིན་དཔེར་ན་“རྒད་པོ་བཀྲ་བྷ་སྦྲ་ནག་ཅིག་གི་མདུན་དུ་སྐྱིལ་ཀྲུང་བཅོས་ཤིང་། ལག་ཏུ་འཁྱགས་ཟིན་པའི་འོ་ཇ་དཀར་ཡོལ་གང་བཟུང་འདུག་ཅིང་།     འབར་ཞུན་རྐང་གཉིས་གཏད་ཡོད་པའི་མིག་ལྕིབས་འོག་གི་མདངས་ཡོངས་སུ་ཉམས་ཤིང་ལྐོག་ཏུ་ལྷུང་བའི་མིག་ཆུང་ཆུང་དེ་གཉིས་ཀྱིས་རྒྱང་རིང་གི་ཕྱོགས་སུ་གཅེར་ནས་ཧད་འདུག”【36】ཅེས་པའི་བརྩམས་སྒྲུང་གི་སྐད་ཆ་ལྟ་བུ་སྤྱི་མཚན་ཅན་དུ་གྱུར་མེད་པར་རྩོམ་རིག་གི་སྐད་ཆའི་ཁོངས་སུ་འདུ་བ་ཡིན།    ཁོའི་《མི་རྐྱང་གཅོད་པའི་གཏམ་རྒྱུད་ཁྲོད་ཀྱི་སྒྲོལ་མ》ཞེས་པའི་བརྩམས་སྒྲུང་ལ་ཆ་མཚོན་ན། མི་རྐྱང་གཅོད་རྐྱང་པ་ནི་རྩོམ་གྱི་བརྗོད་བྱའི་ཁྲོད་ཀྱི་མི་སྣ་གལ་ཆེན་ཞིག་ཡིན་ཡང་། རྩོམ་ནང་དུ་བརྗོད་དོན་གཙོ་བོ་ནི་ཁོའི་ཁ་བྱང་ལས་བཤད་པའི་མི་རྐྱང་གཅོད་པའི་གཏམ་རྒྱུད་ཁྲོད་ཀྱི་སྒྲོལ་མའི་གནས་ཚུལ་མ་ཡིན་པར། ཁོ་བོས་སེམས་ན་ཁོས་གཙོ་བོར་ཟླ་བ་ཞེས་པའི་དགེ་རྒན་ཞིག་གིས་དཀའ་ངལ་མཐའ་དག་ཁྱད་དུ་བསད་ཅིང་བློ་རྩ་བརྟན་པོས་རང་གི་སྔོན་དུས་ཀྱི་སློབ་གྲོགས་སམ་ཡང་ན་དགའ་གྲོགས་སྒྲོལ་མ་འཚོལ་དུ་ཕྱིན་པའི་གཏམ་རྒྱུད་དེ་ཡིན་པར་སེམས། རྒྱུ་མཚན་ནི་རྩོམ་གྱི་ནང་མི་རྐྱང་གཅོད་པ་དང་སྒྲོལ་མ་མ་གཞི་བརྗོད་བྱའི་ཁྲོད་ཀྱི་གླེང་གཞི་གཙོ་བོ་ཞིག་ཏུ་གྱུར་ཡོད་ཀྱང་། དེ་ལས་རྒྱས་པར་བྲིས་ཡོད་པ་ནི་ཟླ་བས་སྒྲོལ་མ་བཙལ་བར་ཕྱིན་པའི་གནས་ཚུལ་དང་ལམ་བར་གྱི་མཐོང་ཐོས་མྱོང་གསུམ་དེ་ཡིན་པས་སོ། འོན་ཀྱང་། རྩོམ་གྱི་ནང་དུ་སྒྲོལ་མ་དང་འབྲེལ་བའི་མི་རྐྱང་གཅོད་པའི་སྐོར་གྱི་རྙོག་འཛིང་རང་བཞིན་པའི་གཏམ་རྒྱུད་གང་མང་བཀོད་ཡོད་དེ། རེ་འགས་ཟེར་ན་མི་རྐྱང་གཅོད་པ་ནི་རླབས་ཆེན་གྱི་སྙན་ངག་མཁན་དང་། འཆར་ལྡན་བུ་བཙའི་སྲིད་ཇུས་དྲིལ་བསྒྲགས་མཁན། ནང་འཁྲུག་བར་འདུམ་གྱི་བྱས་རྗེས་མཆོག་འགྱུར་ཅན་ཞིག་ཡིན་པར་བཤད་པ་མ་ཟད། ཐ་ན་ཁོ་ནི་མི་རིགས་ཀྱི་དཔའ་བོ་དང་མི་དམངས་ཀྱི་མགོན་སྐྱབས། མ་འོངས་པའི་མིག་དཔེ། ཐམས་ཅད་མཁྱེན་པའི་ཙོང་ཁ་པ་སོགས་ཀྱི་མཚན་སྙན་བཏགས་ནས་བསྟོད་པ་མང་དག་ཅིག་འཕེན་གྱི་ཡོད་ལ། ཡང་མི་འགའ་རེས། མི་རྐྱང་གཅོད་པ་ནི་བླུན་པོ་རེད། རྐུན་མ་རེད། ཉེས་ཅན་པ་རེད་ཅེས་སྨྲས་ཏེ་སྡིགས་དམོད་དང་མཆིལ་ཞགས་འཕེན་མཁན་ཡང་ཡོད་པ་རེད། ཐ་ན་སྤྱི་ཚོགས་ཐོག་དངོས་འབྲེལ་དྲང་འབྲེལ་དུ་འཚོ་བའི་མི་རྐྱང་གཅོད་པ་ཞེས་པ་ཞིག་ཡོད་སྲིད་པ་ཞིག་ཡིན་ལ། ཡོད་མི་སྲིད་པ་ཞིག་ཀྱང་རེད། དེས་མ་ཟད་མི་རྐྱང་གཅོད་པ་རྫུན་མའང་ཡོད་པ་རེད། སྒྲོལ་མའང་གཅིག་འདྲ་ཡིན་ཏེ།“ངས”སྒྲོལ་མ་འཚོལ་བའི་ལམ་བར་དུ་སྒྲོལ་མའི་གཏམ་རྒྱུད་སྣ་ཚོགས་མཆིས་པ་ཏེ། དང་ཐོག“ངས”དགེ་ལུགས་པའི་དགོན་རྙིང་ཞིག་ཏུ་སྒྲོལ་མ་འཚོལ་བར་ཕྱིན་ཡང་། དགོན་པའི་གྲྭ་རྒན་གྱིས་“ང”ལ་ཐང་ཀའི་ངོས་ཀྱི་སྒྲོལ་མ་དང་། དཔེ་ཆ་《སྒྲོལ་མ》འགའ་ཞིག་སྦྱིན་པའི་སྐོར་བཀོད་ཡོད། དེ་ཡང་ཡིན་ཏེ། འཚོ་བ་ནི་མ་གཞི་ནས་འགལ་འགྲེལ་གྱི་ཕུང་པོའི་ངོས་ན་ཡོད་པས།    དེ་འདྲའི་གོ་འཛོལ་བྱུང་བའང་རྒྱུན་གཏན་རེད།    ཡང་    