སེང་རྡོར་གྱི་སྙན་ངག༼ཉག་ག་ཕ་གིར༽གྱི་སྒྱུ་རྩལ་གྱི་ཆ་རགས་ཙམ་གླེང་བ།

མོག་བུ་ཡེ་ཤེས་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-04-19

           ཉག་ག་ཕ་གིར།
                                   སེང་རྡོར། ཟི་ལིང་།
རྟ་ཕོ་ཆུ་འཐུང་རྣ་བ་བསྒྲེངས་ཏེ་ཉན་སྒུག་བྱེད་པའི་བར་གླགས་དེར། ། 
ང་ཡི་མདུན་ཕྱོགས་ཐང་ཁུལ་རང་ནས་ངང་པ་སྐོར་ཞིག་ཚོམས་ཏེ་གྲག །
ལུག་གི་སུག་པས་རྩྭ་ལྡུམ་བཅད་དེ་དྲི་ཞིམ་སྣ་ཚོགས་རི་སྒང་འགྲོ །
སྟོངས་ཤིང་ཕྱེ་བའི་ཉག་ག་དེ་ནས་ལྗང་སེར་གློ་དམར་ན་བུན་བཅས། །
མཚོ་ནང་པད་མོ་འདར་བ་བཞིན་གྱི་ཅི་ཞིག་ཨེ་འབུད་སྙིང་ཁ་ལྡིང་། ། ཟིལ་པ་ཁྲོམ་ཁྲོམ་རྩི་ཤིང་དེ་དག་ཅི་ཞིག་ལྟར་སྟེས་འཚང་ཁ་རྒྱག ། 
དེ་དང་ལྷན་ཅིག་འཚུབ་སྐོར་གྱུ་ལེར་རྡུལ་གྱི་ཕུང་པོ་བར་སྣང་འདུག །
ཆུ་བོའི་གཞུང་ལ་མེ་ཏོག་ལྷུང་ཞིང་འོད་གུར་དང་བཅས་ཆིལ་ཆིལ་འཕྱོ །
བདག་རང་ཅིས་ཀྱང་སྒུག་བཟོད་མེད་པར་ལུང་པ་ཀུན་ཏུ་རྒྱང་མིག་བལྟས། །
རླུང་ངམ་ཅི་ཞིག་ས་ཚོད་རེ་ནས་འདི་གར་གཏོད་དེ་འོང་ངམ་སྙམ། ། བུང་བའི་འཕོངས་ལ་མེ་ཏོག་འཛུགས་པའི་བྱིས་པ་དེ་ཚོ་ལོགས་ཤིག་བྲོས། །
ཆོན་མགོར་འཕངས་པའི་སྐ་རགས་ངུར་སེར་བཞོ་འབྲི་མ་ཞིག་ཁུར་དེ་སོང་། །
ད་སྟེ་ཉི་མ་དམར་ཐག་ཆོད་ཀྱང་ཚེག་ཆོམ་སྒྲ་ནི་ཡོད་མི་དཔེ། །
ཁྱི་རྣམས་རི་གཤམ་ཟུག་སྐད་འདོན་ཞིང་གཅིག་འཕྲོར་གཅིག་ཏུ་ཤོར་བ་ན། །
བགྲེས་སོང་འགའ་ཞིག་ནུབ་ཁར་ཕྱོགས་ཏེ་སྨིན་མ་ནང་དུ་བསྡུད་ཅིང་འདུག ། ས་ངོས་མཉམ་པའི་བྱི་བ་རྒྱ་སྨུག་མགྲིན་པ་ཁྱོགས་ཏེ་མུར་མུར་ཟ། །
ཐལ་བ་ཤུར་ཤུར་ལྕུང་ཀ་རེ་གཉིས་ཕྱིར་ཞིང་ཕྱིར་ཞིང་ཙག་འགྱུ་བྱེད། །
མདའ་རྒྱང་གང་གི་རྒྱབ་མདུན་ཕྱིན་ན་ལྷས་རྩར་བྱིང་སྟེ་འགྲོར་མི་བཏུབ། །
