གཡང་མོ་མཚོར་འཁྱིལ་བའི་གཉའ་ཁྲི་བཙན་པོ།

མདའ་ཚན་བླ་མ་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-10-10

                            ____《གཉའ་ཁྲི་བཙན་པོ་ཞིབ་འཇུག》ཅེས་པའི་དེབ་དཔྱད།

          རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ།།
             ཡུལ་ལ་སྔ་བ་ཡར་ཀླུངས་སོག་ཁ།།
          གྲོང་ལ་སྔ་བ་འཕྱིང་བ་སྟག་རྩེ།།
                                                                                _____ 《སྐུ་མཁར་ཆེན་པོ་ཡུམ་བུ་བླ་སྒང་གི་དཀར་ཆག་འབྲིང་པོ》ལས།

བོད་ཀྱི་ལོ་རྒྱུས་དང་རིག་གཞུང་ལ་དང་བ་ཡོད་མཁན་ཞིག་ཡིན་དུས་བོད་རྗེ་ཐོག་མར་གྲགས་པ་གཉའ་ཁྲི་བཙན་པོའི་མཚན་མ་ཐོས་པ་ནི་དཀོན།  འོན་ཏེ་བོད་ཀྱི་སྔ་རབས་ལོ་རྒྱུས་ལ་ཞིབ་མོ་རྣམ་འཐག་གིས་འཇུག་ཐུབ་མཁན་ཞིག་ཡིན་ན་མ་གཏོགས་རང་བློར་འཆར་པའི་ཁོང་གི་སྣང་བརྙན་དེ་བན་བུན་ཙམ་ལས་གསལ་ཆ་རྦད་དེ་མེད། དེ་ཡང་ཅི་ཁག་སྟེ། འདི་ལ་རྙོག་འཛིང་ཅན་གྱི་ལོ་རྒྱུས་ཀྱི་བྱུང་བ་དང་། འཕེལ་འགྲིབ། འཐབ་རྩོད། ཐོབ་ཤོར་སོགས་ཀྱི་སྨུག་པ་ལང་ལོང་ཞིག་དང་། ཡུལ་དུས་བྱེ་བྲག་པའི་རྣམ་རྟོག་དང་ཕྱོགས་ཞེན་རབ་རིབ་མང་པོ་ཞིག་བརྒྱུད་དགོས་པས་སོ།། ལོ་རྒྱུས་ཀྱི་སྨུག་ལོང་སྟུག་པོ་ཁྱོན་ནས་དྭངས་བྱེད་ཅིག་དཔེ་མི་སྲིད་ནའང་། དེ་སྲབ་མོར་གཏོང་བྱེད་རིགས་ཡོད་པ་ནི་གདོན་མི་ཟ། དགའ་འོས་པ་ཞིག་ལ་ཉེ་ཆར་པེ་ཅིན་གྱི་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་ལོ་རྒྱུས་ཉམས་ཞིབ་པ་གཡང་མོ་མཚོ་ལགས་ཀྱིས་བརྩམས་པའི་《གཉའ་ཁྲི་བཙན་པོ་ཞིབ་འཇུག》ཅེས་པའི་དེབ་རྒན་འབྲོག་པའི་ཕུར་རྡེབ་འདྲ་བ་ཞིག་ལག་སོན་བྱུང་ལ། དེ་བཀླགས་པས་གཉའ་ཁྲི་བཙན་པོའི་སྐོར་ནས་ལོ་རྒྱུས་དང་། རིག་གཞུང་། ཆབ་སྲིད་སོགས་ཕྱོགས་དང་ཆ་མང་པོ་ཞིག་ནས་གསལ་ཆ་ཐོན་སོང་སྙམ་བྱུང་། ལྷག་པར་དུ་ཁོང་ནི་གཏམ་རྒྱུད་ཀྱིས་རྟོག་བཟོ་བྱས་པའི་རྒྱལ་བོ་ཞིག་མ་ཡིན་པར། བོད་མིའི་སྒྲུང་རྒྱུད་དང་ལོ་རྒྱུས་ཤེས་རྒྱུན་ལ་བག་ཆགས་གཏིང་ཟབ་བཞག་པའི་དངོས་བྱུང་མི་སྣ་ཞིག་ཡིན་པ་དང་། དུས་ཀྱི་བསྐལ་བས་དྲན་པའི་མཐའ་རུ་སྤྱུགས་ཤིང་། སྒྲུང་གཏམ་སྣ་ཚོགས་ཀྱི་ཕུང་པོ་གཏོས་ཆེ་བའི་གསེབ་ཏུ་སྦས་བའི་བོད་རང་ས་རང་ཡུལ་དུ་བྱུང་ལ། བོད་ཐུན་མོང་ལ་དབང་བའི་ཕ་ཤུལ་བུ་འཛིན་གྱི་རྒྱལ་བོའི་ལམ་ལུགས་དབུ་བརྙེས་པར་མཛད་པའི་སྤྱི་རྗེ་ཐོག་མ་དེ་ཉིད་ཡིན་པའི་སྐོར་ལའང་མནོ་བསམ་བཏང་བཅུག་སོང་།

