ཡིད་འོང་མ་འཕྲོག་རྩོད་ཀྱི་གཡུལ་ལས་འཕྲོས་པའི་བུད་མེད་ཀྱི་ཐོབ་ཐང་སྐོར་གླེང་བ།
བཞུད་ཟིན་པའི་ལོ་ཟླ་ཡི་འཁོར་འགྲོས་རིང་མོའི་ནང་། མིའི་རིགས་ཀྱིས་ཐོག་མའི་སྤྲའམ་སྤྲེའུ་ནས་དེང་རབས་མིའི་འཕེལ་འགྱུར་བརྒྱུད་ཅིང་། འཚོ་གནས་བརྩོན་ལེན་ནས་སྲིད་དབང་གི་སྒྲིག་གཞི་བྱུང་བའི་གོ་རིམ་ཁྲོད། འཇིག་རྟེན་ཡོད་ཚད་འགལ་འདུ་ཡི་དབང་དུ་མ་གྱུར་བ་མེད་པས་ཞི་བདེ་དང་འཐབ་འཁྲུག་རེས་མོས་ཀྱིས་བྱུང་ཞིང་།གཡུལ་འཁྲུག་གི་རྒྱུ་རྐྱེན་ཡང་མང་དུ་མཆིས་མོད་ཀྱང་། བུད་མེད་དག་གྱོད་ཀྱི་གཞི་མར་གྱུར་བའི་དཔེ་ཡང་སྔོན་བྱུང་གི་ལོ་རྒྱུས་དང་གཏམ་རྒྱུད། དེ་བཞིན་དངོས་ཡོད་འཚོ་བའི་ཁྲོད་མང་བོ་བྱུང་བ་སྟེ།《ཧོར་གླིང་གཡུལ་འགྱེད》དུ་སྐྱ་ལོའི་སེང་ལྕམ་འབྲུག་མོ་ཧོར་གླིང་མི་ལོ་དགུ་ལ་འཁྲུག་པའི་གྱོད་ཀྱི་གཞི་མ་དང་།《རྒྱལ་བོ་རཱ་མ་ནའི་རྟོགས་བརྗོད》དུ་མཛེས་མ་སི་ཏཱ་སྲིན་པོའི་རྒྱལ་བོ་ལིངྒྰ་མགྲིན་བཅུ་དང་རྒྱལ་བོ་རཱ་མ་ནཱ་གཉིས་ཀྱིས་འཕྲོག་རྩོད་བྱས་པའི་གཏམ་རྒྱུད་མོད་ཀྱང་། ད་རེས་འདིར་ཆེད་དུ་བརྗོད་པར་བྱ་བ《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》ལས་སྲིད་པའི་རྒྱན་གྱི་རྒྱལ་བུ་གཞོན་ནུ་ཟླ་མེད་དང་ཕོ་བྲང་སྣང་བ་འབུམ་ལྡན་གྱི་རྒྱལ་བོ་ཟླ་བའི་བློ་གྲོས་ལ་རིགས་ཀྱི་མྱུ་གུ་ལྷ་ལས་ཕུལ་བྱུང་ཞེས་པའི་རྒྱལ་བུ་གཉིས་ཀྱིས་བུད་མེད་མཛེས་མའི་ཡང་རྩེ་ཡིད་འོང་མ་འཕྲོག་རྩོད་བྱས་པའི་ངོ་མཚར་བའི་གཏམ་རྒྱུད་ལས། ང་ཚོས་སྤྱི་ཚོགས་འཚོ་བའི་ཁྲོད་བུད་མེད་ཀྱི་ཁེ་དབང་ངམ་ཐོབ་ཐང་རྡོག་བརྫིས་གཏོང་བའི་ཟུར་ཅིག་མཐོང་བར་མ་ཟད། བུད་མེད་ཀྱི་གཉེན་སྒྲིག་རང་དབང་ལ་གནོད་པ་ཐེབས་པའི་ཡ་ང་བའི་མཇུག་འབྲས་བརྒྱུད་གཡུལ་འཁྲུག་དེ་དག་གི་འབྱུང་རྐྱེན་ཡང་བུད་མེད་ཀྱི་ཁེ་དབང་ལ་བརྩི་མཐོང་མ་བྱས་པ་ལས་བྱུང་བར་འདོད་ཅིང་། ང་ཚོས་ཅིས་ཀྱང་བུད་མེད་ཀྱི་ཁེ་དབང་ལ་སྲུང་སྐྱོབ་དང་ཐོབ་ཐང་ལ་བརྩི་འཇོག་བྱེད་དགོས་སོ།།
དེ་ཡང་། 《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》དུ་། བུད་མེད་གཞན་དག་ལྟ་ཅི་སྨྲོས།མཐོ་བ་རྒྱལ་བོའི་སྲས་མོ་ཡིན་ཡང་གཉེན་སྒྲིག་ལ་རང་དབང་མེདཅིང་། སྲས་མོའི་མ་འོངས་པའི་བཟའ་ཟླ་སྔ་མོ་ནས་གཏན་འཁེལ་བྱས་ཟིན་པ་སྟེ། རྒྱལ་བོ་གསལ་ལྡན་གྱིས་སྔ་མོ་ནས་སྣང་བ་འབུམ་ལྡན་གྱི་རྒྱལ་སྲས་ལྷ་ལས་ཕུལ་བྱུང་དང་ཡིད་འོང་མ་གཉིས་ཁྱོ་ཤུག་སྲིད་གཅིག་ཏུ་སྐྱོང་བའི་དམ་བཅའ་ཐ་ཚིག་བསྒྲགས་ཟིན་པ་ལྟ་བུ་དང་།ད་ལྟའང་དངོས་ཡོད་སྤྱི་ཚོགས་འཚོ་བའི་ནང་བུད་མེད་ཀྱི་ཁེ་དབང་དེ་ཉམ་ཆུང་གི་གནས་སུ་འདུག་པས་ད་དུང་ང་ཚོས་མུ་མཐུད་དུ་བུད་མེད་ཀྱི་ཐོབ་ཐང་བརྩོན་ལེན་བྱ་དགོས་ཤིང་།དེ་བཞིན་《སྣང་ས་འོད་འབུམ་གྱི་རྣམ་ཐར
》དུའང་།
འདིར་ཚོགས་ཁྲོམ་གྱི་ལྷ་མི་ཀུན་གྱིས་ཉོན་ཅིག།
མྱང་སྟོད་རི་ནང་གྲགས་པ་བསམ་འགྲུབ་ལ།།
བུ་མོ་སྣང་ས་བག་མར་སློང་ཚར་བས།།
ད་ལྟ་ཉི་མ་དེ་རིང་ནས་བཟུང་སྟེ།།
དབང་ཆེན་མི་ཡིས་འཕྲོག་སོང་ཟེར་ས་མེད།།
མཐོ་བ་གནམ་ལ་འཕུར་སོང་ཟེར་ས་མེད།།
དམའ་བ་ས་ལ་འཛུལ་སོང་ཟེར་ས་མེད།།
རི་ནང་དཔོན་པོས་བུ་མོ་སྣང་ས་ནི།།
བདག་པོ་སྤྲད་ཡོད་ཀུན་གྱིས་གོ་བར་བྱས།། ཞེས་པ་ལྟ་བུ་ལས་ང་ཚོས་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་ཉམ་ཆུང་བའི་བུད་མེད་ཀྱི་ཁེ་དབང་ལ་འདི་ལྟ་བུའི་ལོ་རྒྱུས་ཀྱི་སྐྱོ་གར་བསྐྱར་འཁྲབ་བྱེད་པ་མང་དུ་མཐོང་བས། ང་ཚོས་གཉེན་སྒྲིག་རང་དབང་ནས་མགོ་བརྩམས་ཏེ། བུད་མེད་ཀྱི་ཐོབ་ཐང་ལ་བརྩི་འཇོག་བྱ་དགོས་ཤིང་། བུད་མེད་ཀྱི་གཉེན་སྒྲིག་རང་དབང་ལ་བརྩི་འཇོག་བྱས་པ་ནི་དོན་དུ་བུད་མེད་ཀྱི་ཁེ་དབང་ངམ་ཐོབ་ཐང་ལ་བརྩི་འཇོག་བྱས་པ་ཞིག་ཀྱང་རེད། 