མཚམས་རེ་སྒྲོལ་མ་ནི་མི་རྐྱང་གཅོད་པའི་ཆུང་མ་ཡིན་པར་བཤད་ལ། འགའ་རེས་མོ་ནི་སྨད་འཚོང་མ་ཞིག་ཡིན་པར་བཤད་ཀྱི་ཡོད། རྩོམ་དེས་དེ་འདྲའི་མི་རྐྱང་གཅོད་པ་དང་སྒྲོལ་མའི་སྐོར་གྱི་གཏམ་རྒྱུད་ཞིག་ལྷུག་བརྗོད་བྱས་ཤིང་། རྩོམ་གྱི་མི་སྣ་གཙོ་གྲས་ཟླ་བས་ཡོད་ཚད་བློས་གཏོང་དང་དཀའ་བ་མཐའ་དག་ཁྱད་དུ་བསད་ནས་རང་ཉིད་ཀྱི་སྙིང་ཉེ་བའི་སྒྲོལ་མ་འཚོལ་བར་ཕྱིན་ཡང་ཁོ་ལ་ཐོབ་པ་ནི་སྒྲོལ་མ་མི་གཞན་པ་དང་གཉེན་སྒྲིག་བྱས་ཟིན་པའི་སྐྱོ་གར་ཞིག་བརྗོད་ཡོད།     སྒྲུང་འབྲིང་《ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན》ཞེས་པ་དེ་ནི་རྩོམ་པ་པོས་དངོས་ཡོད་རིང་ལུགས་ཀྱི་ཐབས་ལམ་ནས་བརྩམས་པ་ཞིག་ཡིན་པ་དང་། དེའི་ནང་ཨ་ནེ་བཀྲ་ཁོ་དང་། བུ་མོ་ཚེ་སྐྱིད། བུ་མོ་ཚེ་སྐྱིད་ཀྱི་བུ་སྐྱ་བྷོ། ཨ་ཁུ་དབང་ལོ། ཨ་ཁུ་དབང་ལོའི་བུ་དོན་གྲུབ་སོགས་ནས་གཙོས་པའི་མི་སྣ་བརྒྱད་དགུ་ཙམ་ཞིག་བཀོད་སྒྲིག་བྱས་འདུག་ཅིང་། རྩོམ་དེའི་མི་སྣ་གཙོ་བོ་ནི་ཚེ་སྐྱིད་ཡིན་པར་སེམས། རྒྱུ་མཚན་ནི་རྩོམ་པ་པོས་རྩོམ་གྱི་མགོ་ནས་མཇུག་བར་སྨྱུག་ཁ་མང་པོ་བཀོལ་ནས་ཞིབ་འབྲི་ཅུང་རྒྱས་པར་གནང་ཡོད་པ་ནི་བུ་མོ་ཚེ་སྐྱིད་ཡིན་ལ། རྩོམ་དེའི་ནང་དོན་གྱི་ཆ་ནས་བཤད་ཀྱང་། མི་སྣ་གཙོ་བོ་བུ་མོ་ཚེ་སྐྱིད་ཀྱི་བརྒྱུད་མྱོང་བའི་དགའ་སྐྱོ་ཆགས་སྡང་གི་མི་ཚེའི་ལམ་བུ་དེ་སྡོང་པོའི་སྟེང་གི་ལོ་མ་རེ་རེའི་ཐོག་ཏུ་བཀོད་པའི་བརྙན་རིས་བཞིན་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བསྟར་ཡོད་པས་སོ།   
 འཇིག་རྟེན་གྱི་གཏམ་དཔེར།“དཔྱིད་གསུམ་རིང་མོར་གྲང་གསུམ་དྲོ་གསུམ་དང་།  མི་ཚེ་རིང་པོར་སྐྱིད་གསུམ་སྡུག་གསུམ”ཞེས་པ་ལྟར། བརྩམས་སྒྲུང་དེའི་ནང་དུ་མི་སྣ་གཙོ་བོ་ཚེ་སྐྱིད་ཀྱི་བརྒྱུད་མྱོང་བའི་སྐྱིད་སྡུག་འདྲེས་མའི་མི་ཚེའི་ལམ་བུ་དེ་ཀློག་པ་པོའི་སྤྱན་ལམ་དུ་བསྟར་ཡོད་དེ། ཐོག་མར་མོ་ལོ་བཅོ་བརྒྱད་ལ་སོན་པའི་ལོ་དེར་སྡེ་བའི་བུ་མོ་འགའ་དང་ལྷན་དུ་འགྲོགས་ནས་མཁར་གྲོང་དུ་“ལས་ཀ་”བྱེད་པར་བུད་ཀྱང་།   མོའི་འདོད་ཐོག་ལ་རྟ་རྒྱུགས་པ་ལྟ་བུ་ཞིག་མ་བྱུང་བའི་ཁར་ཕ་སུ་ཡིན་ཆ་མི་འཚལ་བའི་བྱིས་པ་ཞིག་མངལ་དུ་སྦྲུམ་ནས་ཕ་ཡུལ་དུ་ཕྱིར་ལོག་བྱ་དགོས་བྱུང་བའི་སྐྱོ་གར་དང་། རང་ཉིད་ལ་འཚམས་པའི་ཁྱོ་ག་ཞིག་ལག་ཏུ་འབྱུང་རྒྱུ་ལྟ་ཅི། ཀླད་པའི་དབང་རྩར་སྐྱོན་གྱིས་དྲི་མས་བསླད་པའི་བུ་ཞིག་བཙས་ནས་འདུག་དགོས་བྱུང་བས། རང་གི་མ་ནས་གཙོས་པའི་སྡེ་བའི་སྐྱེ་བོ་དུ་མས་མོ་ལ་འཛིན་པའི་རྣམ་འགྱུར་འགྱུར་ཅིང་། མོ་ལ་འཕྱ་སྨོད་དང་ལབ་གླེང་སྣ་ཚོགས་བྱས་པ་སོགས་ཁེར་རྐྱང་དང་སྐྱོ་གདུང་གི་ཀློང་དུ་ཚུད་པའི་མོའི་ཉམ་ཐག་གི་ལས་དབང་བཀོད་སྒྲིག་བྱས་འདུག འོན་ཀྱང་། དོན་གྲུབ་ཀྱི་ཕ་སྟེ་ཨ་ཁུ་དབང་ལོ་མོ་ཚང་དུ་སྐྱ་བྷོ་     བཙལ་ནས་བོང་བུ་འཚོལ་བར་ཡོང་བའི་ཉིན་དེ་ནས་བཟུང་མོའི་ལས་དབང་ལ་འགྱུར་ལྡོག་གསར་བ་ཞིག་བྱུང་བ་སྟེ། ཨ་ཁུ་དབང་ལོས་རང་གི་བུ་དོན་གྲུབ་དང་ཚེ་སྐྱིད་གཉིས་ལྷན་དུ་འདུག་ཏུ་བཅུག་ན་སྙམ་པའི་བསམ་པ་དེ་ཁ་ཁོག་པས་མ་གསང་ལ་བློ་སྒྱུ་མས་མ་བསྐུམ་པར་ཨ་ནེ་བཀྲ་ཁོ་ལ་ཞུས་པ་དང་། རིམ་གྱིས་ཁོང་ཚང་དུ་གཉེན་སློང་བར་ཡོང་བ་སོགས་ཀྱི་གནས་ཚུལ་བྲིས་པ་རྒྱུད། མོའི་བསམ་པར་དགའ་སྐྱོ་ཟུང་འབྲེལ་གྱི་འཆར་སྣང་སྣ་ཚོགས་སྐྱེས་ཤིང་། སྡེ་བའི་མི་རྣམས་ཀྱིས་ཁོ་གཉིས་མཉམ་དུ་འདུག་ན་འཚམས་མིན་གྱི་སྐོར་ལ་ལབ་གླེང་སྣ་ཚོགས་བྱས་ལ། ཁོ་གཉིས་ཁྱི་ཚང་གཉིས་ཀྱི་བར་དབྱེན་དཀྲུག་བརྒྱབ་པ་སོགས་བཀོད་ནས་མོའི་ལས་དབང་ལ་འགྱུར་ལྡོག་གསར་བ་ཞིག་བྱུང་བ་དང་བསྟུན། སྒྲུང་གི་བྱུང་རིམ་ལ་ཡང་འགྱུར་མཚམས་(转折)གསར་བ་ཞིག་བྱུང་ཡོད།   
 དེ་བཞིན། མོས་གཞན་གྱི་མྱི་ཁ་དང་ཟེར་སྒྲོས་འཆལ་གཏམ་འོག་གཉའ་འཁུམ་ནས་མ་བསྡད་པར་རང་འདོད་བཞིན་དོན་གྲུབ་ཀྱི་ཆུང་མར་ཕྱིན་ནས་གཉེན་སྟོན་ལ་རོལ་ཞིང་། ཁོ་དང་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྱལ་འགོ་བརྩམས་ཡོད། དེ་ལས་མོའི་ཞུམ་པ་མེད་པའི་སྙིང་སྟོབས་དང་།   བུ་མོ་ཞིག་གིས་རང་གི་མི་ཚེ་གང་པོའི་བདེ་སྐྱིད་ལ་བརྩོན་ལེན་བྱེད་   པའི་རང་གཤིས་རྣལ་མ་དེ་ཀློག་པ་པོ་རྣམས་ལ་ཉམས་སུ་མྱོང་དུ་བཅུག་ཡོད།  སྤྱིར་མི་ཚེའི་བགྲོད་ལམ་ནི་དཀའ་སྡུག་དང་བར་ཆད་ཀྱིས་ཁེངས་པའི་ཀྱག་ཀྱོག་གི་ལམ་བུ་ཞིག་ཡིན་པས། བྱ་བ་ཐམས་ཅད་རང་འདོད་བཞིན་གང་བསམ་ལྷུན་གྲུབ་ཞིག་མ་ཡིན་རྐྱེན། ཁོ་གཉིས་ཀྱི་མི་ཚེའི་ལམ་བུའི་ཐོག་ཏུ་ཡང་དཀའ་སྡུག་གི་གནས་དུ་མ་འཕྲད་ཡོད་པ་ནི་སྨོས་ཅི་དགོས།  ཐོག་མར་ཚེ་སྐྱིད་ཀྱི་མ་སྟེ་ཨ་ནེ་བཀྲ་ཁོར་མཆིན་ནད་བྱུང་ནས་སྟབས་མ་ལེགས་པར་ཚེ་ལས་འདས་པ་དང་། ཨ་ནེ་བཀྲ་ཁོ་ཚེ་ལས་འདས་རྐྱེན་སྐྱ་བྷོ་ལ་བདག་སྐྱོང་བྱེད་མཁན་མེད་པས། སྐྱ་བྷོར་གསོ་སྐྱོང་བྱ་བའི་འོས་འགན་དེ་ཁོ་ གཉིས་ཀྱི་ཕྲག་ཐོག་ཏུ་བབས་པ་དེ་རེད། གཉིས་ནས་དོན་གྲུབ་ཀྱི་འདོད་པ་བཞིན་ཚེ་སྐྱིད་ལ་ཕྲུ་གུ་བུ་མོ་མ་གཏོགས་བུ་ བཙས་མེད་པས། ཁོའི་རེ་བ་སྟོང་ཟད་དུ་སོང་རྐྱེན། ཁོས་དུས་རྒྱུན་ཁྱིམ་ལ་དུས་ཐོག་ཏུ་མ་ལོག་པ་དང་། མོ་ལ་ཡང་ཁ་ཡ་དེ་ཙམ་མི་བྱེད་པ་སོགས་ཁོ་གཉིས་ཀྱི་བརྩེ་དུང་ལ་མངོན་གསལ་མིན་པའི་བར་ཆད་འབྱུང་བ་སོགས་སྣང་ཚུལ་དུ་མ་འགྲེམས་སྟོན་བྱས་ཡོད་ཅིང་། མོས་རང་ཉིད་ཀྱི་བརྩེ་དུང་ལ་མཐའ་གཅིག་ཏུ་བརྩོན་ལེན་བྱེད་པའི་བཀོད་པ་སྣ་ཚོགས་འཐེན་ཡོད་པའི་སྐོར་དང་། དོན་གྲུབ་ཀྱང་ལས་རོགས་བུ་མོ་ལྕགས་མོ་ཐར་གྱི་བཅོས་མ་མིན་པའི་བརྩེ་དུང་གི་གནས་ཚུལ་ཐོས་རྗེས་རང་སེམས་ལ་གཡོ་སྒུལ་དྲག་པོ་ཐེབས་ནས་མཐར་ཁོ་དང་ཚེ་སྐྱིད་གཉིས་ལ་དྲོད་ལམ་ལམ་གྱི་ཁྱིམ་གཞིས་དྲོན་མོ་ཞིག་འབྱུང་ཚུལ། ཚེ་སྐྱིད་ཀྱི་བུ་སྐྱ་བྷོ་ཡང་ཀླད་པའི་དབང་རྩར་སྐྱོན་ཡོད་པའི་ནད་ལས་སངས་ཏེ་རྐྱེ་ངན་གྲོགས་སུ་གྱུར་ནས་ཀུན་གྱིས་བླ་ནས་བླ་རུ་བཀུར་བའི་གྲུབ་ཐོབ་ཚང་དུ་གྱུར་ཚུལ་སོགས་སྒྲུང་གི་སྟོད་ཆར་སྐྱོ་གདུང་གི་ཀློང་དུ་ཚུད་པའི་བུད་མེད་ཁེར་རྐྱང་བ་ཞིག་གི་ཉམ་ཐག་པའི་ལས་དབང་བཀོད་སྒྲིག་བྱས་འདུག་ཅིང་། བར་དུ་མོའི་ལས་དབང་ལ་འགྱུར་ལྡོག་གསར་བ་ཞིག་བྱུང་སྟེ་དགའ་སྐྱོ་ཟུང་འབྲེལ་གྱི་བརྩེ་དུང་གི་ལམ་བུར་བཞུད་པའི་སྐོར་བྲིས་ཡོད།  མཐར་མོའི་ལས་དབང་ལ་བར་ཆད་བྱུང་ནས་མོས་དཀའ་ངལ་ལས་རྣམ་པར་རྒྱལ་བའི་ཆེད་དུ་དཀའ་སྤྱད་བརྩོན་ལེན་བྱེད་བཞིན་པའི་གནས་ཚུལ་བྲིས་ནས་སྤྲོ་གར་གྱི་ཚུལ་དུ་མཇུག་བསྡུས་ཡོད་པའོ།།    