 རྩོམ་རིག་དཔྱད་བརྗོད་པ་མཁས་ཆེན་ལྗོར་ལྗི*སིཁྲནིར(George Steiner)ལགས་ཀྱིས་དགག་གཞག་བརྩམས་ཆོས་རྩེ་གྲས་ཀྱི་རྟགས་མཚན་ནི་དཔེ་དེབ་དག་ཁ་བསུམ་དུ་འཇུག་པ་ལས་དེ་ལས་མང་པ་ཁ་ཕྱེ་རུ་འཇུག་པ་དེ་ཡིན་ཞེས་གསུངས་ཡོད། དཔྱད་རྩོམ་གང་ཞིག་བཀླགས་པ་དེས་ཀློག་མཁན་ལ་མུ་མཐུད་དུ་དཔེ་དེབ་གཞན་གང་མང་མང་ཞིག་ཀློག་ཏུ་འཇུག་པ་ཡིན་ན་དགག་གཞག་བརྩམས་ཆོས་ཕུལ་བྱུང་ཞིག་ལ་བཞེད་ཀྱིན་ཡོད། འདི་ནི་རྩོམ་རིག་ལ་དམིགས་ནས་གསུངས་པའི་དགོངས་པ་ཞིག་ཡིན་མོད་རིག་པའི་སྡེ་གཞན་གྱི་བརྩམས་ཆོས་ལ་གདེངས་འཇོག་བྱེད་པར་ཡང་སྤྱད་ཆོག་པ་སྨྲ་མི་དགོས་སོ། གཡང་མོ་མཚོ་ལགས་ཀྱི་《གཉའ་ཁྲི་བཙན་པོ་ཞིབ་འཇུག》ནི་ལོ་རྒྱུས་དང་ཆོས་དཔེ།  ཡིག་ཚགས། བརྐོས་ཡིག ཁྲམ་ཡིག གནའ་རྫས་ལ་དཔྱད་པའི་རྩོམ་ཡིག་སོགས་ཡིག་ཆ་སྣ་མང་ཞིག་གི་ཤེས་བྱ་བསྐྱིལ་ནས་གྲུབ་པ་ཞིག་ཡིན་པས། ཀློག་མཁན་ལ་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་སྐོར་ལ་བོད་རྒྱ་དབྱིན་གསུམ་གྱི་ཡི་གེའི་ལམ་ནས་བྲིས་བའི་བརྩམས་ཆོས་ཀྱི་གནས་ཚུལ་དང་དེ་དག་གི་རིགས་ལམ་གྱིས་ཕྱུག་པ་མང་པོ་ཞིག་ངོ་སྤྲོད་བྱས་འདུག ཡང་སྒོས་གཉའ་ཁྲི་བཙན་པོའི་སྐོར་དེ་ཁུངས་དང་སྣེ་མི་འདྲ་བ་མང་པོ་བརྒྱུད་ནས་གསལ་པོར་རྟོགས་བྱེད་དུ་རྩོམ་ཡིག་གང་མང་མཁོ་སྤྲོད་བྱས་ཡོད་པར་མ་ཟད། བོད་ཀྱི་སྔ་རབས་ལོ་རྒྱུས་སྤྱི་ལ་འཇུག་པར་ཡང་རྒྱུ་ཆ་ངོ་སྤྲོད་སོགས་ཀྱིས་དཔྱོད་ཐབས་དང་བསམ་བློའི་ལམ་སྣ་བསྟན་འདུག རྩོམ་མཁན་རང་གིས་བོད་རྒྱ་དབྱིན་གསུམ་བརྒྱུད་ནས་དཔེ་ཀློག་རྒྱ་ཆེན་བྱས་ནས་ཉིང་བཅུད་ཇི་ལྟར་བླངས་ཡོད་པ་དང་། ལོ་རྒྱུས་ལ་ཉམས་ཞིབ་བྱེད་དུས་ཁོ་མོ་བཞིན་མ་མཐའ་ཡང་ཡིག་རིགས་གཉིས་གསུམ་བརྒྱུད་ནས། ཡིག་ཆ་མང་པོའི་གཏིང་ལ་བླང་དོར་གྱི་བློ་དང་ལྡན་པར་འཛུལ་ཐུབ་དགོས་པ་དེའང་ཞོར་དུ་ར་སྤྲོད་བྱས་འདུག