《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》ལས་ཡིད་འོང་མ་གཞོན་ནུ་ཟླ་མེད་ལ་དགའ་ཞིང་དུངས་པ། དེར་མ་ཟད། ཡིད་འོང་མས་ལྗོངས་རྒྱུའི་གནང་བ་ཞུས་ཏེ་མཐར་སྲིད་པའི་རྒྱུན་དུ་བྲོས་པ་ནི། དོན་དུ་ཡིད་འོང་མས་གཉེན་སྒྲིག་གི་རང་དབང་ངམ་བུད་མེད་ཀྱི་ཐོབ་ཐང་བརྩོན་ལེན་བྱས་པ་ཞིག་ཡིན་པར་མ་ཟད། གལ་ཏེ་ཐོག་མ་ནས་ཡབ་རྒྱལ་བོས་ཡིད་འོང་མའི་གཉེན་སྒྲིག་རང་དབང་གི་ཐོབ་ཐང་ངམ་ཁེ་དབང་བརྩིས་མེད་དུ་བཏང་མེད་ན་རྒྱལ་ཁམས་འཁྲུག་ཅིང་མི་སྲོག་ཡལ་བའི་དོན་རྐྱེན་དེ་ལྟ་བུའང་འབྱུང་མི་སྲིད་དོ།།
ཚིག་གི་སྒྱུ་རྩལ་དང་དོན་གྱི་བྱུང་བ་གང་གི་ཆ་ནས་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་ཡིད་ཀྱི་བརྟན་པ་འཕྲོག་དང་འཕྲོག་བཞིན་པའི་《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》ཡིན་ནའང་འདྲ།ལྷག་པར་རང་རེའི་བོད་ཀྱི་སྤྱི་ཚོགས་་ལྟ་བུར་མཚོན་ན། གདོད་མ་ནས་ད་ལྟའི་བར་བུད་མེད་ཀྱི་ཐོབ་ཐང་ནི་གླེང་བྱའི་ཡུལ་དུ་མ་གྱུར་ཏེ། ཐ་ན། དུས་རབས་ཉེར་གཅིག་པའི་ཡོངས་ཁྱབ་རིན་ཐང་གི་སྒོ་མོ་ཆེ་རུ་ཕྱེ་ཞིང་། འདྲ་མཉམ་དང་རང་དབང་གི་མེ་ལྕེ་དགུང་ན་མཆེད་པའི་དུས་དེ་རིང་རང་རེའི་བོད་མི་རིགས་ཀྱི་བུད་ཚོས་སྔར་བཞིན་ཕོ་མོ་འདྲ་མཉམ་གྱི་རང་དབང་ལོངས་སུ་སྤྱོད་པ་ནི་ཉིན་མོའི་སྐར་མ་དང་ནམ་མཁའི་མེ་ཏོག་གི་གྲོགས་སུ་གདའ། ཡིན་ནའང་། ཕྱི་གླིང་བར་འདི་ལྟ་བུའི་སྐད་ཆ་ཞིག་ཡོད་དེ།“ང་ཚོས་བརྒྱ་ལོ་བཅུ་དྲུག་པར་མི་བུ་རྙེད་བྱུང་ལ།བརྒྱ་ལོ་བཅོ་བརྒྱད་པར་བུད་མེད་རྙེད།བརྒྱ་ལོ་བཅུ་དགུ་པར་བྱིས་པ་རྙེད་”ཅེས་གྲགས་པ་བཞིན་དུ་ནུབ་ཕྱོགས་པས་དུས་རབས་བཅུ་དགུ་པར་བུད་མེད་ལ་མཐོང་ཆེན་བྱས་ཤིང་ཕོ་མོ་འདྲ་ཡིན་མཉམ་དེ་སྤྱི་ཚོགས་ཡོངས་ཀྱི་མཐོང་ཆོས་སུ་གྱུར་བ་ཡིན་མོད། འུ་ཅག་བོད་མི་རིགས་ནི་དེ་ལྟ་བུ་ཞིག་མ་ཡིན་པར། དུས་ད་ལྟའང་བུད་མེད་ཀྱི་ལས་དབང་ཉམས་ཐག་པའི་གནས་སུ་འདུག་པ་འདི་ཡང་ས་བོན་མེད་པར་མྱུ་གུ་འཁྲུངས་བ་ཞིག་ཏུ་མི་འདོད་དེ། ལོ་ངོ་ཆིག་སྟོང་སུམ་བརྒྱའི་ཡར་སྔོན་ལ། ཆོས་དང་སྲིད་ཀྱི་མཛད་འཕྲིན་བླ་ན་མཐོ་བའི་བཙན་པོ་སྲོང་བཙན་སྒམ་པོས་གཏན་འབེབས་བྱས་པའི་ཁོད་སུམ་སོ་དྲུག་གི་ནང་ཚན་རྒྱལ་ཁམས་དཔེར་བླངས་ཀྱི་ཁྲིམས་ལས་མི་ཆོས་གཙང་མ་བཅུ་དྲུག་གི་ནང་མི་སྐྱེས་ཕོ་རྣམས་ཀྱིས་བུད་མེད་ངག་ལ་མི་ཉན་པ་སྲུང་བྱར་བརྩིས་པ་དང་། བཀའ་གྲོས་ཆེན་མོ་དྲུག་གི་ནང་དུ་“ཁེང་རྒོད་དུ་མི་བཏང་ཞིང་མོ་བཙུན་བཀའ་ལ་མི་གདགས”ཞེས་དང་། ད་དུང་བུད་མེད་ལ་སྤྱི་ཚོགས་ཁྲོད་ན་སྡིགས་མོ་བྱེད་ཚུལ་ཡང་མང་དུ་ཡོད་དེ། སྣ་ནག་མ། སྐྲ་རིང་མ། བློ་ཐུང་མ། དེར་མ་ཟད། ཁ་རྒྱུན་དུ།
རྒྱུ་ཕུག་རྟ་ཡིས་མ་བྱེད།། ཟས་ཕུག་ཤ་ཡིས་མ་བྱེད།།
གྲོས་ཕུག་ནག་མོས་མ་བྱེད།། དགྲ་བོ་ཉེ་སར་མ་འཇོག།
ཅེས་བུད་མེད་ལ་དམའ་འབེབས་བྱེད་པའི་སྲོལ་ངན་མང་དུ་མཆིས་པས། མི་ལོ་སྟོང་ཕྲག་གི་བག་ཆགས་རྙིང་བ་དེ་དག་ཤ་གསེང་རུས་གསེང་དུ་འཐིམས་ཡོད་ཕྱིར་བུད་མེད་ཀྱི་ཐོབ་ཐང་དམན་པར་གྱུར་བ་དང་། རྒྱུ་མཚན་གཞན་ཞིག་ནི་ནང་ཆོས་བོད་དུ་དར་བ་ནས་རིམ་གྱིས་རབ་བྱུང་གི་སྡེ་བྱུང་ཞིང་། རབ་བྱུང་བཙུན་པའི་སྤངས་བྱ་བུད་མེད་ཡིན་ཞིང་། བུད་མེད་བདུད་ཀྱི་གཡབ་མོ་ཡིན་པར་འདོད་པས། ནང་ཆོས་རྒྱ་ཁྱབ་དུ་དར་སྤེལ་དང་འཕེལ་རྒྱས་བྱུང་བ་དེའང་བུད་མེད་ཀྱི་ཁེ་དབང་ལ་གནོད་པ་ཐེབས་ཆེན་པའི་རྒྱུ་རྐྱེན་གཙོ་བོ་ཡིན་པར་བསྙོན་དུ་དུ་མེད་དོ།།