 སྤྱིར་བརྩམས་སྒྲུང་དེའི་ཆེས་དགེ་མཚན་ལྡན་པའི་གནས་གཙོ་བོ་གང་ཡིན་ཟེར་ན། ཁོ་བོས་བལྟས་ན། དངོས་ཡོད་འཚོ་བའི་བྲོ་བས་ཕྱུག་པའི་མི་སྣའི་བར་གྱི་འགལ་འབྲེལ་རྣལ་མ་ཞིག་རྩོམ་དུ་བཀོད་ནས། མིའི་ལྷན་སྐྱེས་ཀྱི་རང་གཤིས་རྣལ་མ་ཞིག་དང་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་མི་དང་མིའི་བར་གྱི་འགལ་འབྲེལ་མཚོན་པའི་སྣང་བརྙན་ཞིག་ཞིབ་འབྲི་བྱས་འདུག་པ་དེ་རེད་ཅེས་བརྗོད་ན་ཆོག་པར་སྙམ།      རྒྱུ་མཚན་ནི་ང་ཚོས་རྩོམ་དེ་མགོ་ནས་མཇུག་བར་ལན་འགའ་བཀླགས་རྗེས།  ང་ཚོར་བག་ཆགས་ཆེ་ཤོས་བཞག་ཡོད་པ་ནི་ཚེ་སྐྱིད་ཟེར་བའི་བུ་མོ་ཞིག་གིས་མི་དང་མིའི་བར་གྱི་འགལ་འབྲེལ་སྣ་ཚོགས་ཀློང་ནས་རང་ཉིད་ལ་དབང་བའི་བརྩེ་དུང་དོན་གཉེར་གྱི་སླད་དུ་བརྩོན་ལེན་མང་དག་ཅིག་བྱས་ཏེ་མཐར་མོ་ལ་རང་ཉིད་ལ་དབང་བའི་ཁྱིམ་གཞིས་ཤིག་འབྱུང་བ་དེ་རེད་སྙམ། རྩོམ་དེར་མི་སྣའི་བར་གྱི་འགལ་འབྲེལ་གྱི་གནས་དུ་མ་འགྲེམས་སྟོན་བྱས་ཡོད་དེ། དཔེར་ན། ཨ་ཁུ་དབང་ལོ་ཨ་ནེ་བཀྲ་ཁོ་ཚང་དུ་མི་ཡོང་བའི་སྔོན་ལ། སྡེ་བའི་མི་ཙམ་མ་ཟད་རང་ཉིད་ཀྱི་ཨ་མས་ཀྱང་ཚེ་སྐྱིད་ཀྱི་མིང་ནས་མི་འབོད་པར་“ཁྱོད” དང་“བླུན་མོ”ཞེས་འབོད་ལ།  མོ་ལ་སྐྱེས་པ་གཞན་པས་ཚུལ་མིན་གྱི་བརྙས་དམོད་བྱས་ནའང་“དེ་ནི་མོ་རང་ཉིད་ཀྱིས་བཙལ་བའི་ལས་ཀ་རེད།  སྐྱག་དྲི་མ་བྲོ་ན་སྦྲང་ནག་ག་ལ་འཁོར”ཟེར་བ་སོགས་མཐོང་ཆུང་དང་འཕྱ་སྨོད་བྱེད་ཀྱི་ཡོད་ཀྱང་།  རྗེས་སུ་བུ་དོན་གྲུབ་དང་འབྲེལ་བའི་གཉེན་དོན་གླེང་བའི་སྐབས་སུ་“ཚེ་བྷོ”དང་“ངེད་ཚང་གི་ཚེ་བྷོ”ཞེས་འབོད་ཀྱི་ཡོད་ལ། མོ་ལ་བསྟོད་པ་མང་དག་ཅིག་བྱེད་ཀྱི་ཡོད།  དེ་ལས་འཚོ་བའི་ཁྲོད་ཀྱི་མི་དང་མིའི་བར་གྱི་འགལ་འབྲེལ་རྣལ་མ་ཞིག་ཚུར་སྣང་བྱེད་ཅིང་།   ཡང་ཚེ་སྐྱིད་ཀྱི་བུ་སྐྱ་བྷོ་ལ་ཆ་མཚོན་ནས་བཤད་ཀྱང་།     སྐྱ་བྷོ་ཐོག་མར་དགོན་པར་སླེབས་དུས།  ཁོའི་བཙུན་མིང་ལ་དགེ་འདུན་རྒྱ་མཚོའམ་དགེ་རྒྱམ་ཞེས་འབོད་ཀྱི་ཡོད་ཀྱང་། རིམ་གྱིས་ཁོའི་མིང་ནས་འབོད་མཁན་མེད་པར། “མུག་ཕྲུག”དང་“བླུན་རྒན” “མུག་རྒན”ཞེས་ངན་སྨོས་དང་འཕྱ་སྨོད་བྱེད་ཀྱི་ཡོད་མོད། ཁོ་ལ་རྐྱེ་ངན་གྲོགས་སུ་འཆར་བའི་དུས་སུ། “གྲུབ་ཐོབ་ཚང”ཞེས་འབོད་ཀྱི་ཡོད་པ་རེད། དེ་ལས་ང་ཚོས་མི་དང་མིའི་བར་གྱི་འགལ་འབྲེལ་རྣལ་མ་   ཞིག་གསལ་བཤད་བྱ་བཞིན་ཡོད་ལ། རང་མི་རིགས་ཀྱི་རིག་གནས་ཀྱི་སྣང་ཚུལ་ངན་པ་སྟེ་དམན་ལ་འཕྱ་སྨོད་དང་མཐོ་ལ་གུས་གུས་ཞུམ་ཞུམ་བྱེད་པའི་སྐྱུག་བྲོ་བའི་སྣང་ཚུལ་ཞིག་ཐེར་འདོན་བྱས་འདུག དེ་བཞིན།  གཞན་ལ་འཕྱ་སྨོད་དང་མི་གཞན་གྱི་ལྐོག་ཏུ་ལབ་གླེང་ངམ་རྒྱབ་བཤད་རྒྱབ་ནས་གཞན་གྱི་ཡིད་སེམས་དཀྲུག་པར་བྱེད་པའི་སྣང་ཚུལ་གསལ་སྟོན་བྱས་ཡོད་དེ། དེ་དག་ནི་ལྷ་མོ་ཚེ་རིང་ནས་གཙོས་པའི་སྡེ་བའི་མི་རྣམས་ཀྱིས་ཚེ་སྐྱིད་ཀྱི་སྐོར་ལ་ལྐོག་ལབ་བྱེད་པའི་སྐད་ཆ་དང་། ཚེ་སྐྱིད་དང་རྒྱ་མོ་སྐྱིད་ཀྱིས་གཞན་གྱི་གནས་ཚུལ་སྐོར་ལ་ལྐོག་ལབ་བྱེད་པའི་གཏམ་གླེང་དག་ལས་ཤེས་ ནུས་པ་ཡིན། དེ་ལས་རང་མི་རིགས་ཀྱི་འཚོ་བའི་གྲུ་ཟུར་རེ་རེ་ན་གནས་པའི་གཤིས་སྤྱོད་ཐ་ཤལ་བ་ཞིག་སྟེ།  གང་བྱུང་དུ་གཞན་ལ་ལྐོག་བཤད་བྱས་ནས་གཞན་གྱི་ཡིད་སེམས་དཀྲུགས་པའི་སྣང་ཚུལ་ངན་པ་དམར་རྗེན་དུ་བཤམས་ཤིང་དེ་འདྲའི་སྣང་ཚུལ་ངན་པར་ཁ་རྡུང་དྲག་པོ་བཏང་ཡོད།   རྩོམ་དེའི་ནང་དོན་གྲུབ་ཀྱིས་རང་གི་ཆུང་མར་ཕྲུ་གུ་བུ་ཞིག་མ་བཙས་པར་འཁང་ར་བྱེད་པ་དང་། དེ་བཞིན་ཚེ་སྐྱིད་ཀྱིས་རང་ལ་བུ་མོ་ཞིག་བཙས་པའི་གནས་ཚུལ་ཤེས་ཕྲལ“དེས་ན་བྱིས་པ་འདི་བཙས་མ་བཙས་གཅིག་ཡིན་སོང་བ་རེད་ཨང”ཟེར་བ་དང་།  