IMG_0476.JPG
མ་བཀླགས་གོང་།
IMG_0477.JPG
བཀླགས་རྗེས།

གཡང་མོ་མཚོ་ལགས་ཀྱིས་བོད་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་རྩ་བའི་སྐོར་ཤེས་པ་ལ་རྒྱལ་བོ་གཉའ་ཁྲི་བཙན་པོ་ནི་གཡོལ་དུ་མི་རུང་བའི་བརྗོད་གཞི་ཞིག་ཡིན་པར་དགོངས་འདུག་ལ། བསམ་པ་དེའི་སྒུལ་ཤུགས་ཀྱིས་དེད་ནས་ཡིག་ཚང་མང་པོའི་ཁུངས་བྲུས་ཏེ་གཉའ་ཁྲི་བཙན་པོ་ཉིད་སྐབས་དུས་ཀྱི་ལོ་རྒྱུས་དང་། རིག་གནས། ཆབ་སྲིད་སོགས་ཀྱི་རྒྱབ་ལྗོངས་ཀྱིས་སྤྲས་ནས་ཀློག་པ་པོའི་མིག་མདུན་དུ་བཤམས་འདུག བོད་རྗེ་ཐོག་མའི་སྐོར་ལ་དངོས་སུ་གླེང་བ་དང་། ཕྱོགས་ཙམ་ཡོད་པ། ཤུགས་ཀྱིས་བསྟན་པ་སོགས་འབྲེལ་ཡོད་ཡིག་ཁུངས་རེ་རེ་དྲུད་ཡོང་པ་དེ། རང་གི་རྣམ་དཔྱོད་ཀྱི་འགྲོལ་ཐབས་དང་རིགས་ལམ་དག་ལ་བསྡེབས་ནས་ད་སྔ་ཕན་སུས་ཀྱང་བརྩམས་མ་མྱོང་བའི་《གཉའ་ཁྲི་བཙན་པོ་ཞིབ་འཇུག》ཅེས་པའི་སྔ་རབས་ལོ་རྒྱུས་ཀྱི་པོ་ཏི་འདིར་བྲུག་ཚད་ཅིག་སྤྱིན་འདུག་ལ། ཡིག་རིགས་གསུམ་གྱི་ཡིག་ཚང་སྣ་མང་བརྒྱུད་ནས་གཉའ་ཁྲི་བཙན་པོའི་གདུང་ཁུངས་དང་། འཁྲུངས་གནས།  མཚན་དཔེ་དང་མཚན་གྱི་རྣམ་གྲངས། ཡུལ་དུས། མངའ་ཐང། རྒྱལ་སྲིད་འཛིན་སྐྱོང་དང་འབྲེལ་བའི་ཆོས་ཀྱི་ལྟ་སྤྱོད་དང། ཆོ་ག་སྤེལ་སྟངས་། ལྷ་རབས་དང་འབངས་རབས་གླེང་ལུགས། རྒྱལ་ཕྲན་གཅིག་གྱུར་བྱས་ནས་སྤུ་རྒྱལ་རྒྱལ་རབས་དབུ་བརྙེས་ཚུལ། ཡུམ་བུ་བླ་སྒང་བཞེངས་ནས་ཡར་ཀླུངས་རྒྱལ་སར་བྱས་ཏེ་སྒྲུང་ལྡེའུ་བོན་གསུམ་གྱི་རིག་པས་ཆབ་སྲིད་བསྐྱངས་ནས། ཤེས་རིག་དར་ཚུལ་དག་ལོ་རྒྱུས་ཀྱི་བྱུང་བ་དང་བྱུང་བར་འདྲེས་པའི་གནས་ཚུལ་ཤྭ་བ་ཁྱིས་འདེད་པའི་སྲོལ་གྱིས་བྲིས་འདུག 

 《གཉའ་ཁྲི་བཙན་པོ་ཞིབ་འཇུག》ནི་དེབ་རྒན་ཤོག་ལྷེ་ཆེན་པོ་བརྒྱད་བརྒྱར་ཉེ་བ་ཡོད་པ་ཞིག་ཡིན་པས་སྐབས་འགར་ལུང་འདྲེན་གྱི་ཟློས་སྐྱོན་དང་། ཤོག་ངོས་གཉིས་གསུམ་དུམ་མཚམས་གཅིག་གིས་གྲུབ་པ་སོགས་ཀློག་འདོན་ལ་གནོད་པའི་རིགས་ཉུང་ངུ་མཆིས་ནའང། དེབ་སྤྱིའི་ཆ་ནས་བཤད་ན་ཇུས་འགོད་དང་ལེའུ་དགར་སྟངས་དང་། ལེའུ་ས་བཅད་དུ་བཅད་པ། ས་བཅད་ཀྱང་དུམ་བུར་བྱས་བ་སོགས་ནི་གོ་རིམ་ལྡན་ལ་རིམ་བཞིན་འཇུག་བདེ་བ་ཞིག་རེད་འདུག ཡིག་གཟུགས་ཀྱི་ཆེ་ཆུང་དང་ཡིག་ཕྲེང་གི་བར་སྟོང་སོགས་འོས་ཤིང་འཚམས་པ་དང་། རྩོམ་སྟངས་ཀྱི་ཕྱོགས་ནས་ཁ་གསལ་ཞིང་ཚིག་གྲུབ་ཀྱི་དམ་ལྷོད་སོགས་རན་ལ་གོང་འོག་འགལ་ཟླས་བཅིངས་མེད་པ། སྙན་ཆ་ལྡན་ལ་དང་བ་འདྲེན་པའི་འགུག་ཤུགས་སོགས་ཡོན་ཏན་སྣ་ཚོགས་ཀྱིས་ཕྱུག ཁྱད་ཆོས་འདི་དག་གི་མཐུན་རྐྱེན་གྱིས་《གཉའ་ཁྲི་བཙན་པོ་ཞིབ་འཇུག》མགོ་ནས་མཇུག་བར་རིམ་གྱིས་ལེའུ་གཅིག་རྗེས་གཉིས་མཐུད་ཀྱིས་བཀླགས་ནའང་ཀློག་བདེ་ལ། དེ་མིན་ལེའུ་རེ་རེ་དང་ས་བཅད་རེ་རེ་རང་ངོས་ནས་ཁོལ་དུ་ཕྱུང་སྟེ་བཀླགས་ནའང་མགོ་རྙོག་མི་དགོས་པར་ཉམས་སུ་མྱོང་ཆོག་པ་ཞིག་རེད་འདུག ཐ་ན་ས་བཅད་རེ་རེའི་དུམ་བུ་རེ་རེ་ལོ་རྒྱུས་དང་རིག་གཞུང་གི་དཔྱད་རྩོམ་རེ་རེར་གྲུབ་འདུག་པ་ལྟ་བུའི་སྣང་བ་སྐྱེ་ལ། དེ་ལྟར་བཀླགས་ནའང་ཀློག་ཆོག་ཆོག་ཡིན་པའི་སྟབས་བདེའི་ཡོན་ཏན་ཞིག་མངོན་ཡོང་། དཔེར་ན་འོ་ལྡེ་སྤུ་རྒྱལ་དང་། གཉའ་ཁྲི་བཙན་པོ། གློ་བུར་གྱི་རྒྱལ་བོ་སོགས་མཚན་གྱི་ཐོགས་ཚུལ། དེ་དག་གི་བརྡ་དོན། འཇུག་ཡུལ་བཅས་ཡིག་ཆ་སྣ་མང་དབང་དུ་བཞག་ནས་བཤད་ཡོད་པའི་དུམ་བུ་དག་དང་། བཙན་པོའི་སྐུ་ཕྱྭའར་མེད་དུ་མི་རུང་བའི་བླ་གཡུ་དང་། གནམ་ས་དང་སྐྱེ་འཆིའི་འབྲེལ་ཐག་དམུ་ཐག་དང་དམུ་སྐས་སྐོར་གྱི་དུམ་བུ་དག  ཡབ་ཡུམ་གཉིས་སོ་སོར་བརྟག་ནས་བཤད་པའི་བཙན་པོའི་གདུང་རབས་བརྗོད་ལུགས་རེ་རེའི་སྡེ་ཚན་དག་ལས་ཤེས་སོ། གཞན་དཔེ་སྐུན་དང་དཔེ་རྒྱུན་གྱི་གནས་ཚུལ་དང་རྩོམ་ཡིག་གི་སྙིང་དོན་དང་རྩོམ་པོ་བྱེ་བྲག་གི་འདོད་ཚུལ་སོགས་ངོ་སྤྲོད་བྱས་ཡོད་པའི། ཞབས་མཆན་གྱི་གྲངས་འབོར་དང་ཞིབ་ཕྲའི་ཚད། དཔྱད་གཞིའི་ཡིག་ཆའི་ཐོ་ཡིག་རྒྱས་པོ་སོགས་དཔྱད་རྩོམ་ཚད་ལྡན་ཞིག་ལ་ཚང་དགོས་པའི་རྨང་གཞིའི་ཆ་རྐྱེན་ཚང་ཡོད་པ་ནི་དེབ་འདིར་མིག་གཤེར་ཙམ་བྱས་པས་ཀྱང་ཤེས་ཐུབ།