<<གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད>>ལས་མི་སྣ་གཙོ་གྲས་སུ་གཏོགས་པའི་ཡིད་འོང་མའི་ལས་དབང་ལས་འཕྲོས་པའི་བུད་མེད་ཀྱི་ཐོབ་ཐང་རྩིས་མེད་དུ་གཏོང་བ་ནི་རང་རེའི་བོད་ཁོ་ན་ཙམ་མ་ཟད། རྒྱ་ནག་ཏུ་ཡང་།“རྐང་ལག་ཆ་རེ་ལ།།མིག་ཆུ་ཟོ་དོ།།ཞེས་དང་།”“བུ་མོ་མནའ་མ་བྱ་དང་སྟེར་ན་བྱ་དང་བསྟུན།ཁྱི་ལ་སྟེར་ན་ཁྱི་དང་བསྟུན་”ཞེས་སྐྱེས་པའི་བྲན་གཡོག་དང་ཚོང་ཟོག་ལྟ་བུར་དངོས་འཛིན་བྱེད་ཅིང་། དེར་མ་ཟད། རྒྱ་ནག་གི་རྒྱལ་བོ་གཅིག་གིས་བཙུན་མོ་ལྔ་བརྒྱ་བཞེས་པ་ལྟ་བུས་ཀྱང་མཚོན་ནུས་ལ། རིག་པའི་དཔའ་པོ་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་སྒྲིག་པོད་ལྔ་བ་རུ། རྒྱ་གར་གྱི་བུད་མེད་སྐོར་བརྗོད་སྐབས་“ནོར་ལྡན་རྒན་པོ་ཁ་ཡི་སྐྲ་ལོ་ཅན།།ན་ཆུང་བུ་མོ་གདམས་ནས་ཉོ་བར་བྱེད།།”ཅེས་དང་། བུལ་ཡུལ་གྱི་སྣང་བརྙན་ཡང་“བལ་ཡུལ་སོགས་ན་སྐྱེས་པས་བུད་མེད་ལ།།བཙན་གྱིས་བཟུང་ནས་ཆགས་པ་སྤྱད་ན་ཡང་།།ཚར་མ་ཐག་ཏུ་བུད་མེད་ཡར་ལངས་ནས།།ཕོ་ཡི་རྐང་བར་ཐོད་པ་གཏུགས་ཏེ་འགྲོ།”ཞེས་གསུང་ པ་སོགས་སུ་བརྟན་ཅིང་དཔྱད་ན་རང་རེའི་བོད་ཁོ་ན་ཙམ་མ་ཡིན་པར་ཤར་ཕྱོགས་རྒྱལ་ཁབ་དག་ཏུ་བུད་མེད་ཀྱི་ཐོབ་ཐང་ཧ་ཅང་དམའ་བ་དེ་རྟོགས་ཐུབ་བོ།།
རྒྱལ་སྤྱིའི་བུད་མེད་རིང་ལུགས་པས་འདི་ལྟ་བུའི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་སྟེ།“གལ་ཏེ་སྐྱེས་བ་རྣམས་ཀྱིས་བུད་མེད་གཞན་དབང་དུ་གྱུར་བའི་གོ་གནས་ལ་ངོས་ཟིན་ཟབ་མོ་དང་ནུས་པ་ཆེན་པོས་བསྒྱུར་བཅོས་མ་བཏང་བ་ཡིན་ན།བུད་མེད་གཅིག་པོས་ལེགས་བཅོས་གཏོང་བ་དཀའ།”ཞེས་སྐྱེས་པ་རྣམས་ཀྱིས་བུད་མེད་ཁེ་དབང་ལ་སྲུང་སྐྱོབ་བྱ་དགོས་པའི་འབོད་སྐུལ་ཞུས་འདུག་པ་འདི་ནི་བུད་མེད་ཀྱི་ཁེ་དབང་མཐོ་རུ་གཏོང་བའི་ཐབས་དམ་པའམ་ཐབས་མཆོག་ཏུ་གྱུར་བ་ཞིག་ཏུ་འདོད་པས་ང་ཚོས་ཅིས་ཀྱང་དོན་སྣང་བྱེད་དགོས་པའི་གནས་སུ་འཁུམས་ལ། བུད་མེད་ཀྱི་དབང་ཆའམ་ཐོབ་ཐང་ཅི་ལྟར་འཚོལ་བའི་ཐབས་གོང་དུ་གླེང་བཞིན་པ་འདི་ལས་གཞན། བདག་གིས་