དེ་བཞིན་མོས་རང་གི་བུ་མོར་བལྟས་ནས“སྐྱག་ཕྲུག་མ་ཁྱོད་བུ་ཞིག་ཅི་ལ་མིན་སོང་། ཁྱོད་བུ་ཞིག་ཡིན་ཚེ་ཨ་མའི་སེམས་ཅི་འདྲའི་སྐྱིད་ཨང”ལྟ་བུའི་སྐད་ཆས་མོ་རང་བུད་མེད་ཅིག་ཡིན་རུང་སྔར་བཞིན་ཕོ་མཆོག་མོ་དམན་གྱི་རྙིང་ཞེན་གྱི་ལྟ་བས་ཕྱུག་པ་གསལ་བཤད་བྱས་ཡོད་ལ།     དོན་གྲུབ་ལ་ཆ་མཚོན་ནས་བཤད་ན།   རང་ཉིད་རིག་གནས་པ་ཞིག་གི་བརྟུལ་ཞུགས་འཛིན་ཡོད་ཀྱང་སྔར་བཞིན་བོད་ཀྱི་སྤྱི་ཚོགས་སུ་གནས་པའི་འདུ་ཤེས་རྙིང་བ་ཞིག་གི་འཆིང་ཐག་ལས་གྲོལ་མེད་པ་གསལ་པོར་བསྟན་ཡོད་པས།  རྩོམ་པ་པོས་དེ་འདྲའི་སྣང་ཚུལ་ངན་པར་དགག་རྒྱག་དང་སུན་འབྱིན་བྱས་ཡོད། དེ་བཞིན།  ཚེ་སྐྱིད་ཀྱིས་སྐྱ་བྷོའི་མགོ་ལ་བྱིལ་བྱིལ་བྱེད་བཞིན་དུ། “རྗེས་ཕྱོགས་སུ་ཁྱོད་ཀྱི་ཨ་མའི་མིང་ལ་ཨ་མ་ཞེས་འབོད་མི་རུང”ཞེས་པ་དང་། སྐྱ་བྷོ་སློབ་གྲྭར་སྡོད་རིང་སྐྱ་བྷོའི་དགེ་རྒན་གྱིས་ཁྱིམ་བདག་བོས་ནས་  དོན་དག་ལ་རྒྱུས་ལོན་བྱ་ཆེད་མོ་བོས་ཀྱང་། མོས་དགེ་རྒན་ལ་སྐྱ་བྷོའི་གནས་ཚུལ་ཤོད་དུས“ཡི་གེ་མ་ཤེས་ཀྱང་ཆོག  ཁོ་རང་གང་བྱུང་ངང་སློབ་གྲྭའི་ནང་བསྡད་དུ་བཅུག་པས་ཆོག”ཟེར་བའི་སྐད་ཆ་སོགས་ལས་ཨ་མ་ཞིག་གིས་རང་གི་ཕྲུ་གུའི་མདུན་ལམ་ལ་གཏན་ནས་བསམ་གཞིགས་མི་བྱེད་པའི་སྣང་ཚུལ་སོགས་ལ་ཁ་རྡུང་བཏང་འདུག་ཅེས་དངོས་ཡོད་དགག་སྒྲུབ་རིང་ལུགས་ཀྱི་ལྟ་ཚུལ་གྱིས་འགྲེལ་བཤད་བྱས་ཀྱང་མི་ཆོག་རྒྱུ་མེད་མོད།  ཁོ་བོས་བལྟས་ན་དགག་སྒྲུབ་ལས་བུད་མེད་ཞིག་གིས་བཞུད་མྱོང་བའི་ཀྱག་ཀྱོག་གི་མི་ཚེའི་ལམ་བུ་དང་། མོའི་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་དྲག་པོའི་སྣང་བརྙན་དང་འཚོ་བའི་བརྙན་རིས་ཞིག་མཚོན་འདུག་པ་དང་། མིའི་ལྷན་སྐྱེས་ལ་མངའ་བའི་མི་གཤིས་རྣལ་མ་ཞིག་གསལ་སྟོན་བྱས་འདུག་ཅེས་བཤད་ན་ཅུང་འཚམས་པར་འདོད། རྒྱུ་མཚན་ནི་རྩོམ་གྱི་ནང་མཛེས་རྟོག་གི་ཆ་དེ་གཙོ་བོ་དགག་རྒྱག་དང་སུན་འབྱིན་གྱི་སྟེང་ན་མེད་པར། རང་མི་རིགས་ཀྱི་འཚོ་བའི་ཁྲོད་གནས་པའི་མི་སྣ་འགའི་གཤིས་སུ་གྲུབ་པའི་སྣང་བརྙན་བརྒྱུད། མི་གཤིས་ལ་བཅིངས་འགྲོལ་བྱེད་པའི་མཛེས་པའི་སྟེང་ན་ཡོད་སྙམ། དཔེར་ན། སྒྲུང་གི་ནང་དུ་མི་སྣ་དོན་གྲུབ་ལ་ཆ་མཚོན་ནས་བཤད་ན། ཁོ་རང་ཉིད་ཀྱི་ཆུང་མ་སྔོན་མ་དང་བཟའ་ཚང་ཁ་འཐོར་དུ་སོང་བའི་རྒྱུ་རྐྱེན་གཙོ་བོ་ནི་མོ་ལ་ཕྲུ་གུ་བཙའ་བའི་ནུས་པ་མེད་པས་རེད། འོན་ཀྱང་། ད་ཆ་ཚེ་སྐྱིད་དང་གཉེན་སྒྲིག་བྱས་ནས་མོ་ལ་ཕྲུ་གུ་བུ་མོ་གཉིས་བཙས་ཀྱང་།  ཁོས་ཕྲུ་གུ་བུ་མོ་མ་གཏོགས་བུ་མ་བཙས་པར་འཁང་ར་བྱས་ནས་ཚེ་སྐྱིད་དང་བར་ཐག་རིང་དུ་གཏོང་གིན་ཡོད་པ་རེད།   དེ་ལས་མིའི་ནང་སེམས་ན་ཆུ་ཀློང་ཇི་བཞིན་དྲག་ཏུ་ལྡིང་བའི་འདོད་སྲེད་དེ་དམར་རྗེན་དུ་བཏོན་ཡོད་ལ།   མི་ལ་ཐུན་མོང་དུ་ཡོད་པའི་བདག་འཛིན་དང་། ཆགས་སྡང་སོགས་ཀྱི་གཉུག་གཤིས་སུ་གྲུབ་པའི་མིའི་འདོད་སྲེད་ཀྱི་མི་གཤིས་ཤིག་འགྲེམས་སྟོན་བྱས་ཡོད། དེ་ནི་དབྱིན་ཇིའི་ཀུན་སྤྱོད་སྨྲ་བའི་མཚན་ཉིད་རིག་པ་གྲགས་ཅན་ལའོ་སུའུ་(罗素)ཡིས་བཤད་པ་ཇི་བཞིན།“མིའི་རིགས་ཀྱི་བྱེད་སྒོ་མཐའ་དག་འབྱུང་བའི་ཁུངས་ལ་ཁག་གཉིས་ཡོད་དེ། དེ་ནི་འདོད་པ་དང་། ཧོལ་རྒྱུགས་སོ”【37】ཞེས་པ་ལྟར་རོ། དེ་ལས་རྩོམ་པ་པོས་མིའི་ལྷན་སྐྱེས་ཀྱི་གཤིས་ཀར་བརྩི་འཇོག་བྱས་པ་རྟོགས་ཐུབ་པ་ཡིན་ལ། འཚོ་བའི་བདེན་དངོས་རང་བཞིན་ལ་གཙིགས་ཆེན་དང་སྒྱུ་རྩལ་གྱི་མཛེས་པ་དོན་དུ་གཉེར་བའི་རྩོམ་རིག་གི་གོང་ཐང་འཁྱེར་ཕྱོགས་ལ་བརྩི་བཀུར་བྱས་པ་ཤེས་ནུས་ཤིང་།  