ལྷིང་འཇགས་ཁྲོད་ཀྱི་ངང་སྒུག་འདི་འདྲ་ཁ་ཚ་དགོས་གཏུགས་མ་རེད་
དམ། །
ད་ནི་ཅིས་ཀྱང་ཉག་ག་ཕ་གིར་ཡང་སྙིང་ག་རེ་འབུད་ན་ཨང་། ། ཤིང་སྒོ་སྐྱ་བོ་ཙིར་སྒྲ་དང་བཅས་གནམ་སའི་མཚམས་སུ་ཕྱེ་བ་དང་། །
སྡེ་འདབས་ཆུ་འཁོར་ཡི་གེ་དང་བཅས་མུན་པའི་མཚམས་སུ་འབར་བ་དང་། །
ལམ་གྱི་བཞི་མདོར་གྲིབ་མ་འགའ་ཞིག་རིང་ཐུང་སྣ་ཚོགས་སྟོན་ཞིང་སྟེ། །
གངས་རི་ནུར་བའི་ས་ཆགས་དེ་ལ་འདི་ནས་ཕྱིན་ན་སླེབས་སམ་ཅི། །
ད་ནི་ཅིས་ཀྱང་ཉག་ག་ཕ་གིར་ཡང་སྙིང་ག་རེ་འབུད་ན་ཨང་། ། དཀར་དམར་འདབ་མའི་ཚེ་སྲོག་འདི་དག་ཉག་ག་དེ་ནས་སྐྱེས་སམ་ཅི། །
ཉི་ཟེར་འབབ་པའི་རྒྱ་མཚོ་ཆེན་པོ་འདི་ཡི་རྒྱབ་ན་འཁྱིལ་ལམ་ཅི། །
ཁམ་ནག་སྔོ་སྐྱའི་ལྗོངས་བཀོད་རེ་རེ་རྣམ་རིག་འདྲོགས་པ་ཅིའི་ཕྱིར་ཡིན། །
གསེར་རྡུལ་འཐིབས་སེའི་ཤ་བ་ཁྱུ་གཅིག་ཉག་ག་དེ་ནས་འཐོན་ནམ་ཅི། །
ལྗང་ནག་ལོ་མའི་རྒྱབ་ཡོལ་ཅན་ཞིག་དེ་ཡི་རྗེས་སུ་འབྱོན་ནམ་ཅི། །
                                             2011-4-12

ཕྲན་དཔྱད།
          གཅིག ཡུལ་ལྗོངས་དང་ཚོར་འདུ་གཅིག་ཏུ་འདྲེས་པ།
  གལ་ཏེ་ཀློག་པ་པོ་སུ་ཞིག་གིས་སྙན་ངག་འདི་དབུགས་ཐེངས་གཅིག་གིས་ཤར་མར་བཀླགས་པ་ཡིན་ན།དེ་མ་ཐག་ཀློག་པ་པོ་གང་དེའི་མིག་ལམ་དུ་ཉག་གའི་ཚུ་རོལ་གྱི་སྣང་བརྙན་མང་པོ་ཞིག་རི་མོ་བཞིན་ཤར་འོངས་པ་ནི་སྙན་ངག་འདིའི་སྣང་བརྙན་བཞེངས་བསྐྲུན་གྱི་ཆ་ནས་ཁྱད་ཆོས་འབུར་དུ་ཐོན་པས་མཚོན་གཏིབ་ལ། སྙན་ངག་སྤྱིའི་ངོས་ནས་བཤད་ན་ཡང་ན་སྙན་ངག་ལེགས་པོ་ཞིག་འཁྱོང་བའི་ཐོག་མའི་རྨང་གཞི་རུ་གྱུར་ཡོད་སྙམ། སྤྱིར་སྙན་པའི་གྲགས་པ་འཕུར་བའི་སྙན་ངག་པ་མང་པོ་ཞིག་གིས་ཀྱང་སྙན་ངག་གི་སྣང་བརྙན་བཟོ་སྐྲུན་འདི་གལ་ཆེན་འགངས་ཆེན་དུ་བརྩི་བཞིན་ཡོད་དེ། སྙན་ངག་པ་ཚོས་ཁ་ན་མ་ཎི་བཞིན་འདོན་གྱིན་ཡོད་པའི༼སྤྲིན་གྱི་ཕོ་ཉ༽ལས་ཀྱང་སྙན་ངག་གི་སྣང་བརྙན་བཟོ་བསྐྲུན་ཐད་ཤུགས་སྣོན་གང་ཆེར་བརྒྱབ་ཡོད་པ་ང་ལས་ཀྱང་ཀློག་པ་པོ་དག་ལ་གསལ་ཆ་བརྒྱ་ཡོད་སྟོང་ཡོད་ཡིན་པས་སྤྲོ་བའི་དགོས་པ་མ་མཆིས་མོད། རང་ངོས་ནས༼ཉག་ག་ཕ་གིར༽གྱི་སྣང་བརྙན་བཟོ་སྐྲུན་གྱི་ཆ་དེར་ཀུན་ནས་སྨོན་པ་འཆོར་གྱིན་ཡོད་པའི་ཆ་ནས་ཟུར་ཙམ་བཤད་པར་མོས་སྟེ། དེའང་རྒྱ་མི་སྙན་ངག་པ་ཞིག་གིས་སྙན་ངག་ནི་རི་མོའོ་ཞེས་པ་ནང་བཞིན་སྙན་ངག་འདིའི་ཡིག་འབྲུ་རེ་རེ་དང་ཚིག་རྐང་རེ་རེ་ནི་ངོ་མས་སྐད་ཆ་བཤད་ཤེས་པའི་རི་མོ་འབའ་ཞིག་ཏུ་འདུག་སྟེ། རང་བྱུང་ཁོར་ཡུག་གི་མཛེས་སྡུག་དང་ཁོར་ཡུག་དེ་ག་ན་གནས་པའི་མི་དང་སྲོག་ཆགས་ཀྱི་ལྷིང་འཇགས་ཡིན་ཞིང་ཛ་དྲག་ཀྱང་ཡིན་པའི་རེ་སྒུག་གི་བརྟས་པའི་སྣང་ཚུལ་ཅིག ཀློག་པ་པོ་གང་དེ་གནས་དེར་དངོས་སུ་ཕྱིན་པའི་ཚོར་སྣང་སྟེར་ཐུབ་པ་ཞིག་བྲིས་ཡོད་ཁར་སྣང་བརྙན་དེ་དག་ཀྱང་སྙན་ངག་གི་ཁམས་དང་བརྗོད་བྱ་སོགས་ལ་རིང་དུ་གྱེས་པའི་སྣང་བརྙན་ཤི་བོ་ནད་མེད་འཁུན་སྒྲ་འབྱིན་པ་མ་ཡིན་པར། རྟ་ཕོས་རྣ་བ་བསྒྲེངས་ཤིང་ངང་པ་ཚོམས་ཏེ་གྲགས་པ། ལུག་གིས་རྩྭ་ལྡུམ་བཅད་ཅིང་དྲི་ཞིམ་སྒང་དུ་འགྲོ་བ། རྩི་ཤིང་འཚངས་ཁ་རྒྱགས་ཤིང་ཆུ་བོ་ཆལ་ཆིལ་འཕྱོ་བ། ཁྱི་རྣམས་ཟུག་སྐད་འཐེན་ཞིང་དང་བགྲེས་པོས་སྨིན་མ་བསྡུད་པ། བྱི་བའི་མགྲིན་པ་ཁྱོགས་ཤིང་ལྕུང་གའི་ཙག་འགྱུ་བྱེད་པ་སོགས་རང་བྱུང་ཁོར་ཡུག་གི་རྣམ་པ་དང་དེ་ག་ན་གནས་པའི་མི་དང་སྲོག་ཆགས་ཀྱི་སྣང་ཚུལ་དེ་རབ་བཏགས་དང་སྒྲོ་འདོགས། རང་བཞིན་བརྗོད་པ་སོགས་གང་ལ་གང་འཚམས་ཀྱི་འབྲི་ཐབས་སྤྱད་དེ་མིག་ལ་འཆར་རྒྱུ་དང་རྣ་ཡིས་ཐོས་རྒྱུ། སྣ་ཡིས་སྣོམ་རྒྱུ་ཡོད་པའི་སྣང་བརྙན་དེ་དག་སྙན་ངག་པའི་སེམས་ཀྱི་ཚོར་འདུ་དང་མེ་ལྕེ་མེ་ལྕེར་འདྲེས་པར་བཞིན་བྱས་ཏེ། ཉག་གའི་ཕ་རོལ་ནས༼ལྗང་སེར་གློ་དམར་ན་བུན་དང་བཅས་ཅི་ཞིག་ཨེ་འབུད་སྙིང་ཁ་ལྡིང ༽བའི་ལྷིང་འཇགས་ཁྲོད་ཀྱི་ཁ་ཚ་དགོས་གཏུགས་ཀྱི་ངང་སྒུག་དེར་ཆ་དང་ཟུར་རེ་རེ་ནས་ནུས་པ་བླ་ལྷག་བཏོན་ཡོད་ཕྱིན།༼ ཡུལ་ལྗོངས་དེ་རྩོམ་པ་པོའི་ནང་སེམས་ཀྱི་འགྱུར་བ་དང་ཆུ་ལ་ཆུ་བཞག་པ་ལྟ་བུའི་རོ་གཅིག་ཏུ་གྱུར་པ་ཅན་ཞིག་དང་། བརྗོད་བྱའི་བསྟན་དོན་དང་མཐུན་པའི༼ཁམས༽ཤིག་ལྷན་སྐྱེས་ཀྱིས་འཐུལ་བཞིན་ཡོད་པ་ཞིག་ཡིན ༽[i]པར་འདུག་སྙམ་མོ།།
          གཉིས། ཀློག་པ་པོར་བསམ་གཞིག་གི་སྟོང་ཆ་ཡངས་པོར་ཕྱེ་ཡོད་པ།
    པའེ་ལིན་སི་ཅིས་ནས༼སྙན་ངག་མཐའ་དག་ཚོར་འདུ་ལས་བྱུང་ཞིང། ཚོར་འདུས་ཀུན་ནས་ཕྱུག་པ་ཞིག་ཀྱང་ཡིན་འོས། དེ་ལ་ཚོར་འདུས་དབེན་ཚེ། དོན་ངོ་མར་རྒྱུ་ཆ་གང་ཞིག་གིས་སྙན་ངག་པའི་སྙུགས་རྩེ་བསྒུལ་ཏེ་སྙིང་སྟོབས་བསྩལ་བར་ཡང་གོ་བ་ལེན་ཐབས་བྲལ༽[ii]ཞེས་པ་ལྟར་ན་སྙན་ངག་འདིར་སྙན་ངག་པའི་སེམས་ཀྱི་ཚོར་འདུ་ཤུགས་དྲག་འཕེར་བྱེད་ཀྱི་རྒྱུ་ནི་ང་ཚོས་མིག་ལམ་ལ་གཅིག་མིན་དུ་མ་བརྒྱུད་པའི་སྟོངས་ཤིང་ཕྱེ་བའི་ཉག་ག་རང་ག་བ་ཞིག་ཡིན་མོད། སྙན་ངག་པའི་ཐུན་མོང་མ་ཡིན་པའི་སྐྱེན་ཚོར་ལ་བརྟེན་དེ་ཉག་ག་དེ་མཐོང་བ་བརྒྱུད་ནས་བྱུང་བའི་སེམས་ཚོར་དེ་ཚོར་འདུས་ཡོངས་སུ་ཁྱབ་པར་བྱས་ཏེ་ཀློག་པ་པོའི་སེམས་ངོར་བཀྲལ་ཞིང་། དེའང་སྙན་ངག་པའི་སེམས་ཀྱི་ཚོར་འདུ་ཕྱོགས་རེ་བ་ཞིག་བརྗོད་པ་མ་ཡིན་པར་སེམས་ཀྱི་ཚོར་འདུ་དེ་རང་ཉིད་དང་ཁ་ཐག་ཉེ་བའི་རང་བྱུང་གི་ཁོར་ཡུག་དང་དེ་ག་གནས་པའི་མི་དང་སྲོག་ཆགས། བྱ་བྱེའུ་འབའ་འབུ་མཐའ་དག་གི་སེམས་ཀྱི་ཚོར་འདུར་བསྒྱུར་ནས་སྙན་ངག་གི་ཁམས་ཡང་པོར་བཟོས་པ་དེས་སྙན་ངག་ཀློག་འགྲེལ་གྱི་དབང་ཆ་མཐའ་དག་ཀློག་པ་པོར་བསྐྱུར་ཡོད་པ་ནི་སྙན་ངག་འདིའི་ཆེས་ལེགས་པའི་ཆར་མཐོང་།