ད་ལྟའི་བོད་ཁུལ་གྱི་གནས་བབས་དངོས་ལ་གཞིགས་ནས་བསམ་བློ་རེ་གཏོང་ཁུལ་བྱས་ན། ཐོག་མར་བོད་ཁུལ་གྱི་རྒྱ་ཆེའི་བུད་མེད་རྣམས་ཀྱིས་ཐ་ན་རང་ཉིད་ཀྱི་དུས་ཆེན་ཙམ་ལ་ཡང་རྒྱུས་ལོན་མེད་པའི་གནས་བབས་ལ་བསྒྱུར་བཅོས་བཏང་ནས་རྒྱལ་སྤྱིའི་བུད་མེད་ཐུན་མོང་གིས་ལོངས་སུ་སྤྱོད་བཞིན་པའི་རྒྱལ་སྤྱིའི་བུད་མེད་དུས་ཆེན(སྤྱི་ཟླ༣་པའི་ཚེས་))དང་། རྒྱལ་སྤྱིའི་ན་ཆུང་བུ་མོའི་དུས་ཆེན་(སྤྱི་ཟླ་༣པའི་ཚེས་༡༨)། དགའ་གྲོགས་དུས་ཆེན་(སྤྱི་ཟླ་༢པའི་ཚེས་༡༤)།རྒྱལ་སྤྱིའི་ཨ་མའི་དུས་ཆེན་(སྤྱི་ཟླ་༥པའི་ཚེས་༡༠ཉིན)སོགས་བུད་མེད་དང་འབྲེལ་ཡོད་ཀྱི་དུས་ཆེན་དག་ངོ་སྤྲོད་དང་བརྒྱུད་སྒྲོག་བྱས་ཏེ། རང་རེའི་བོད་ཀྱི་བུད་མེད་ཚོར་རང་ཉིད་ལ་ངོས་འཛིན་གསར་བ་དང་རྟོགས་སད་འབྱུང་དུ་བཅུག་སྟེ། བུད་མེད་དང་འབྲེལ་ཡོད་ཀྱི་བྱ་འགུལ་སྣ་ཚོགས་སྤེལ་བ་དང་། བུད་མེད་རང་ཉིད་ལ་དབང་བའི་སྤྲོ་སྐྱིད་ལྡན་པའི་དུས་ཆེན་ལ་རོལ་མྱོང་བྱེད་རྒྱུ་ནི་འུ་ཅག་གདོང་དམར་གངས་རིའི་ལྗོངས་ཀྱི་བུ་མོ་ཐུན་མོང་གི་ཐོབ་ཐང་མཐོ་རུ་གཏོང་བའི་གནད་ཉིད་དུ་འདོད་དོ།།
བུད་མེད་ཀྱིས་རང་ཉིད་ཀྱི་ཐོབ་ཐང་བརྩོན་ལེན་བྱས་པའི་ལོ་རྒྱུས་ཀྱི་བརྒྱུད་་རིམ་ཁྲོད་དུ།བུད་མེད་མཛངས་མའང་མང་དུ་བྱུང་བ་ཡིན་ཏེ།བུད་མེད་ནི་མཐའ་གཅིག་ཏུ་གཉོམ་ཆུང་ནུས་མེད་གཡུང་མོ་ལུག་ལྟ་བུ་དང་བསམ་བློ་གཏོང་མི་ཤེས་པའི་དུད་འགྲོ་ལྟ་བུ་ཞིག་མ་ཡིན་པར།རང་རེའི་ལོ་རྒྱུས་ནང་དངོས་སུ་བྱུང་བའི་བོད་རིགས་མཛངས་མའི་གཙུག་རྒྱན་མྱང་ཚ་དཀར་རྒྱན་དང་མ་གཅིག་ལབ་སྒྲོན། ཆབ་སྲིད་མཁས་ཅན་ སད་མ་དཀར་དང་འབྲི་བཟའ་ཁྲི་མ་ལོད་ལྟ་བུ། ད་ལྟའི་བོད་རིགས་མཛངས་མ་པན་རིག་འཛིན་དབང་མོ་དང་ཨ་མཆོག་ཚེ་རིང་སྐྱིད། ད་དུང་བོད་རིགས་སྐྱེས་མ་རྣམས་ཀྱིས་རང་ངོ་རང་གིས་ཟིན་རྒྱུ་ལ་རམ་འདེགས་ཀྱི་བྱ་བ་མང་པོ་མ་སྐུལ་དང་བླངས་ཀྱིས་བསྒྲུབས་དང་སྒྲུབ་བཞིན་པའི་དགེ་རྒན་དཔལ་མོ་དང་སྲས་མོ་མགོན་པོ་སྐྱིད་ལྟ་བུ་སོགས་ནི་བོད་རིགས་བུ་མོ་དག་གིས་སློབ་སྦྱོང་དང་མིག་དཔེ་བལྟ་ས་ཡིན་ལ། རྒྱ་ནག་ཏུ་འང་རྒྱལ་མོ་ཝུའུ་ཙེ་ཐེན་༼武则天༽དང་རྒྱལ་ཡུམ་ཚི་ཞུ༼慈禧太后༽་སོགས་ཆབ་སྲིད་མཁས་ཅན་དང་། ད་ལྟའི་ཀྲུང་གོའི་དེངས་རབས་བུད་མེད་རྩོམ་པ་པོ་པིན་ཞུན༼冰心༽་དང་ཏུན་ལིན༼丁玲༽་སོགས་མང་དུ་བྱུང་ཞིང་། འཛམ་གླིང་གི་ཆབ་སྲིད་གར་སྟེགས་ན་ནུས་པ་བཏོན་འདོན་བཞིན་པའི་ཨ་རིའི་ཕྱི་འབྲེལ་བློན་ཆེན་ཁི་ལིན་ཏོང་ཞི་ལ་ལེ་༼克林顿·希拉里༽དང་། འཇར་མན་གྱི་ཙུང་ལི། ཧྥུ་ལེ་པུན་གྱི་ཙུང་ཐུང་། འབར་མའི་དམངས་གཙོ་ལས་འགུལ་གྱི་མགོ་གཙོ་སོགས་ནི་བུད་མེད་ཀྱིས་འགན་ཁུར་མྱོང་ལ། དུས་ད་ལྟའང་རྒྱལ་སྤྱིའི་སྟེང་ན་སྙན་པའི་གྲགས་པ་འབར་བའི་བུད་མེད་རྩོམ་པ་པོ་དང་། ཆབ་སྲིད་པ། སྒྱུ་རྩལ་བ་དག་བྱུང་དང་འབྱུང་བཞིན་འདུག་པ་འདིས་བུད་མེད་ནི་གདོད་མའམ་རང་བཞིན་གྱི་ནུས་མེད་ཅིག་མིན་པ་རྭ་སྤྲོད་བྱས་ཚར་བས། བོད་རིགས་བུད་མེད་ཚོས་སྙིང་སྟོབས་སྐྱེད་དེ་མདུན་དུ་སྐྱོད་དང་། ཁྱོད་ཅག་གི་ཁེ་དབང་དེ་ནམ་ཡང་རང་ཉིད་ཀྱི་གཟུགས་དང་གྲིབ་མ་བཞིན་དུ་འགྲོག་ཡོད་ལ། བོད་རིགས་བུད་མེད་དག་གི་ཐོབ་ཐང་དང་ཁེ་དབང་སྲུང་སྐྱོབ་བྱེད་པ་ནི་དོན་དུ་མི་རིགས་འདིའི་ཐོབ་ཐང་དང་ཁེ་དབང་སྲུང་སྐྱོབ་བྱེད་པ་ཞིག་ཡིན་ཞིང་། མི་བུ་ག་འདྲ་ཞིག་ཆགས་མིན་དེ་ཨ་མའི་སློབ་གསོ་དང་འབྲེལ་ངེས་ཅན་ཞིག་མཆིས་ཕྱིར། བུད་མེད་ཀྱི་ཐོབ་ཐང་མཐོ་རུ་གཏོང་བ་ནི། མི་བུ་སྒེར་གྱི་བྱང་ཚད་དང་ཐོབ་ཐང་མཐོ་རུ་གཏོང་བ་ཞིག་དང་།གཉིད་དུ་ཡུར་བའི་མི་རིགས་ཞིག་ཡར་སློང་དང་རྟོགས་སད་འབྱུང་དུ་འཇུག་པའི་ཐབས་ལམ་ཞིག་ཀྱང་ཡིན་པར་སྙམ་མོ།།
༢༠༡༢.༤.༧ཉིན་ལ།
རྩོམ་ཁུངས། ངེད་དྲ་བ།