ཁེར་རྐྱང་གི་མྱོང་ཁ་ལ་གོམས་པའི་མཛེས་པ་ཞིག
____དོན་ནེའི་རི་མོ་ལས་མཐོང་བའི་སྤྱི་མཐུན་འཚོ་བའི་འཐུས་ཤོར་དང་དེའི་སྐྱིན་ཚབ།
༄༅། །འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། ། དོན་ནེའི་རི་མོ་མཐོང་མ་ཉིད་ནས་དགའ་པོ་བྱུང་། དེ་ཡང་། དཔེ་ཁང་ནས་ཨ་ནུའི་བྱིས་དེབ་འབུ་མེ་ལྕེབས་ཀྱི་མདུན་ཤོག་ཐེངས་དང་པོར་མཐོང་སྐབས། བྱིས་པ་མགོ་ཆེའི་མདུན་ཤོག་རི་མོ་དེ་ནི་བོད་པ་ཞིག་གི་ལག་རྗེས་ཡིན་པ་དྲན་མ་མྱོང་། ལར་དྲ་ལམ་ནས་རི་མོ་གང་འཚམ་ཞིག་བདམས་ཏེ་དེབ་ཀྱི་སྟེང་ལ་འཇོག་པ་ནི་བོད་ཀྱི་དཔར་བསྐྲུན་ལས་རིགས་ཀྱི་ཁྱད་ཆོས ཤིག་ཡིན་པས། ཀློག་པ་པོ་ང་འདྲ་མང་ཆེ་བ་གནས་ཚུལ་དེར་ལོབས་ནས་སྐྱོན་བརྗོད་ཀྱང་བྱེད་ཚོད་མེད་པའི་ཚད་ལ་ཐུག་ཡོད། འོན་ཀྱང་འབུ་མེ་ལྕེབས་དང་ཁ་བ་སྙིང་ལྕགས་ཀྱི་སྐོར་གྱི་གཏམ་རྒྱུད་ནི་ཀུན་གྱིས་ཚ་འུར་བྱེད་ཀྱིན་ཡོད་པས། གཏམ་རྒྱུད་དེ་དག་གི་ཟ་ཟུར་ཡིད་ལ་ཡོད་པའི་ཁོ་བོས། ཁོང་གི་བརྩམས་ཆོས་ལ་ཨ་མཚར་གྱི་དྲི་བས་ཁེངས་ནས་ཡོད་ལ། སེམས་ཚོར་དེ་འདྲའི་དབང་གིས་ངས་དཔེ་ཁང་གི་མཐོ་སར་བཤམས་པའི་འབུ་མེ་ལྕེབས་ལག་ཏུ་བླངས་པ་ཡིན། བློ་ཡུལ་ལས་འདས་པ་ཞིག་ནི། རྒྱབ་ཤོག་ལ་སླར་ཡང་ཞིབ་ལྟ་བྱེད་སྐབས། ཁ་བ་སྙིང་ལྕགས་ཀྱི་མིང་འོག་ན་དོན་ནེའི་མིང་ཡང་བཏབ་འདུག་པས། རྒྱབ་ཤོག་གི་བྱིས་པ་མགོ་ཆེ་སྙིང་རྗེ་འདི་ནི་བོད་མི་རང་ཞིག་གིས་བྲིས་པ་ཡིན་པ་གཟོད་ནས་ཤེས་སོང་ལ། དོན་ནེའི་མིང་དེའང་དེ་ནས་བཟུང་ང་རང་གི་ཀླད་པར་འཇགས་སོང་། །
༄། ཁོང་གི་བརྩམས་ཆོས་མང་ཙམ་མཐོངརྒྱུ་བྱུང་རྗེས། བྱིས་པ་མགོ་ཆེ་དག་གི་ལྟས་མ་ཉིད་ཀྱི་སྙིང་རྗེའི་གཟུགས་རྣམ་དེའི་སྦུབས་སུ། ཁེར་རྐྱང་ངམ་ནང་འཁུམ་གྱི་འདུ་ཤེས་ཤིག་གི་ངོ་བོ་མཐོང་སོང་།