   སྤྱིར་རང་རེའི་བོད་ཀྱི་སྲོལ་རྒྱུན་སྙན་ངག་མང་པོ་ཞིག་གིས་ཀློག་པ་པོར་འདི་འདི་འོ་དང་དེ་དེའོ་ཞེས་གཏན་ཚིགས་ཀྱི་ཤུགས་བཏོན་ཏེ་ཀློག་པ་པོའི་རང་དབང་ལ་ཐེ་གཏོགས་ཤུགས་དྲག་བྱེད་ཀྱིན་ཡོད་མོད་སྙན་ངག་འདི་དེ་ལས་ལྡོག་སྟེ་དྭངས་པའི་ཆུ་ལ་ཟླ་འོད་འཕྲོས་པ་བཞིན་ཀློག་པ་པོ་རེ་རེར༼ཉག་ག༽རེ་ཡོད་ཆོག་ཅིང༼ཉག་ག༽ནས་འབུད་འོས་པའི༼ལྗང་སེར་གློ་དམར༽རེའང་ཡོད་ཆོག་ཆོག་བྱས་ཡོད་པ་རེད།
   སྙན་ངག་ཅིག་ལ་མཚོན་ན་ཀློག་པ་པོར་བསམ་གཞིག་གི་བར་སྟོང་བསྐྱུར་རྒྱུ་གལ་བོ་ཆེ་རུ་འདུག་ཅིང་སྙན་ངག་པས་ཀྱང་ཆ་འདི་གཙོ་བོར་དམིགས་ཏེ་སྙན་ངག་གི་ཁ་བྱང་ནས་མགོ་བརྩམས་ཏེ་ཀློག་པ་པོར་བསམ་གཞིག་གི་བར་སྟོང་ཡོངས་སུ་ཕྱེ་ནས་ཡོད་དེ། ༼ཉག་ག༽ནི་མ་གཞི་ནས་བསམ་གཞིག་གི་སྒོ་མོ་ཞིག་ཡིན་ལ་དེའི་ཕ་རོལ་ནས༼ཡང་སྙིང་ག་རེ་འབུད་མིན༽དེའང་བསམ་གཞིག་གི་བར་སྟོང་ཆེས་ཆེར་ཡངས་པ་ཞིག་མིན་ནམ། དེས་ན་འདི་ནི་རྩོམ་པ་པོས་ཐོག་མར་ཁ་བྱང་བརྒྱུད་དེ་ཀློག་པོར་སྦྱིན་པའི་བསམ་གཞིག་གི་བར་སྟོང་བླ་ན་མེད་པ་དེ་ཡིན་པས་དེ་ལྟའི་བར་སྟོང་བརྒྱུད་དེ་ང་ཚོས་རང་ཉིད་ལ་ཉག་གའི་ཕ་རོལ་ན༼ཡང་སྙིང་ག་རེ་འབུད་དམ་༽ཞེས་ལྡོག་འདྲི་ཚ་བོ་ཞིག་མི་བྱེད་ག་ལ་སྲིད། ཡང་སྙིང་ག་རེ་འབུད་དམ། ཡང་སྙིང་ག་རེ་ཡོད་དམ། ༼ཉག་ག་ཕ་གིར༽ཡང་སྙིང་འོད་ཟེར་གྱི་ལེར་འཇའ་ཚོན་གྱི་མེ་ཏོག་གད་ཀྱིན་ཡོད་དམ། ཡང་ན་མུན་པ་འཐིབས་སེ་ཤ་ཁྲག་གི་ཆར་བ་འབབ་ཀྱིན་ཡོད། ཡང་ན་ཚན་རིག་ལག་རྩལ་གྱི་ཉི་འོད་འཕྲོས་ཏེ་ཡོད་དམ། ཡང་ན་རྗེས་ལུས་རྨོངས་མུན་གྱི་མུན་པ་འཐིབས་ཏེ་ཡོད། ཡང་སྙིང་ཅི་ཞིག་ཡོད་དམ། ཉི་མ་དང་ཟླ་བ། ༼རླུང་ངམ༽སྤྲིན་པ། འདི་ནི་ཀློག་པ་པོ་རེར་བསྐྱུར་བའི་བསམ་གཞིག་གི་སྟོང་ཆ་མ་ཡིན་