 མདོར་དྲིལ་ན་དེབ་འདིའི་མགོ་མཇུག་བར་གསུམ་དུ་ཁུངས་ལུངས་བཙུན་པོ་དང་སྒྲུབ་བྱེད་ངེས་ཅན་སོགས་ཀྱིས་ལོ་རྒྱུས་ཀྱི་དཀའ་གནད་དང་། ཡིག་ཚང་། ཚིག་འགྲོས་ཀྱི་གབ་པ་སོགས་ཐེ་ཚོམ་མི་དགོས་པར་བཀྲལ་ཐུབ་པའི་རིགས་ཁ་གསལ་གོ་བདེར་བཀྲལ་ཡོད་ལ། དེ་མིན་ཅི་ཡིན་གང་ཡིན་མི་ཤེས་པ་དག་ལ་ལྷན་ཐབས་སོགས་ཀྱི་སྒྲོ་འདོགས་མ་བཅད་པར་རང་སོར་བཞག་ཡོད་པ་ལས། ཨ་གསར་ཅན་གྱི་རྩོམ་མཁན་རེ་འགའ་བཞིན་རང་སྣང་གང་ཤར་གྱིས་ལུང་རིགས་ཅི་ཡང་མེད་པར། རང་གིས་ཀྱང་མི་ཆོད་པའི་དེང་རབས་ཀྱི་གཞུང་ལུགས་སོགས་ཐ་སྙད་མཁྲེགས་པོ་དང་བཅས་ཏེ་ངོམ་སོ་བྱས་ནས་རྡོ་ཆག་བཙན་བསྒྲིགས་ཀྱིས་བཀྲལ་མེད་པ་སོགས་སྔ་རབས་ལོ་རྒྱུས་ཀྱི་གླེགས་བམ་ཆེན་པོ་འདིར་ཡོན་ཏན་མང་པོ་གདའ། ལྷག་པར་དུ་བྱིའུས་རྒུམ་འབུ་འཐུ་བ་ལྟར་བྱས་ཏེ་སྒྲུབ་བྱེད་དུ་ཁྱེར་ཡོང་བའི་བོད་རང་གི་ལོ་རྒྱུས་ཀྱི་ཡིག་ཆ་དག་གི་གསེང་ནས་ལོ་རྒྱུས་གླེང་ལུགས་དང་ལོ་རྒྱུས་ཀྱི་སྐོར་ལ་བཅངས་པའི་འདུ་ཤེས་དང་བསམ་བློའི་རིགས་བསྒྲུགས་ཏེ་《གཉའ་ཁྲི་བཙན་པོ་ཞིབ་འཇུག》འབྲི་བར་བེད་སྤྱོད་འབྲས་བུ་དང་ལྡན་པ་བྱས་ཡོད་པ་དེ་ནི་ཤིན་ཏུ་བསྔགས་འོས་པའི་ཡུལ་རེད་སྙམ།