དེ་ཡང་ཉིན་གཅིག་ང་རང་དྲ་ཁང་ཞིག་ཏུ་ཡོད། དྲ་ཁང་ནི་མི་ཚོགས་འདུ་ས་ཞིག་ཡིན་མོད། དེ་རུ་འདུས་པའི་མི་མང་ཆེ་ཤོས་ནི་གྲོགས་མེད་ཀྱི་གཞོན་ནུ་དེ་འདྲ་ཡིན་པ་དང་། ཁོ་ཚོ་དྲ་ཁང་དུ་འདུ་དོན་ཡང་གྲོགས་པོ་མེད་པའི་ཁེར་རྐྱང་གི་དུས་ཚོད་ཅིག་རོལ་འདོད་པའི་ཆེད་དུ་ཡིན། དྲ་ཁང་ནང་ནས་མི་དང་འཕྲུལ་ཆ་ཁ་བརྡ་བྱེད་པ་ནི་བཙོན་འོག་གི་འབྲུག་མོས་ཁྲུང་ཁྲུང་ལ་སྐད་ཆ་བཤད་པ་དང་འདྲ་སྟེ། དེ་ནི་ཁེར་རྐྱང་གིས་མནར་བའི་རྣམ་ཤེས་ཤིག་གིས་རང་ལ་ཁ་བརྡ་བྱེད་པའི་དུས་ཚོད་ཡིན། མི་ནི་སྤྱི་ཚོགས་ཀྱི་སྲོག་ཆགས་ཤིག་ཡིན། ཡང་ན་ཨ་རེས་ཏོ་ཏལ་སོགས་ནུབ་ཕྱོགས་མཁས་པ་དག་གིས་མི་ནི་ཆབ་སྲིད་ཀྱི་སྲོག་ཆགས་ཤིག་ཡིན་གསུངས་པ་རེད། ཆབ་སྲིད་ནི་ད་ལྟ་ང་ཚོས་གོ་བའི་འཛིན་སྐྱོང་གི་ལས་ཀ་དེ་འདྲ་ཙམ་མིན་པར། ཆབ་སྲིད་ནི་སྤྱི་ཚོགས་ཀྱི་རྩ་བའི་ངོ་བོ་ཡིན། འོན་ཀྱང་ཁེར་རྐྱང་གི་མི་དེའི་སེམས་ཁམས་ན་སྤྱི་ཚོགས་དང་རྒྱ་བསྐྱེད་བྱེད་པའི་མོས་པ་ཕྲ་མོ་ཞིག་ཡོད་པ་ཡིན་ཏེ། ཁེར་རྐྱང་ཏུ་གནས་པའི་མི་ནི་ཆབ་སྲིད་ལས་བསྐྱེད་པའི་མི་བོ་ཞིག་ཡིན་ཟེར་ཆོག ང་ཚོས་དབེན་གནས་ཀྱི་རྣལ་འབྱོར་བ་དག་ལ་འཁོར་བ་ལས་རྒྱང་ཏུ་བསྐྱེད་ཡོད་པར་བསམ་པ་ནང་བཞིན། དྲ་ཁང་དུ་འདུས་པའི་གཞོན་ནུ་མང་ཤོས་ནི་གནས་སྐབས་ཀྱི་དབེན་གནས་པ་ཡིན་ཏེ། ཁོ་ཚོ་ཆབ་སྲིད་དམ་སྤྱི་ཚོགས་ལས་བསྐྱེད་དེ་སེམས་ངལ་གསོ་བར་ཐོན་ཡོད་པ་རེད། གླིང་སྒྲུང་གི་འབྲུག་མོ་དང་དྲ་ཁང་གི་གཞོན་ནུ་དག་ནི་འདྲ་བ་ཡིན་ཏེ། འབྲུག་མོ་ནི་རང་ནུས་ཀྱིས་རྒོལ་བར་མི་ནུས་པའི་སྤྱི་ཚོགས་ནུས་ཤུགས་ཤིག་གི་རྩེད་ཆས་སུ་གྱུར་ནས་ཡོད་པ་དང་། ཕྱི་ཡི་གནོན་ཤུགས་དེ་འདྲ་ཞིག་ལས་གཡོལ་ཆེད། མི་ཡིས་རང་གཏམ་བྱེད་པ་ཡིན་ལ། དེ་བྱེད་པ་ལ་གང་ཟག་མ་ཡིན་པའི་གཏམ་ཡུལ་གཅིག་དགོས་པ་དང་། ཁྲུང་ཁྲུང་དང་གློག་ཀླད་ནི་དེ་འདྲའི་གཏམ་ཡུལ་ཞིག་རེད། དེང་རབས་ཀྱི་ཆོབ་ཚ་བའི་ཆབ་སྲིད་འཚོ་བའི་གནོན་ཤུགས་འོག་ནས། འབྲུག་མོ་དང་སེམས་ཁམས་གཅིག་པའི་གཞོན་ནུ་དག་ནི་གློག་རྩེད་ཀྱི་གཏམ་ཡུལ་དེ་ལ་མོས་བཞིན་ཁེར་ལབ་བྱེད་ཀྱིན་ཡོད་དེ། གནས་འདི་ནས་ཁེར་རྐྱང་གི་རྣམ་ཤེས་དེ་དག་གིས་ཁེར་རྐྱང་དེ་དང་ལེན་བྱས་པ་མ་ཟད་དེ་ལ་ལོབས་པར་བྱེད་པའི་མགོའང་བརྩམས་པ་རེད། ཉིན་དེར།དྲ་ཁང་དེ་ནས། ང་ལ་ཁེར་རྐྱང་གི་མྱོང་ཁ་དེ་འདྲ་ཟབ་པོ་ཞིག་འཁོར་བྱུང་བས། དཔའ་ཤོག་གཅིག་སྒྲིལ་ཅེས་པའི་གློག་རྩེད་ཁ་ཕྱེས་ནས་ང་རང་ཉིད་ཀྱི་ཁེར་ལབ་བྱེད་མགོ་བརྩམས་ཚེ། རྩེད་འཇུག་གི་བར་སྐབས་སྐར་མ་ལྔ་དྲུག་ཡོད་པ་དེ་སྐབས། ཙི་ན་པོད་འཕྲིན་ལས་དོན་ནེའི་པོད་འཕྲིན་སྒང་ལ་སྤེལ་བའི་ཞི་ལི་མགོ་ཆེའི་རི་མོ་གསར་བའི་ཟིན་བཏབ་འགའ་མཐོང་བྱུང་ལ། དེ་ཚེ་ངས་སྔོན་ཆད་ཀྱི་བྱིས་པ་སྙིང་རྗེ་བོ་དེ་དག་གི་གཟུགས་བརྙན་རྒྱབ་ན་ད་དུང་ཁེར་རྐྱང་ཞིག་སྦས་ཡོད་པ་ཚོར་བྱུང་། །
༄། དོན་ནེའི་རི་མོ་དང་ནཱ་རཱ་་ཡོ་ཤི་ཐོ་མོའི་རི་མོའི་བར་ལ་མང་པོ་ཞིག་གིས་དཔྱད་བསྡུར་བྱེད་ཀྱིན་འདུག དོན་ནེ་ཁོང་ལ་སྐད་ཆ་མོལ་སྐབས། ཁོང་གིས་ཀྱང་ནཱ་རཱའི་རི་མོ་ཡིས་ཁོང་གི་རིས་རྩལ།ཁྱད་ཆོས་དང་བསམ་བློ་ལ་ཤུགས་རྐྱེན་ཐེབ་མྱོང་བ་བཤད་བྱུང་། འོན་ཀྱང་རྣམ་པའི་སྟེང་གི་འདྲ་བ་དེ་ང་ཚོས་མཐོང་ཐུབ་མ་ཟད། ང་ཚོས་ད་དུང་ཁོ་རྣམ་གཉིས་ཀྱི་རི་མོའི་གསེབ་ཏུ་གནས་པའི་སྒྱུ་རྩལ་བའི་བག་ཏུ་ཉལ་བའི་སེམས་བྱུང་(subconscious)་མི་འདྲ་བ་ཁ་ཁར་ཡོད་པ་མཐོང་ཐུབ་སྟེ། ནཱ་རཱ་ཡི་བྱིས་པ་དག་ནི་ཁེར་རྐྱང་སྦས་པ་ཅན་དེ་འདྲ་མ་ཡིན་པར། ལྡོག་ཏེ་མི་ཆེན་ཚོའི་ལྟ་སྐུལ་ཆེན་པོའི་འོག་ནས་ཁེར་རྐྱང་མེད་པའི་བྱིས་པ་ཞིག་ལ་འདྲ་སྟེ། ཁེར་རྐྱང་དེ་འདྲ་ཆད་པས། ནཱ་རཱའི་ཞི་མོ་མགོ་ཆེ་དེས་ང་ཚོ་ལ་སྡང་མིག་གི་མདའ་མོ་འཕེན་བཞིན་ལྟ་བ་རེད་དེ། ཁོ་མོས་མི་ཆེན་གྱི་བྱིས་པའི་རྒྱལ་ས་ལ་བཙན་འཛུལ་བྱས་པར་ངོ་རྒོལ་བྱེད་བཞིན་ཡོད་པ་འདྲ། འོན་ཀྱང་དོན་ནེའི་ཞི་ལི་མགོ་ཆེ་ནི་དེ་འདྲ་ཞིག་མ་རེད། ཁོང་གི་ཞི་ལི་ནི་ཤིན་ཏུ་མཉེན་པོ་དང་ཉམ་ཆུང་རེད་འདུག་ལ། གཞན་ལ་སྡང་བ་བྱེད་པའི་མིག་ནི་མེད་དེ། ང་ཚོས་དོན་ནེའི་ཞི་ལི་མགོ་ཆེ་ལ་ལྟ་སྐབས་སྙིང་རྗེ་ཤོར་འགྲོ་བ་དེ་འདྲ་རེད། ཞི་ལི་མགོ་ཆེ་འདི་ནི་ཁེར་རྐྱང་ལ་ཡུན་རིང་གནས་པའི་བྱིས་པ་ཞིག་ཡིན་ལ། ནཱ་རཱའི་ཞི