ནམ། འདི་ནི་ཀློག་པ་པོར་དབང་བའི་༼ཉག་ག་ཕ་གིར༽མིན་ནམ། འདི་ནི་ཉག་གའི་ཚུ་རོལ་ནས་རེ་སྒུག་གིས་མིག་ཟུང་ཅེར་ས་དེ་མིན་ནམ། ཡིད་འོང་གི་རྨི་ལམ་གཏད་ས་དེ་མིན་ནམ། དེ་ལྟའི་ཉག་ག་ནས་ཡང་སྙིང་ག་རེ་འབུད་དམ། ཉི་འོད་དང་བསིལ་རླུང་། འཇའ་ཚོན་དང་སྤྲིན་པ། ཡང་ན་ཚན་རིག་ལག་རྩལ། ཕུ་ནུ་མིང་སྲིང་། ཕུགས་བསམ་དང་བརྩེ་བ། ་་་་་་་་་ཡང་སྙིང་ཅི་ཞིག་ཡོད་དམ། ཡང་སྙིང་ག་རེ་འབུད་དམ། དེ་ནི་ཉག་གའི་ཚུ་རོལ་ནས་རྟོག་བཟོ་བྱ་རྒྱུ་ཞིག་མིན་ནམ། བསམ་གཞིག་དཀྲོལ་རྒྱུ་ཞིག་མིན་ནམ། ཚོད་དཔག་བྱ་རྒྱུ་ཞིག་མིན་ནམ། འདི་ཡང་ཀློག་པ་པོར་བྱིན་པའི་བསམ་གཞིག་གི་བར་སྟོང་ཞིག་མིན་ནམ། ཀློག་པ་པོ་དབང་བའི་བསམ་གཞིག་གི་ཀློང་ཁམས་དེ་མིན་ནམ། འདི་ནི་ཀློག་པ་པོ་རེ་རེའི་སེམས་ཀྱི་རེ་སྒུག་དེ་མིན་ནམ། འདི་ནི་ཀློག་པ་པོ་རང་ལ་དབང་བའི༼ཉག་ཕ་གིར༽མིན་ནམ།
  འདི་ནི་རི་རབ་དང་གཙང་པོ། ཉི་ཟླ་དང་མེ་ཏོག་ལའང་དབང་བའི་ཉག་ག་ཞིག་ཀྱང་མིན་ནམ།
  ༼ཉག་ག༽ནི་ཉི་ཟེར་གྱི་ཐོག་མ་འཕྲོས་འོངས་ས་དེ་མིན་ནམ། ༼ཉག་ག༽ནི་གསར་གཏོད་ཀྱི་སྒོ་མོ་ཕྱེ་ཡོད་ས་དེ་མིན་ནམ། ༼ཉག་ག༽ནི་ཕར་འགྲོ་སྐྱེལ་མ་བྱེད་ས་དེ་མིན་ནམ། ༼ཉག་ག༽ནི་ཚུར་ཡོང་བསུ་མ་བྱེད་ས་དེ་མིན་ནམ། ཡིན་ཏེ། དེ་ལྟར་ཡིན་པས་རྟ་ཕོས་རྣ་བསྒྲེངས་ཤིང་ངང་པས་ཚོམས་སྐོར་བྱས་ཏེ་ཡོད་པ་མིན་ནམ། ལུག་ཁྱུ་རི་ལ་ཞོགས་ཤིང་དྲི་ཞིམ་སྒང་དུ་འགྲོ་བ་མིན་ནམ། རྩི་ཤིང་གིས་འཚང་ཁ་རྒྱག་ཅིང་གཙང་པོ་མཁའ་རུ་འཕྱོ་བ་མིན་ནམ། སྒོ་ཁྱི་རྒྱང་ལ་འདུར་ཞིང་རྒས་པོའི་སྨིན་མདུད་བརྒྱབ་པ་མིན་ནམ། བྱི་བའི་མགྲིན་པ་ཁྱོགས་ཤིང་ལྕུང་ཀས་ཙག་འགྱུ་བྱེད་པ་མིན་ནམ། སྒོ་མོ་གནམ་སའི་མཚམས་སུ་ཕྱེ་བ་མིན་ནམ། ཆུ་འཁོར་མུན་པའི་མཚམས་སུ་འབར་བ་མིན་ནམ། སྙན་ངག་པས་འདི་ལྟར