IMG_0478.JPG
ལོ་རྒྱུས་སྨྲ་བའི་དབང་མོ་གཡང་མོ་མཚོ་ལགས།

 ལོ་རྒྱུས་མཚན་ཉིད་རིག་པར་བསམ་གཞིགས་བྱེད་མཁན། མ་ཁེ་སའི་ལྟ་གྲུབ་དང་ལྗོའུ་གསང་ཆོས་(Jewish Mysticism)ཀྱིས་བག་ཆགས་གང་འཚམས་ཐེབས་ཡོད་མཁན། དེང་རབས་སྤྱི་ཚོགས་དང་བསམ་བློར་དཔྱོད་པར་དུང་ལ་ནུབ་ཕྱོགས་སུ་ཤན་ཤུགས་དང་སྙན་གྲགས་ཆེ་བའི་རྩོམ་རིག་དཔྱད་བརྗོད་པ་མཁས་དབང་ཝལ་ཁྲིར*སྦེན་ལྗམེན་ (Walter Benjamin)ལགས་ཀྱིས་ལོ་རྒྱུས་ལ་དཔེ་འདི་འདྲ་ཞིག་བཞག་ནས་འགྲེལ་ཡོད། དེང་རབས་ཀྱི་རི་མོའི་སྒྱུ་རྩལ་ཞིག་གིས་བློ་བསྐྱེད་ལ་བརྟེན་ནས་ཁོང་གིས་ལོ་རྒྱུས་ཉིད་ལྷའི་ཕོ་ཉའི་གཟུགས་སུ་(The Angel of History)བཀོད་ནས་བརྗོད་དོན། ལོ་རྒྱུས་ཀྱི་ལྷའི་ཕོ་ཉས་ཞལ་ཕྱིར་འཁོར་ནས་འདས་ཟིན་པར་ཞལ་གདངས། གཤོག་ཟུང་བརྐྱངས་ནས་སྤྱན་ཕུར་ཚུགས་ཀྱིས་གཟིགས་ཀྱིན་ཡོད་ལ། ང་ཚོས་བྱུང་བ་དག་གི་རྒྱུན་དུ་མཐོང་བ་དེ་ནི་ཕོ་ཉ་ཁོང་གིས་གོད་ཆག་ཆེན་པོ་ཞིག་གིས། བཤིག་ཤུལ་མང་པོ་གཅིག་ཐོག་གཉིས་བརྩེགས་བྱས་ནས་རང་ཉིད་ཀྱི་ཞབས་དྲུང་དུ་གཡུག་གིན་པར་གཟིགས་ཀྱིན་ཡོད། ལྷའི་ཕོ་ཉ་གནས་དེར་མུ་མཐུད་བཞུགས་ཏེ་འདས་པོ་རྣམས་སླར་སོས་ནས་སིལ་བུར་གཏོར་བ་དག་ཕྱིར་ཧྲིལ་བོར་བསྒྱུར་འདོད་ཡོད་ནའང་། ལྷ་ཡུལ་ནས་ལྡང་ཡོང་པའི་རླུང་འཚུབ་དེ་ཁོང་གི་གཤོག་ཟུང་ལ་ཤུགས་དྲག་དང་བཅས་ཐོགས་པས་ལྷའི་ཕོ་ཉས་གཤོག་རྡེབ་བྱ་ཐབས་བྲལ། རླུང་འཚུབ་དེས་ཁོང་མ་འོངས་པར་རྒྱབ་གཏད་ནས་ཟློག་ཏུ་མེད་པར་འདེད་ཀྱིན་ཡོད་ལ། ཁོང་གི་མདུན་དུ་སྤུང་བའི་ས་རོ་རྡོ་རོའི་ཕུང་བོ་ནམ་མཁར་སྙེག་གིན་ཡོད། རླུང་འཚུབ་འདི་ནི་ང་ཚོས་ཡར་རྒྱས་ཟེར་ནས་འབོད་པ་དེ་ཡིན་ཞེས་གསུངས་ཡོད། དཔེ་འཇོག་གྲགས་ཅན་འདིར་མཁས་པའི་འགྲེལ་ལུགས་མི་འདྲ་བ་མང་མོད། བསམ་གཞིགས་འདིར་ཝལ་ཁྲིར*སྦེན་ལྗམེན་ལགས་སྐུ་འཚོ་བཞུགས་སྐབས་ཀྱི་སྐྱི་གཡའ་བའི་ན་ཙིས་རྒྱལ་སྲིད་ལམ་ལུགས་(Nazism)ཀྱི་ལོ་རྒྱུས་ཀྱིས་བག་ཆགས་བཞག་ཡོད་པ་ཀུན་གྱིས་རྩོད་མེད་དུ་བཞེད། ཡང་སྙིང་གཙོ་བོ་ཞིག་ནི་ལོ་རྒྱུས་ནི་བཅོམ་ཤུལ་དང་། གཏོར་ཤུལ། འཐོར་ཤུལ་མང་པོས་གྲུབ་པའི་ཆོས་ཉིད་ཅིག་ཡིན་པ་དང་། ཕྱི་མའི་བྱུང་བ་དང་འཚོ་གནས་མང་པོ་ཞིག་གི་རྨང་གཞིར་སྔ་མའི་བྱུང་བ་དང་ཤེས་རིག་སོགས་ཀྱི་གཏོར་ཤུལ་དང་ཞིག་ཤུལ་ཡོད་པ་སྟོན་བཞིན་ཡོད་ལ། ཤུགས་ཀྱི་བསྟན་དོན་གཞན་ཞིག་ནི་ལོ་རྒྱུས་འབྲི་མཁན་དང་བཤད་མཁན་མང་ཤོས་རྒྱལ་ཁ་ཐོབ་པའི་ཕྱོགས་ལ་གཏོགས་པས། ལོ་རྒྱུས་ཀྱི་འཐབ་འཛིང་ཁྲོད་རྨེག་མེད་སོང་བའམ་གྱོང་གུན་ཐེབས་པའི་ཤོར་མཁན་གྱི་འདས་དང་ད་ལྟའི་བདེ་སྡུག་དང་། སྒྱུ་རྩལ། རིགས་ལམ་སོགས་ཤེས་རིག་དཔལ་ཡོན་གྱི་རྟགས་མཚན་དག་ངང་ངམ་ཤུགས་ཀྱིས་བརྗེད་ངེས་ཀྱི་དབྱིངས་སུ་འཐིམ་བཞིན་ཡོད་པའི་དོན་དེ་ཡིན།