མི་གཤིས་ལ་བཅིངས་འགྲོལ་བྱེད་པའི་འགན་འཁྲི་ཕྲག་ཏུ་བླངས་པ་ཡང་མཐོང་ཐུབ།    རྒྱའི་རྩོམ་པ་པོ་ལུའུ་ཞུན་གྱིས་གསུངས་པ་ཇི་ བཞིན། “རྩོམ་རིག་གསར་བརྗེ་མཁན་གྱི་དམིགས་འདུན་གཙོ་བོ་ནི་མི་གཤིས་ལ་བཅིངས་འགྲོལ་གཏོང་རྒྱུ་དེའོ་”【38】ཞེས་པ་དང་།   “མི་རིགས་ཤིག་གི་ཕྱིའི་རྨ་ཁ་གསོ་བ་ལས། ནང་སེམས་ཀྱི་གཅོང་ནད་གསོ་རྒྱུ་གལ” ཞེས་པ་བཞིན་རྩོམ་པ་པོ་ཁོང་གིས་ཀྱང་རང་མི་རིགས་ཀྱི་འཚོ་བའི་ཁྲོད་གནས་བཞིན་པའི་མི་དང་མིའི་དབར་གྱི་འགལ་འབྲེལ་རྩོམ་གྱི་བརྗོད་བྱར་བཀོད་ནས་མི་གཤིས་ལ་བཅིངས་འགྲོལ་བྱེད་པའི་ཕྱོགས་ལ་སྨྱུག་ཁ་བཀོལ་ཡོད་ལ། མི་ཆོས་ཀུན་སྤྱོད་ཀྱི་མཐོང་སྣེ་བསྐྱུར་ཏེ་མི་གཤིས་ཀྱི་མཐོང་སྣེ་སྤྱད་པ་ཞིག་ཡིན་རྐྱེན་ཀློག་པ་པོས་དེ་འདྲའི་སྣང་ཚུལ་ལ་དོ་ཁུར་དང་བསམ་གཞིགས་ བྱེད་དུ་བཅུག་ཡོད་པ་ཡིན་པས། རྩོམ་དེར་སྤྱི་ཚོགས་ཀྱི་རིན་ཐང་ཆེན་པོ་ལྡན་ཡོད་པ་ཡིན་ལ། མཛེས་རྟོག་གི་ཆ་ཡང་  ངེས་ཅན་ལྡན་ཡོད་པར་སེམས། རྒྱུ་མཚན་ནི་སྒྱུ་རྩལ་བརྩམས་ཆོས་ཀྱི་མཛེས་རྟོག་ཅེས་པ་གཙོ་བོ་སྒྱུ་རྩལ་གྱི་བདེན་པའི་ངོས་ན་ཡོད་སྙམ། དེ་བཞིན་སྒྲུང་གི་མཇུག་ཏུ་ལྕགས་མོ་ཐར་གྱིས་ཡིད་སེམས་འགུལ་བའི་གཏམ་དག་ཐོས་རྗེས་དོན་   གྲུབ་ལ་རྨོངས་གཉིད་ལས་སད་པ་ལྟ་བུའི་ངེས་ཤེས་ཟབ་མོ་ཞིག་བྱུང་བ་ལྷུག་བརྗོད་བྱས་ཡོད་པས། དེ་ལས་ང་ཚོར་འདོད་ཆུང་ཆོག་ཤེས་བྱ་དགོས་པའི་གོ་བསྐོན་སློབ་གསོའི་ནུས་པ་ཆེན་པོ་ཐེབས་སུ་བཅུག་ཡོད། ཞང་སྟོན་བསྟན་པ་རྒྱ་མཚོ་མཆོག་གིས། “ལག་པས་བདེ་བ་ཅན་ལ་འཕེན་མཁན་མེད། ། རྐང་བ་བཟུང་ནས་དམྱལ་བར་འཕེན་མཁན་མེད། ། རང་གི་སྐྱིད་སྡུག་རང་གི་ལག་ན་ཡོད། །རང་གིས་རང་ཉིད་མི་བསླུ་ཤིན་ཏུ་གཅེས། །”ཞེས་གསུངས་པ་ལྟར། ང་ཚོས་འདོད་སྲེད་ཁོ་ནའི་དབང་དུ་མ་སོང་བར་བདེ་སྐྱིད་བདེ་སྐྱིད་དུ་ཚོར་བ་བྱ་དགོས་ཤིང་། རང་གིས་རང་ཉིད་བསླུ་མི་ཉན་པར་སྐུལ་ཡོད།              བརྩམས་སྒྲུང་དེའི་སྐད་ཆའི་སྒྱུ་རྩལ་གྱི་ངོས་ནས་བཤད་ན།  སྤྱིར་བརྩམས་སྒྲུང་ནང་གི་སྐད་ཆ་དེ་དོན་ག་གེ་མོ་གསལ་སྟོན་བྱ་རྒྱུ་ཁོ་ནའི་ཆེད་དུ་མ་ཡིན་པར།    སྐད་ཆ་དེ་དག་བརྒྱུད་ནས་ང་ཚོ་ཀློག་མཁན་ལའང་མི་སྣའི་བདེ་སྡུག་བཏང་སྙོམས་ཀྱི་ཚོར་བ་དེ་ཉམས་སུ་མྱོང་དུ་བཅུག་ཐུབ་པ་ཞིག་ཡིན་དགོས། རྩོམ་དེར་ཆ་མཚོན་ནས་བཤད་ན། རྩོམ་པ་པོས་ང་ཚོར་སྐྱ་བྷོ་ནི་ཀླད་པའི་དབང་རྩར་སྐྱོན་ཡོད་པའི་མི་ཞིག་ཡིན་པ་ངོ་སྤྲོད་བྱས་པ་ཙམ་མ་ཡིན་པར། ཁོའི་སྐད་ཆའི་ཐོག་ནས་ང་ཚོར་ཁོ་ནི་རྒྱུན་ལྡན་མིན་པའི་མི་ཞིག་ཡིན་པ་གསལ་སྟོན་བྱས་འདུག་སྟེ།   དཔེར་ན། ཨ་ཁུ་དབང་ལོ་སྐྱ་བྷོ་ཚང་དུ་བོང་བུ་འཚོལ་བར་ཡོང་བའི་དུས་སུ་སྐྱ་བྷོས་ཁོ་ཚང་གི་བོང་བུ་ཤི་བའི་སྐོར་ལ་བཤད་པའི་སྐད་ཆ་སྟེ།“གྲོག་མོའི་ནང་དུ་ཤི་འདུག ང་ཡར་ལ་འགྲོ་དུས་ཤི་འདུག   མར་ལ་ཡོང་དུས་ཀྱང་ཤི་འདུག   རྡོ་བས་བརྒྱབ་ན་ད་དུང་ཡང་ཤི་འདུག    ངས་ཤི་རུ་བཅུག་པ་མིན”ཟེར་བའི་སྐད་ཆ་ལྟ་བུ་དང་། དེ་བཞིན།  སྐྱ་བྷོ་དགོན་པའི་ནང་དགེ་རྒན་གྱི་དྲུང་དུ་སློབ་ཁྲིད་ཉན་པའི་སྐབས་བཤད་པའི་སྐད་ཆ་སྟེ། དཔེར་ན། “སྐྱབས་སུ་མཆིའོ་ཟེར་བ་ནི་མཉམ་དུ་འཆི་ངེས་རེད་ཟེར་བ་ཨེ་རེད”ལྟ་བུ་དང་། 