་མི་དང་སྲོག་ཆགས། རྩྭ་དང་རྩི་ཤིང་སོགས་རེ་རེ་ནས་རང་རང་གི༼ཉག་ག་ཕ་གིར༽རེ་སྒུག་གི་མིག་ཟུང་ཅེར་ཚུལ། རེ་སྙེག་གི་སེམས་པ་བསྲིངས་ཚུལ་དེ་ལྷིང་འཇགས་ཀྱི་ཁྲོད་ནས་ཛ་དྲག་མངོན་ཞིང་ཛ་དྲག་གི་ཀློང་དུ་ལྷིང་འཇགས་སིམ་པར་བྱས་ཏེ་ལྷིང་འཇགས་ཀྱིས་ཛ་དྲག་ལ་རམ་བཏགས་ཤིང་ཛ་དྲག་གིས་ལྷིང་འཇགས་ལ་གྲོགས་བྱེད་པའི་སྙན་ངག་ཁམས་ཤིག་བསྐྲུན་པ་མ་ཟད་ཚན་པ་ཕལ་མོ་ཆེའི་མཇུག་ཏུ་དྲི་བའི་རྣམ་པ་ཅན་གྱི་ཚིག་རྐང་རེ་བཀོད་དེ་ཡང་སྙིང་ག་རེ་ཨེ་འབུད་ཀྱི་སེམས་ཚོར་དེ་དག་རླབས་ཀྱིས་རླབས་ཕྲེང་འདེད་པ་ལྟར་དྲག་ཏུ་འཕེལ་བར་བྱས་ཤིང་མཇུག་མཐར༼དཀར་དམར་འདབ་མའི་ཚེ་སྲོག༽དང་།༼ཉི་ཟེར་འབབ་པའི་རྒྱ་མཚོ༽སོགས་ཡིད་བརྙན་གསོན་ཉམས་ལྡན་པ་དག་བཀོད་དེ༼ཉག་ག་ཕ་གིར༽ཡིད་ཆེས་དང་རེ་བས་བརྟས་པ། ཞི་བདེ་དང་མཛེས་སྡུག་གིས་སྤྲས་པ། ཕུགས་འདུན་དང་རྨི་ལམ་གྱིས་གཏམས་ཤིང་༼ཉག་ག་ཕ་གིར༽ཡང་སྙིང་ག་རེ་འབུད་མིན་ཡང་ཀློག་པ་པོ་རེ་རེས་སེམས་ཀྱི་ཕ་གིར་དེད་ཡོད་པས་སྙན་ངག་གི་ཀློང་ཇེ་ཡངས་དང་བསམ་གཞིག་གི་ཀློང་ཆེས་ཆེར་བསྐྱེད་ཡོད།
         གསུམ། བྱ་ཚིག་དང་རྒྱན་ཚིག་གི་སྡེབ་སྦྱོར་གནད་དུ་ཐིངས་པ།
   གཞན་ཡང་སྙན་ངག་གི་ཁྲོད་དུ་བྱ་ཚིག་དང་རྒྱན་ཚིག་སྡེབ་སྟངས་ནི་ཧ་ཅང་གལ་འགངས་ཆེ་བོར་འདུག་སྟེ་དེའང་སྡེབ་སྟངས་ལེགས་ན་བྱ་ཚིག་གམ་ཡང་ན་རྒྱན་ཚིག་གཅིག་གིས་ཀྱང་སྙན་ངག་ལ་མཛེས་པ་ཕུལ་དུ་བྱིན་པ་སྟེར་ཐུབ་པ་ཞིང་ཉེས་ན་སྙན་ངག་གི་རོ་ཡོངས་སུ་ཉམས་པར་ཡང་བྱེད་པས་སྙན་ངག་པ་ཞིག་ལ་མཚོན་ན་བྱ་ཚིག་དང་རྒྱན་ཚིག་བཀོལ་སྟངས་བྱིན་ཆུབ་པ་ཞིག་ཡོང་ཐུབ་མིན་དེ་སྙན་ངག་བཟང་བོ་ཞིག་འཁྱོངས་མིན་ལའང་ཐད་ཀར་རག་ལས་ཡོད་ཅེས་བཤད་ཀྱང་མི་ཆོག་པ་ག་ལ་ཡོད། ཡིག་འབྲུ་རེ་རེར་རྩམ་དྲི་དང་མར་དྲི་འཐུལ་བའི་སྙན་ངག་འདི་ནང་གི་བྱ་ཚིག་དང་རྒྱན་ཚིག་དག་ནི་ངོ་མ་གསེར་ལ་ཉི་འོད་དང་སྤང་ལ་མེ་ཏོག་འཁྲུངས་པ་ཇི་བཞིན་ཡག་ཐོག་ཡག་བརྩེགས་སུ་གྱུར་བ་ཁོ་ན་ལས་མ་འདས་སྟེ།༼བསྒྲེངས།༽༼ཚོམས།༽ ༼ འགྲོ ༽ ༼ལྡིང་།༽ ༼ འཕྱོ། ༽༼ སྟོན། ༽༼ ཕྱེ། ༽༼ འབར། ༽ ལྟ་བུའི་བྱ་ཚིག་དང༼ཁྲོམ་ཁྲོམ། ༽༼ གྱི་ལེ། ༽ ༼ཤུར་ཤུར།༽ ༼མུར་མུར།༽ ༼འཐིབས་སེ༽སོགས་རྒྱན་ཚིག་དེ་དག་གིས་མཚོན་ཏེ་སྙན་ངག་འདིའི་ཁྲོད་ཀྱི་ཡིག་འབྲུ་རེ་རེ་དང་མིང་བརྡ་རེ་རེས་ཀྱང་སྙན་ངག་གི་ཁམས་ཀློང་ཡངས་དང་འབུར་ཐོན་ལ་བརྩོན་ཞིང་བརྩོན་པར་མཆིས་པས་བྱ་ཚིག་གཅིག་གམ་རྒྱན་ཚིག་གཅིག ཡང་ན་ཡིག་འབྲུ་གཅིག་ཙམ་ཡང་བརྗེ་སྤོར་བྱས་ཚེ་སྙན་གི་ཉམས་ཡོང་སུ་ཉམས་པར་བྱེད་པས་ན་ཡིག་འབྲུ་རེ་རེས་སྙན་ངག་གི་བརྗོད་བྱའི་རྐང་བཟུང་ཞིང་བརྗོད་བྱས་ཡིག་འབྲུ་རེ་རར་སྟོབས་བསྐྱེད་དེ་ཡོད་པའོ།
ད་ནི་སྙན་ངག་འདིའི་བརྗོད་བྱ་འདི་དང་འདི་ཡིན་པ་འདྲ་ཞེས་རང་ཉིད་ལ་བདེན་ཁ་ཚ་བོ་རེ་བྱིན་ན་འགྲིག་ན་ཐང་མོད། གཅིག་ན་འདིར་སྙན་ངག་འདིའི་སྒྱུ་རྩལ་གྱིཆ་གླེང་བར་བརྩོན་པ་དང་གཉིས་ན་སྙན་ངག་ཅིག་གི་བརྗོད་བྱ་ཐག་གཅོད་པ་ནི་སྙན་ངག་འདིའི་ཀློག་པ་པོ་ང་ཁོ་ནའོ་ཟེར་བ་དང་འདྲ་ཁར་སྙན་ངག་དེའི་རིན་ཐང་ཡང་དམའ་རུ་འབེབས་སྲིད་པས་དེ་ནི་ཀློག་པ་རང་རང་གི་བགོ་སྐལ་གྱིས་ཤིག་ཅེས་མཇུག་བསྡུས་པའོ།།
 
[i] བདུད་ལྷ་རྒྱལ་གྱིས་བརྩམས་པའི༼འཚོལ་རྟོག་སྙིང་སྟོབས༽ཤོག་ངོས་བརྒྱ་དང་བདུན་ཅུ་དོན་གསུམ་ན་གསལ། 
[ii] 外国诗歌鉴赏辞典(现当代卷)一百六十二页。

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེང་རྡོར་གྱི་སྙན་ངག༼ཉག་ག་ཕ་གིར༽གྱི་སྒྱུ་རྩལ་གྱི་ཆ་རགས་ཙམ་གླེང་བ།

2012-04-19 མོག་བུ་ཡེ་ཤེས་སྐྱབས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།