 གཡང་མོ་མཚོ་ལགས་ཀྱིས་གཉའ་ཁྲི་བཙན་པོའི་བྱུང་རབས་བརྗོད་དུས་སྔོན་གྱི་ལོ་རྒྱུས་ཡིག་ཚང་བརྒྱུད་ནས་སྔ་རབས་ཀྱི་འཐོར་ཤུལ་དང་གཏོར་ཤུལ་ནས་བཏུས་ཡོང་བའི་ཐ་སྙད་དང་བརྗོད་ལུགས་འོད་པོ་ཆེ་དག་བཀོལ་སྤྱོད་བྱས་ཡོད་པས། ང་ཚོས་དེང་རབས་ཟེར་བའི་དྲག་ཤུལ་ཅན་དེར་གདུང་ཐུག་རྒྱབ་དང་རྒྱག་གིན་པའི་ད་ལྟར་རྒྱུགས་མི་ཆེ་བའི་ཐ་སྙད་ཀྱི་ཚོམ་བུ་འདི་དག་བརྗོད་བྱའི་བྱུང་བ་བྱེ་བྲག་པ་གང་དེ་རྟོགས་པར་ཕན་ཐོགས་ཆེ་བ་མ་ཟད། ལོ་རྒྱུས་ཀྱི་ས་རོ་རྡོ་རོ་ལས་བསྒུམས་ཡོང་བ་འདི་དག་གིས་ལོ་རྒྱུས་འབྲི་ལུགས་ལའང་ཤིན་ཏུ་སྨན་ཚུལ་རྟོགས་ཐུབ། 《གཉའ་ཁྲི་བཙན་པོ་ཞིབ་འཇུག》ཏུ་བོད་སྔ་མའི་ཤེས་རབ་ལས་བྱུང་བའི་རྒྱལ་པོའི་གདུང་ཁུངས་འཆད་ལུགས་གཙོ་བོ་གསུམ་སྟེ། བསྒྲགས་པ་བོན་ལུགས་དང་། གསང་བ་ཆོས་ལུགས། ཡང་གསང་ཐེའུ་རང་གི་ལུགས་ཀྱིས་སྲོག་ཤིང་བྱས་ནས་བོད་རྗེ་ཐོག་མའི་བྱུང་བ་ཞིབ་ཏུ་དཔྱད་འདུག བསྒྲགས་པ་བོན་ལུགས་ཀྱིས་བོན་གྱི་སྲིད་པ་ཆགས་གྲུབ་ཀྱི་རིག་པ་དང་། བོན་ཆོས་དང་ཆོ་གར་གཞི་བཅོལ་ནས་བཙན་པོའི་གདུང་ཁུངས་གོང་མ་ལྷ་ནས་ཆད་རབས་གླེང་ཡོད་ལ། གསང་བ་ཆོས་ལུགས་ནི་ནང་པ་སངས་རྒྱས་པའི་ཆོས་ལ་རྨང་བཞག་ནས་གདུང་རབས་རྒྱ་གར་དང་ཤཱཀྱའི་རྒྱལ་རྒྱུད་ལ་གཏུགས་ཡོད་པ། ཡང་གསང་ཐེའུ་རང་གི་ལུགས་ཀྱིས་རྒྱལ་བོ་ཐོག་མའི་གདོང་རྒྱུད་ཐེའུ་རང་གི་རིགས་སྤོ་བོའི་ཡུལ་གྱི་བྱ་མོ་བཙུན་ཟེར་བར་ཐེའུ་བྲང་སྤུན་དགུ་སྐྱེས་བའི་ཆུང་མཐར་དེད་འདུག་པ་སོགས་ལ་བློ་ཞིབ་མོས་བརྟགས་ཏེ། དེབ་འདིར་འཆད་ལུགས་དེ་དག་གི་ཡོང་ཁུངས་དང་འཕེལ་འགྲིབ། ལོ་རྒྱུས་དང་རིག་གནས་ཀྱི་རྒྱབ་ལྗོངས། བསམ་བློའི་དགོས་ཆེད། རང་ཕྱོགས་ཀྱི་དབང་ཤུགས་རྩ་བརྟན་གཏོང་བྱེད་ཀྱི་ནུས་ཤུགས་སོགས་དང་། ལུགས་གསུམ་གྱི་འགལ་འབྲེལ་གྱི་སྐོར་ལ་ཡིག་ཚང་སྣ་མང་བརྒྱུད་ནས་རྩད་ཞིབ་བྱས་འདུག་ལ།  གཉའ་ཁྲི་བཙན་པོའི་གདུང་རབས་འཚོལ་ཞིབ་བྱས་བའི་བརྒྱུད་རིམ་འདི་ནས་ངང་གིས་གསལ་ཡོང་བ་གཞན་ཞིག་ནི། ཡིད་ཀྱི་དང་བ་འདྲེན་ལ་འཆར་སྣང་རྒྱ་ཡན་དུ་གཏོང་བའི་ངོ་མཚར་དང་རྫུ་འཕྲུལ་གྱིས་བཅིངས་པའི་གཏམ་རྒྱུད་མང་པོས་ལོ་རྒྱུས་ཀྱི་ས་བོན་རུམ་ཡོད་པ་དེ་རེད།

 ལོ་རྒྱུས་རིག་པ་ནི་འདས་ཟིན་པའི་བྱུང་རིམ་བརྗོད་པ་ཁོ་ན་ཙམ་མ་ཡིན་པར། འདས་བའི་བྱུང་བ་དག་གདམ་གསེས་བྱེད་སྟངས་དང་། གླེང་ལུགས། འགྲེལ་སྟངས། གོ་རིམ་དབྱེ་སྟངས། ཐ་སྙད་བཀོལ་སྟངས་སོགས་ཀྱི་བློ་རིག་འགངས་ཆེན་དེའང་ཡིན། ལོ་རྒྱུས་རིག་པ་སོགས་རིག་པའི་གནས་གང་ཞིག་ཡིན་ཡང་རྗོད་ཐབས་དང་རིགས་ལམ་ཀྱིས་བརྗོད་བྱ་གང་ཞིག་རང་གིས་རྟོགས་ཐུབ་མིན་དང་། གཞན་ལ་སྟོན་ཐུབ་མིན། ཞིབ་རྩིང་ཅི་རིགས་ཀྱིས་འགྲེལ་ཐུབ་མིན་སོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད། ལོ་རྒྱུས་འབྲི་ལུགས་སུ་སྔོན་གྱི་བྱུང་བ་དང་མིའི་བློ་ཁ་གཉིས་མེད་དུ་མི་རུང་པའི་སྐོར་ལ་བོད་ཀྱི་སྔ་རབས་ཀྱི་མཁས་པས་འདང་ཟབ་མོ་ཕོག་འདུག་ལ། གཉའ་ཁྲི་བཙན་པོ་ཉམས་ཞིབ་བྱེད་དུས་གཡང་མོ་མཚོ་ལགས་ཀྱིས་གནའ་མིས་ལོ་རྒྱུས་ལ་བཅངས་པའི་ལྟ་ཚུལ་དང་བློ་གྲོས་དེའི་རིགས་ལ་དམིགས་བསལ་གྱིས་བརྩི་མཐོང་བྱས་འདུག དཔེར་ན། ཡིག་རྙིང་《མགོ་ཟླུམ་དས་ཆད》ལས་དྲངས་བའི་རྒྱལ་རབས་སྤུན་པོ་ཤྭ་བ་ཁྱིས་འདེད་པ་ལྟར་གླེང་བ། རྒྱལ་གཅིག་བློན་གཅིག་གཡུ་ཡས་སྤྲས་པ་ལྟར་གླེང་བ་དང་། ཁུག་པ་སྤྱང་མོ་བུ་སྟོར་ལྟར་གླེང་བ་དང་། རྒྱལ་རབས་རྐྱང་པ་འགྲོན་པོ་ལམ་དུ་ཞུགས་པ་ལྟར་གླེང་བ་སྟེ། རྒྱལ་རབས་གླེང་ལུགས་མི་འདྲ་བ་བཞིའི་རིགས་ལམ་བཀྲལ་ནས་《གཉའ་ཁྲི་བཙན་པོ་ཞིབ་འཇུག》གི་དཀྱུས་སུ་དངོས་ཤུགས་གཉིས་ཀྱིས་ཉམས་སུ་བླངས་འདུག་ལ། སྔོན་གྱི་བྱུང་བའམ་མི་སྣ་གང་ཞིག་གི་རྐང་རྗེས་རེ་རེ་མ་ཤོར་བར་བཙལ་ནས་ལུས་ཀྱི་གྲིབ་མ་བཞིན་བརྗོད་བྱ་གང་དུ་བྲོས་པ་དེར་སླེབས་ཐུབ་པ། ཡང་ན་བརྗོད་གཞི་གང་དེའི་རྒྱུ་རྐྱེན་དང་དེར་འབྲེལ་འདྲིས་བྱུང་བ་ཐམས་ཅད་ཁྱབ་གདལ་དུ་འཐོར་ཡོད་པ་རྣམས་བསྒྲུགས་ཡོང་ནས་གོ་རིམ་མ་འཆོལ་བར་རེ་རེའི་གུང་བསྒྲིགས་ནས་བཤད་པ།  བརྗོད་གཞི་གཅིག་ལ་དམིགས་ནས་དེ་རང་གླེང་པ་ལས་འཕྲོས་བཤད་མི་བྱེད་པ་སོགས་སྔ་རབས་པའི་རྒྱལ་བོའི་གདུང་རབས་བརྗོད་ལུགས་ཞིབ་འབྲིང་བསྡུས་གསུམ་ཡོད་པ་དེས་དེང་རབས་པའི་ལོ་རྒྱུས་འབྲི་ལུགས་ལ་རྔོ་ཐོགས་པའང་བདེན་དཔང་རབ་དང་རིམ་པ་བྱས་འདུག