《དམིགས་བརྩེ་མ》སློབ་དུས།“འཕགས་པ་སྤྱན་རས་གཟིགས་ལ་མིག་མེད་པ་རེད་དམ”ལྟ་       བུའི་སྐད་ཆའི་ཐོག་ནས་ང་ཚོའི་སྣང་ངོར་ཁོ་ནི་རྒྱུན་གཏན་མིན་པའི་མི་ཞིག་རེད་ཨང་སྙམ་པའི་ཚོར་སྣང་སྦྱིན་པར་བྱེད་ལ། མི་སྣའི་རང་གཤིས་གསལ་སྟོན་བྱ་རྒྱུར་རམ་འདེགས་ཀྱི་ནུས་པའང་ལྡན་ཡོད་པས།  ཚིག་སྦྱོར་གྱིས་མཛེས་པས་ཕྱུག་པའི་མི་སྣའི་སྐད་ཆ་ཞིབ་འབྲི་བྱ་ཐུབ་ཡོད་ཅིང་། དངོས་ཡོད་འཚོ་བའི་ཁྲོད་ཀྱི་མི་སྣའི་སེམས་ཀྱི་འཁྱེར་སོའམ་མི་སྣའི་རང་གཤིས་རྩོམ་གྱི་སྐད་ཆ་དག་ལས་རྟོགས་ནུས་པ་ཡིན།      རྩོམ་གྱི་བྱུང་རིམ་དང་སྒྲིག་གཞིའི་ངོས་ནས་བཤད་ན།     སྒྲུང་གི་བྱུང་རིམ་གྱི་སྒྲིག་གཞི་སོ་སོར་ཐ་དད་དུ་གནས་པ་   ཞིག་མ་ཡིན་པར་གཅིག་སྡུད་ཀྱི་ཆ་ལྡན་ཡོད་དེ། བྱུང་རིམ་གྱི་སྒྲིག་གཞི་དེ་མི་སྣ་གཙོ་བོ་ཚེ་སྐྱིད་ཀྱི་ལས་དབང་དང་འབྲེལ་བ་དམ་དུ་ཡོད་པ་ཞིག་དང་།  བསྟན་དོན་གཅིག་གི་སྟེང་དུ་བབས་པ་ཞིག་ཡིན་པས། བྱུང་རིམ་ལ་མཚར་སྣང་རང་བཞིན་ཅུང་ཆེན་པོ་ལྡན་ཡོད་པ་ཡིན་ལ།“བཀོད་འབྲི་ཡིས་བརྩམས་སྒྲུང་གི་གཞུང་རྟ་ལ་ཡལ་འདབ་སྟུག་པོར་སྤྲས་ནས་ཚེ་སྲོག་གི་ལྗང་མདོག་མངོན་པར་བྱ་ཐུབ་ལ། དེ་བཞིན་རུས་སྒྲོམ་ལ་ཤ་ཁྲག་པགས་གསུམ་གྱིས་གཡོག་ནས་ཚེ་སྲོག་གི་གསོན་ཤུགས་མངོན་པར་བྱ་བ་ཡིན། དེ་བས་བཀོད་འབྲི་ཡིས་བརྩམས་སྒྲུང་གི་རང་མདངས་འབྱིན་པར་བྱེད་པ་ཡིན” 【39】ཞེས་གསུངས་པ་ལྟར། བརྩམས་སྒྲུང་དེའི་ནང་དུའང་རྩོམ་པ་པོས་ཁོར་ཡུག་བཀོད་འབྲི་དང་མི་སྣའི་བྱ་བྱེད་དང་སེམས་ཁམས་སོགས་ལ་ཞིབ་འབྲི་འོས་འཚམས་གནང་ཡོད་པས་བྱུང་རིམ་ལ་གཏམ་རྒྱུད་ཀྱི་ཤས་ཅུང་ཆུང་ཞིང་། ཁོར་ཡུག་བཀོད་འབྲི་བྱས་པ་དག་ཀྱང་རང་སྣང་གང་ཤར་གྱིས་ཞིབ་འབྲི་བྱས་པ་ཞིག་མ་ཡིན་པར། མི་སྣའི་ཡིད་ཀྱི་འགྱུར་བ་དང་དོ་མཉམ་པ་ཞིག་ཡིན་ལ། ཞིབ་འབྲི་བྱས་པའི་ནང་དོན་དག་རྒྱས་བསྡུས་འཚམས་པ་ཞིག་ཡིན་པས། དེ་ལས་རྩོམ་མཁན་ཁོང་ནི་རྩོམ་འབྲིའི་ནུས་པ་མཐོན་པོ་ཅན་ཞིག་རེད་ཨང་སྙམ་པའི་ཚོར་སྣང་རང་བཞིན་གྱིས་སྐྱེས་ཡོང་། དེ་བཞིན་བྱུང་རིམ་གོང་འོག་ཁ་ཐོར་དུ་སོང་མེད་པར་གཅིག་གྱུར་ཅན་ཞིག་ཡིན་ལ། འཚོ་བའི་བརྙན་རིས་གཅིག་ལ་བསྟན་དོན་གྱི་རིམ་པ་དུ་མའི་རྣམ་པ་བྱུང་ཞིང་། བྱུང་རིམ་གྱི་སྒྲིག་གཞི་དྲ་བ་སྦྲེལ་བ་ཇི་བཞིན་བསྣོལ་མར་གནས་ཡོད་ ཀྱང་བསྟན་དོན་དག་ཅུང་ཟད་མཐར་ཆགས་སུ་བཀྲམ་ཐུབ་ཡོད་པས་ནང་དོན་དང་རྣམ་པ་གཉིས་ཀའི་ཆ་ནས་སྒྲུང་འབྲིང་གི་རང་མདངས་མངོན་པར་བྱས་ཡོད། གཞན་རྩོམ་དེར་རོང་འབྲོག་ཁུལ་གྱི་འཚོ་བའི་དྲི་ངད་ལྷང་ལྷང་དུ་འཐུལ་རྒྱུ་འདུག་སྟེ། དཔེར་ན།“ཨ་ནེ་བཀྲ་ཁོ་ཚང་ཁྱིམ་ནང་དུ་སྡོམ་པ་སྲུང་སྟེ་གུང་ཚིགས་འཐུང་བཞིན་འདུག”ཅེས་པ་དང་“ཚེ་སྐྱིད་ཀྱིས་ཐབ་ཀའི་མདུན་དུ་ཀེ་རྩྭ་བརྫངས་ཏེ་ཇ་བསྐོལ་བཞིན་ཡོད་པ།  མོས་ད་སྔོན་ཆབ་མ་བླངས་པ་དྲན་ནས་བློ་འགྱོད་ཅིང་“ཨོབཛྲསཏྭ”ཞེས་འགྱོད་ཤགས་ལན་འགའ་བྱས་རྗེས། ངག་ནས་མ་ཎི་ཡིག་དྲུག་ཟློ་བཞིན་ལག་གཡོན་པའི་ནང་གི་མུ་ཏིག་རྫུན་མའི་ཕྲེང་བ་དེ་ཉུག་ཙམ་ཉུག་ཙམ་གྱིས་འདྲེན་བཞིན་འདུག”ཅེས་པ།“ཞོགས་པར་ཁོ་མོ་གཅིག་པུ་རི་སྒང་དུ་ཕྱིན་ནས་གྲ་མའི་རྩད་པའི་བུད་ཤིང་འཐུ་བ་དང་། དགོང་དྲོ་རང་ཉིད་གཅིག་པུ་གྲམ་གཞུང་དུ་སོང་སྟེ་ཆུ་ཟོ་ནང་དུ་ཆུ་འཆུ་བ”སོགས་ལས་ཁེར་རྐྱང་གི་ཀློང་ན་ཡོད་པའི་རོང་འབྲོག་ཁུལ་གྱི་བུ་མོ་ཞིག་གི་སྣང་བརྙན་མཚོན་ཡོད་པ་ཤེས་ནུས།     རྩོམ་དེའི་བརྗོད་བྱ་འདེམས་སྒྲིག་བྱས་པ་ལེགས་པ་དང་།  ཚིག་སྦྱོར་ཁ་གསལ་ཞིང་གོ་བདེ་ལ། གསོན་ཉམས་ལྡན་པ། དངོས་ཡོད་སྤྱི་ཚོགས་འཚོ་བའི་བྲོ་བས་ཕྱུག་པ་དང་། སྒྱུ་རྩལ་གྱི་བདེན་པས་ཕྱུག་པ། དངོས་ཡོད་འཚོ་བ་དང་བར་ཐག་ཉེ་བས་ཀློག་པ་པོ་རྣམས་ལ་དང་ལེན་བྱེད་སླ་བའི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ཡོད་མོད། རྩོམ་དེ་ཡོན་ཏན་ཀུན་འཛོམས་ཅན་ཞིག་མ་ཡིན་ཏེ། བརྩམས་སྒྲུང་དེའི་ནང་མི་སྣའི་ཕྱིའི་རྣམ་པ་ཞིབ་འབྲི་བྱས་པ་ཅུང་མི་འདང་བས་ཀློག་པ་པོར་བག་ཆགས་ཟབ་མོ་འཇོག་མི་ནུས་ཤིང་། མི་སྣ་ཕན་ཚུན་བར་རྣོ་ངར་ཅན་གྱི་འགལ་བ་ལྟག་སྤྲོད་དུ་བཀོད་པ་ཉུང་ལ། བྱུང་རིམ་ལ་ལ་རྒྱུ་འབྲས་གཏན་ཚིགས་ཀྱི་ཚུལ་དུ་གནས་མེད་པར་འདོད་དེ། དཔེར་ན། སྒྲུང་གི་མཇུག་ཏུ་དོན་གྲུབ་ཀྱི་ལས་རོགས་ལྕགས་མོ་ཐར་ནི་བརྩེ་དུང་ལ་ལྷད་མེད་མཁན་ཞིག་དང་། རང་གི་ཁྱོ་གའི་དབང་པོར་ནུས་པ་ཤོར་ཀྱང་མོས་སྔར་བཞིན་རང་གི་ཁྱོ་ག་ལ་བཅངས་པའི་བརྩེ་བ་ནི་ཅི་འདྲའི་རླབས་ཆེ་པོ་ཞིག་ཡིན་ཚུལ་བསྟན་ཁུལ་བྱས་ཡོད་ཀྱང་། མོས་དོན་གྲུབ་དང་ལྷན་དུ་མགྲོན་ཁང་གཅིག་ཏུ་བསྡད་ནས་ལུས་འབྲེལ་བྱས་ཚུལ་བྲིས་འདུག་པ་དེ་ནི་དགོད་བྲོ་བ་ཞིག་ཏུ་མཐོང་སྟེ། གལ་ཏེ་ལྕགས་མོ་ཐར་གྱིས་རང་གི་ཁྱོ་ག་ལ་བཅངས་པའི་བརྩེ་དུང་ནི་ལྷད་མེད་པ་ཞིག་ ཡིན་ན། དོན་གྲུབ་དང་ལྷན་དུ་འདུག་ནས་ཚུལ་མིན་གྱི་བྱ་བར་འཇུག་མི་སྲིད་པས་སོ། རྒྱུ་མཚན་ནི་ལྷད་མེད་ཀྱི་བརྩེ་དུང་ནི་རྩོམ་པ་པོས་བརྩམས་སྒྲུང་ནང་གི་སྐད་ཆ་ལྟར་བརྗོད་ན།   “དེ་ནི་ཕྲུ་གུ་བཙའ་བ་ཙམ་དང་སྤྲོ་བ་གསོ་བ་ཙམ་གྱི་ཆེད་མ་ཡིན་པར་ཕན་ཚུན་སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་བྱེད་པའི་ལྷད་མེད་ཀྱི་ལྷག་བསམ་དང་འདང་ བརྩེ་དེ་ཡིན་པས་རེད།” དེས་ན། མོས་རང་གི་ཁྱོ་གར་བཅངས་པའི་བརྩེ་དུང་ནི་ཅི་འདྲའི་རླབས་ཆེ་བ་ཞིག་དང་ལྷད་མེད་པ་ཞིག་ཏུ་བྲིས་ན་རྒྱུ་འབྲས་གཏན་ཚིགས་ཁུངས་བཙན་ཅན་གྱི་བྱུང་རིམ་བཀོད་འབྲིའི་ཁོངས་སུ་གཏོགས་དཀའ་སྙམ།  འོན་ཀྱང་། དེ་ནི་ང་རང་ཉིད་ཀྱི་ལྟ་ཚུལ་ཙམ་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་མཆོག་གིས། “ཕྱི་རོལ་དོན་ནི་རྣམ་གཅིག་ལ།    ཐ་དད་ཤེས་པ་འཇུག་པར་འགྱུར། ཡིད་འོང་གཟུགས་ནི་གང་ཡིན་པ། དེ་ཉིད་གཞན་ལ་གཞན་དུ་འགྱུར།”【40】ཞེས་པ་བཞིན་ཀློག་མཁན་སོ་སོར་ལྟ་ཚུལ་གཞན་པ་ཡོད་ནའང་ཐང་།   དེ་མིན་མི་གཤིས་དང་མི་སེམས་ཀྱི་ཁྱད་གཤིས་གཏིང་ཟབ་ས་ནས་གསལ་སྟོན་བྱ་རྒྱུ་ཅུང་མི་འདང་བར་སྣང་ངོ་། དེ་ནི་རྩོམ་པ་པོ་ཁོང་ཙམ་མ་ཟད་བོད་ཁུལ་གྱི་རྩོམ་པ་པོ་མང་པོའི་མི་འདང་སའི་གནས་ཡིན་ལ། རྩོམ་པ་པོ་ཞིག་གི་ངོས་ནས་བརྗོད་ན་ཅུང་ཞིབ་འབྲི་དཀའ་བ་ཞིག་ དང་སྨྱུག་ཁ་བཀོལ་དཀའ་བའི་གནས་ཤིག་ཏུ་གྱུར་བའི་རྐྱེན་གྱིས་་ཡིན་ཤས་ཆེ།           
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདེན་སྣང་གིས་ཕྱུག་པའི་སྒྱུ་རྩལ་གྱི་འཇིག་རྟེན།༤

2013-05-21 རིན་ཆེན། ༼ལན་ཀྲུ།༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།