ཕྱི་ལྷ་ཁང་དང་ནང་རྩྭ་ཁང་།
བོད་ཀྱི་དྲ་ངོས་དག་ལ་ཡང་ཡང་བལྟས་རྗེས། སྔོན་ནས་འདི་ལྟ་བུའི་རྩོམ་ཞིག་འབྲི་ན་བསམ་ཡོད་མོད། འོན་ཀྱང་དུས་ཀྱི་ཁོམ་ལོང་སོགས་མང་པོ་ཞིག་གཞི་གཅིག་ཏུ་འབྲེལ་ཁག་པོ་འདུག་པས་ད་བར་དུ་འགོར་འགྱངས་བྱས་ཟིན་པ་རེད། ད་རེ་ལུས་ཕོང་ཅུང་མ་བདེ་བར་སྨན་ཁང་དུ་འདུག་དགོས་བྱུང་སྟབས། རྐྱེན་ངན་གྲོགས་སུ་ཤར་སྟེ་འདི་ལྟ་བུ་ཞིག་རྩོམ་ཁུལ་བགྱིས་པ་ཡིན།རང་ལ་མཚོན་ན་བོད་རྩོམ་ཀློག་རྒྱུར་སྤྲོ་བ་མ་ཟད། ད་དུང་རྩོམ་འབྲི་བྱ་རྒྱུ་དང་། གཞན་གྱི་གསུང་རྩོམ་ལ་བལྟས་རྗེས་དེ་མཐུན་གྱི་གདེང་འཇོག་བྱེད་རྒྱུར་དགའ་བོ་ཡོད་མཁན་ཞིག་ཀྱང་ཡིན། དུས་རབས་འཕེལ་རྒྱས་ཀྱི་འགྲོས་ང་བསྟུན་ནས་རང་གི་ཕ་སྐད་ཀྱི་ལམ་ནས་བརྩམས་པའི་སྙན་ངག་དང་བརྩམས་སྒྲུང་། ལྷུག་རྩོམ་སོགས་ལའང་ཡུལ་གང་དུ་ཕྱིན་ཡང་བལྟ་ཀློག་བྱེད་ཐུབ་པའི་དོན་དག་འདི་མཐོང་ཚེ་ངེས་པར་དགའ་བའི་མགོ་བོ་ཡང་བ་ཡང་བོར་ནང་དུ་ལྡེམ་བཞིན་ཡོད་མོད་ཀྱང་། ཡིན་ནའང་རྩོམ་ཀྱི་ཕྱོགས་ཡོངས་ཀྱི་རྒྱུ་སྤུས་ལ་ནན་གྱིས་བསམ་དུས་ངའི་སྐྱོ་བའི་མིག་ཆུ་ཤུམ་ཤུམ་གྱིས་ས་ལ་ཟགས་འགྲོ། བོད་ཀྱི་རྩོམ་རིག་སློབ་གསོ་དྲ་རྒྱ་ཅན་ཏུ་འཕེལ་རྒྱས་མ་བྱུང་སྔ་རོལ་ཏུ། ང་ཚོར་དེང་གི་འདི་ལྟ་བུའི་རྩོམ་གྱི་ཁ་གྲངས་ལྟ་ཅི། ཐ་ན་རྩོམ་ཡིག་ལེགས་ཤོས་ཤིག་དྲ་ལམ་ཏུ་བསྟར་འདོད་ཀྱི་ས་བོན་ཡོད་ནའང་། བསྟར་སའི་ཞིང་ས་མེད་པའི་གནས་ན་གྲགས་འགུལ་མེད་པར་བསྡད་ཡོད་པ་ན་མཉམ་གྲོགས་པོ་དག་གི་སེམས་ན་རྡོ་བརྐོས་ཀྱི་རི་མོ་བཞིན་གསལ་ལྷང་ངེ་ཡིན། ད་ནི་དྲ་ངོས་རྩོམ་སྒྲིག་པ་དག་གིས་ང་ཚོར་འདི་ལྟ་བུའི་ཤེས་བྱའི་ཞིང་ས་ཆེན་པོ་ཞིག་གནང་བ་ལ་ངེས་པར་དུ་རྗེས་སུ་ཡི་རངས་བྱེད་འོས་པར་སྙམ། སྔོན་ཆད་དུས་དེབ་སོགས་སུ་བཀོད་ཟིན་པའི་འཇུ་སྐལ་བཟང་དང་ལྗང་བུ། དགེན་སྟག་འབུམ་རྒྱལ། ཞོགས་དུང་སོགས་ཀྱི་སྙན་ངག་དང་བརྩམས་སྒྲུང་། ད་དུང་རིག་གནས་དགག་སྒྲུབ་སོགས་ཀྱི་རྩོམ་ཡིག་དེ་དག་མཐོང་དུས་ངའི་གདོང་ན་འཛུམ་གྱི་མཚོ་མོ་འཁྱིལ་ཞིང་སེམས་སུ་དགའ་བའི་སྤྲིན་ཚོགས་གཡོ། རྒྱུ་མཚན་དེ་དག་གི་རྩོམ་ནི་ཚིག་ལ་བབ་ཆགས་ཤིང་སྐད་བརྡའི་ཆོས་ཉིད་དང་མཐུན་པ། བརྗོད་བྱའི་དོན་ལེགས་ཤིང་རྩོམ་པའི་ཉམས་ཀྱི་ཕྱུག་པའི་ལེགས་རྩོམ་ཤ་སྟག་ཡིན་པས་སོ། དྲ་རྒྱ་ཡོངས་ཁྱབ་ཅན་དུ་གྱུར་རྗེས་སྔོན་དང་བསྡུར་ན་ང་ཚོར་རྩོམ་གྱི་ཁ་གྲངས་ཐད་མ་ལོངས་མེད་མོད། འོན་ཀྱང་ཁ་བྱང་མཉམ་ཆེན་རྫིགས་པོ་རང་གིས་ཀྱང་ཐེག་པར་དཀའ་བ་རེ་བཏགས་སྟེ་ནང་དུ་ཡི་གེ་ནོར་བ་དང་ལྟ་ཚུལ་ནོར་བ། རྗོད་བྱེད་ཚིག་ལ་དག་ཆ་ཐོན་མེད་པ། སྡེབ་སྦྱོར་ལ་ལྷད་ཞུགས་པ། ཐ་ན་བྱེད་སྒྲ་འབྲེལ་སྒྲའི་ཕྲད་དང་། དུས་གསུམ་གྱི་དབྱེ་བས་མཚོན་པའི་སུམ་རྟགས་ཀྱི་གནད་ཀྱང་མི་འགྲོ་བ་མང་པོ་ཞིག་གིས་བོད་རིག་པ་ཅེས་རྫིག་རྫིག་གི་ཉམས་སྟོན་པའི་སྐད་ཆ་འདི་དག་ཐོས་ཚེ་ངའི་བྲང་ཁོག་འཁྱག་སོབ་སོབ། ལུས་པོ་འདར་སིག་སིག།
ཉི་ཧོང་དུ་ཐོན་ནས་ཟླ་ཕྱེད་ལྷག་འགོར་རྗེས། ང་འཇེམ་འཁོར་མང་བོའི་འུར་ཟིང་གི་འཚོ་བར་སུན་སྣང་སྐྱེས་འགོ་ཆུགས་ཤིང་། བོད་རང་གི་དཔེ་དེབ་མང་བོ་ཅི་དགར་ལོངས་སྤྱད་ཆོག་པའི་འབག་བཙོག་གི་བོད་མིའི་ཁྲོམ་དེའང་ཡིད་ལ་ཝ་ལེ་ཝ་ལེར། དེ་ལྟ་བུའི་སུན་སྣང་ཁྲོད་ངའི་དགེན་སྟག་འབུམ་རྒྱལ་ལགས་ཀྱི་ཁ་བ་མེད་པའི་དགུན་ཁ་དྲན་ཞིང་། ད་དུང་བཀྲ་བྷས་ཁྱི་སྐྱག་རྟ་དགའ། འཇུ་སྐལ་བཟང་གི་ནར་ལེར་བགྲོ་བའི་གཏམ་སོགས་སྙིང་གི་རུས་ཟུག་པའི་བརྩམས་སྒྲུང་དང་སྙན་ངག ལྷུག་རྩོལ་སོགས་གང་མང་ཞིག་ཀྱང་སེམས་ཀྱི་ཟབ་ས་ནས་ལྷོད་ཀྱིས་འཛུམ་བྱུང་། དེ་ལྟ་བུའི་དྲན་གདུང་གི་སྐོམ་པ་ནི་ཁ་སྐོམ་པ་བརྒྱ་ཕྲག་ལས་བརྒལ་ཞིང་། དེ་ལྟ་བུའི་དུངས་ཞེན་གྱི་ལྟོགས་རྔམ་ནི་ལུས་ལྟོགས་པ་སྟོང་ཕྲག་ཀྱི་ཡན་རེད། བཀྲེས་སྐོམ་དེ་སེལ་བའི་ཕྱིར་དུ་ང་བོད་ཀྱི་དྲ་ངོ་དག་ཡང་ཡང་མྱུལ་དུས་ངའི་ཁྲ་ཆུང་མིག་གཉིས་ལ་བསྟབས་པ་ནི་ཕྱི་བལྟས་འཇིགས་ཡེར་བའི་ལྷ་ཁང་ཞིག་ལ་བརྟེན་གསུམ་གྱི་བརྒྱན་ཕྲ་བའི་རྩྭ་ཁང་དང་གཉིས་སུ་མེད་པ་དེ་དག་རེད་ལ། ལྟོགས་སྐོམ་མི་སོད་པའི་དངོས་པོ་མང་པོ་ཞིག་གྲལ་ཏུ་བསྟར་བ་དང་ཡང་ཀུན་ནས་མཚུངས་སོ།
སྤྱིར་ཡིག་ནོར་འབྱུང་བ་ལ་སྔོན་བྱོན་མཁས་པ་ཚོས་གནད་གསུམ་ཏུ་བསྡུ་སྟེ། རྩམ་མཁན་གྱིས་ཉམས་མ་བཞག་པ་དང་ཞིབ་དག་པ་མིག་ཡང་བ། རྩོམ་མཁན་ལ་ཆུ་ཚད་ཀྱི་མ་ལོངས་པ་བཅས་སོ། རང་ཅག་ནི་གནད་གང་དུ་འདུ་བ་ཞིབ་ཏུ་བསམ་ན་རྟོགས་འོང་ཞིང་། རྗེས་ཕྱོགས་འདིའི་ཐད་དུ་གཟབ་གཟབ་རེ་བྱེད་རྒྱུ་ནི་སྙིང་གི་རེ་འབོད་ཡིན། འདི་ནི་རྩོམ་ཡིག་ གི་རྒྱུ་སྤུས་དང་ཤེས་བྱའི་སྤུས་ཚད་མཐོར་འདེགས་སུ་གཏོང་བྱེད་ཀྱི་མ་མཐའི་ཆ་རྐྱེན་ཡིན་ལ། ཐབས་པའང་དེ་ཁོ་ན་ཉིད་དོ།
༢༠༡༣ལོའི་ཟླ༡ ཚེས༢༩ཉིན་ལ།
རྩོམ་ཁུངས། ངེད་དྲ་བ།