 ལོ་རྒྱུས་ལ་ཞིབ་འདང་རྒྱག་མཁན་མང་པོས་ལོ་རྒྱུས་ནི་དངོས་བྱུང་གི་དོན་དག་དང་ལོ་རྒྱུས་མཁན་པོའི་བར་གྱི་རྒྱུན་ཆད་མེད་པའི་འབྲེལ་འདྲིས་ཤིག་དང་། འདས་པ་དང་ད་ལྟ་གཉིས་ཀྱི་བར་གྱི་རྫོགས་མཐའ་མེད་པའི་གླེང་མོལ་ཞིག་ལ་བཞེད་ཀྱིན་ཡོད། གླེང་མོལ་འདིར་ལོ་རྒྱུས་སྨྲ་མཁན་གཅིག་པོ་མ་ཡིན་པར་ལོ་རྒྱུས་སྐྲུན་མཁན་འབངས་ཕལ་བ་དག་ཀྱང་ཡོད་ལོས་དགོས། ཚར་རྒྱུ་མེད་པའི་གླེང་མོལ་འདིའི་རྐྱེན་གྱིས་སྔོན་གྱི་བྱུང་བར་མི་རབས་ནས་མི་རབས་ལ་བསྐྱར་ཞིབ་ཀྱིས་འགྲེལ་བ་གསར་བ་རྒྱག་བཞིན་ཡོད་ལ། ཆོས་ཉིད་འདིར་དམིགས་ནས་ལོ་རྒྱུས་མཁན་པོ་ཕིས་ཁྲིར*དགེ་(Peter Gay)ལགས་ཀྱིས་མ་འོངས་པས་འདས་པ་ནམ་ཡིན་ཡང་བེད་སྤྱོད་གསར་བ་གཏོང་གིན་ཡོད་པས་ལོ་རྒྱུས་ནི་བྲིས་ནས་ཚར་རྒྱུ་མེད་པ་ཞིག་ཡིན་ཞེས་བརྗོད་དགོས་བྱུང་ཡོད། དུས་ཀྱིས་བསྐལ་བ་དང་ལོ་རྒྱུས་ཀྱི་ཐོབ་ཤོར་གྱིས་རྐྱེན་གྱིས་རབ་རིབ་དང་མག་མོག་ལས་མི་མཐོང་བའི་གཉའ་ཁྲི་བཙན་པོའི་སྣང་བརྙན་གང་ཉིད་ཇེ་གསལ་དུ་བཏང་ཡོད་པ་ནི། གཡང་མོ་མཚོ་ལགས་ཀྱིས་བོད་ཀྱི་མི་རབས་རྩ་རྒྱུད་དང་བོད་རིག་པར་ཕུལ་བའི་དེབ་འདིའི་འབྲས་བུ་ཆེ་ཤོས་དེ་རེད་སྙམ། ལོ་རྒྱུས་ནི་བྲིས་ནས་རྫོགས་མི་སྲིད་པས། བོད་རྗེ་ཐོག་མའི་བྱུང་བའི་སྐོར་ལ་མ་འོངས་པར་ཅི་རྙེད་དང་། གཡང་མོ་མཚོ་ལགས་ཀྱིས་སྤྱང་མོ་བུ་སྟོར་གྱི་ལུགས་ཀྱིས་ལ་ལུང་ཀུན་ལས་འཐུས་ཡོང་པ་འདི་དག་ལ་འགྲེལ་གསར་གང་རྒྱག བེད་སྤྱོད་ཇི་ལྟར་གཏོང་མིན་སོགས་ལ་ང་ཚོས་དཔག་དཀའ། ཡིན་ནའང་རྣམ་དཔྱོད་ཀྱི་རྩལ་དང་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ནས་གྲུབ་པའི་《གཉའ་ཁྲི་བཙན་པོ་ཞིབ་འཇུག》གིས་མ་འོངས་པར་བོད་ཀྱི་ལོ་རྒྱུས་དཔྱོད་པའི་ལས་ལ་ལམ་སྟོན་དང་། བློ་བསྐྱེད། གནས་ཚུལ་མཁོ་སྤྲོད་བྱེད་རྒྱུ་ཡིན་པ་ནི་གདོན་མི་ཟ། མཐར་བོད་སྔ་རབས་ལོ་རྒྱུས་ཀྱི་འཇིངས་སུ་བགྲོད་འདོད་པ་རྣམས་ལ། གནའ་དེང་གི་བློ་རིག་སྐྲ་རྩེར་འཁྱུག་གིན་བརྩམས་པའི་ལོ་རྒྱུས་ཀྱི་དེབ་རྒན་འདིར་སྔོན་གྱི་བྱུང་བ་དང་བློ་གྲོས་ནི་མེར་ལྡེམ་ལྡེམ། དྭངས་གསལ་ལེ། འོད་ཆེམ་ཆེམ་འཁྱིལ་འདུག་གོ་ཟེར་སྙིང་འདོད།
                                                             
                                         བླངས་པ།

རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ།།
                 མཐུ་རྩལ་བློ་གྲོས་བླ་གཡུ་འོད་འབར།།
                                 བོད་མིའི་ཤེས་རྒྱུན་གཏམ་གྱིས་གཏམས་བཞག།

    ཡུལ་ལ་སྔ་བ་ཡར་ཀླུངས་སོག་ཁ།།
                    སྒྲུང་ལྡེའུ་བོན་གྱི་ཤེས་རབ་རང་འབར།།
                             ཆོས་སྲིད་རྟེན་འབྲེལ་མགོ་ནས་འགྲིག་བཞག།

  མཁར་ལ་སྔ་བ་ཡུམ་བུ་བླ་སྒང་།།
                                      གདོང་དམར་བཙན་པོའི་དབུ་རྨོག་དབལ་འབར།།
                      སྤུ་རྒྱལ་བོད་ཀྱི་རྒྱལ་སྲིད་མཆེད་བཞག།

 ……………………………………………………………..

 མདའ་ཚན་བླ་མ་སྐྱབས་ལགས་ནི་དབྱིན་ཡུལ་ཨོཁེསེཧྥོར་ཌི་སློབ་གྲྭ་ཆེན་མོའི་(University of Oxford)དགེ་རྒན་ཆེན་མོ་དང་། རྩོམ་རིག་ཉམས་ཞིབ་པ་ཡིན།
          གཡང་མོ་མཚོ་ལགས་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་ལོ་རྒྱུས་ཉམས་ཞིབ་པ་ཡིན་ལ། མོས་བརྩམས་པའི《གཉའ་ཁྲི་བཙན་པོ་ཞིབ་འཇུག》ཅེས་པའི་དཔེ་དེབ་ནི་ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་སྤྱི་ལོ་༢༠༡༦ལོར་པེ་ཅིན་དུ་དཔར།  

རྩོམ་སྒྲིག་པ། སྐྱ་བོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཡང་མོ་མཚོར་འཁྱིལ་བའི་གཉའ་ཁྲི་བཙན་པོ།

2016-10-10 མདའ་ཚན་བླ་མ་སྐྱབས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།