་མོ་ལ་བྱིས་པ་རང་གི་འཇིག་རྟེན་ཏུ་གྱུར་བའི་ཁེར་རྐྱང་གི་དུས་ཚོད་དགོས་པ་དང་ལྡོག་པར། དོན་ནེའི་ཞི་ལི་ནི་མི་ཆེན་གྱི་སྤྱི་ཚོགས་ལ་ངོ་མཚར་ཀྱིས་རེ་བ་བྱེད་བཞིན་དེ་རུ་འཇུག་མི་ཐུབ་པའི་བྱིས་པ་ཞིག་རེད། དེ་ནི་ང་ཚོས་ཡུན་རིང་ལ་སྣང་མེད་བྱས་པའི་བྱིས་པ་ཞིག་ཡིན་ལ། ཡུན་རིང་སྣང་མེད་བྱས་པའི་དབང་གིས། ཁོ་རང་ད་དུང་སྤྱི་ཚོགས་འཚོ་བ་ཞིག་ལ་འཇུག་ཐུབ་མེད་པ་འདྲ། ཁྱད་པར་འདི་འདྲ་ཞིག་གལ་ཏེ་ང་རང་གིས་བཏགས་ཆེ་བ་མ་ཡིན་ན། འདི་ཡིས་སྒྱུ་རྩལ་པ་གཉིས་ཀྱི་རྩལ་གྱི་ཉེ་འདྲ་ལས་སོ་སོར་སོང་བའི་སེམས་ཀྱི་ཁྱད་པར་མཚོན་པ་ཡིན་ཏེ། ནཱ་རཱ་ནི་བྱིས་པའི་འཇིག་རྟེན་ལ་ཞིབ་དཔྱད་ཡོད་པའི་མི་ཆེན་སྒྱུ་རྩལ་བ་ཞིག་ཡིན་ན། དོན་ནེ་ནི་མི་ཆེན་གྱི་འཇིག་རྟེན་ལས་དཔྱད་བསྡོམས་མ་ཐོབ་པའི་བྱིས་པ་ཞིག་དང་འདྲའོ། །
༄། དོན་ནེ་དང་སྐད་ཆ་བཤད་སྐབས། ཁོང་གིས་རི་མོ་དེ་རང་ལ་མཚོན་ན་སྙན་ངག་དང་འདྲ་བ་ཡིན་ཏེ། དེ་ལ་དགའ་བ་དང་ལས་དེ་ལ་འཇུག་སྐབས་སྤྲོ་བ་རྙེད་ཐུབ་པས་ཡིན་ཟེར། ཁོང་གིས་སྐད་ཆ་འདི་ལབ་དོན་ནི། ངས་ཁོ་ལ་ཁྱོད་ཀྱིས་རི་མོའམ་རི་མོའི་ལས་ཀ་དེ་ལ་དམིགས་ཡུལ་འདྲ་པོ་ཡོད་དམ་ཞེས་ནས་དྲིས་པས་ཁོང་གིས་དེ་ལྟར་ལན་སྤྲད་པ་ཡིན། ང་རང་དྲ་ཁང་ནས་དཔའ་ཤོག་གཅིག་སྒྲིལ་རྩེད་སྐབས། ང་རང་གི་སེམས་ངོས་ནའང་དགའ་བ་དང་སྤྲོ་བ་ཙམ་ལས་དེ་ན་དམིགས་ཡུལ་དང་ཕན་ཐོགས་ཅི་ཡང་ཡོད་མི་སྲིད། འབྲུག་མོས་བཙོན་འོག་ནས་ཁྲུང་ཁྲུང་ལ་སེམས་གཏམ་སྐུར་སྐབས། ཁོ་མོས་མཁར་རྩེ་ནས་གླིང་ཡུལ་མཐོང་སྐབས་མིག་ཆུ་དབང་མེད་དུ་ཤོར་དོན་ཀྱང་གཅིག་འདྲ་རེད་དེ། བྱུང་བ་འདི་དག་ནི་སེམས་དེ་ལྷོད་ཡངས་ལ་བཏང་སྐབས། སེམས་དེས་རང་གིས་རང་ལ་བདེ་བོ་དང་བག་ཡངས་ཤིག་ངང་གིས་བཙལ་འགྲོ་བ་ཡིན་ཏེ། བརྩམས་སྒྲུང་གྲགས་ཅན་ཚེ་སྲོག་གིས་ཐེག་པར་དཀའ་བའི་ཡང་ཞེས་པ་དེ་ཡི་བསྟན་དོན་དང་ལྡོག་པར། ཚེ་སྲོག་གིས་ཐེག་པར་དཀའ་བའི་ལྗིད་ཀྱིས་གནན་ནས་ཡོད་པའི་མི་དེ་ལ་མཚོན་ན། ཡང་བ་ནི་ཤིན་ཏུ་དགོས་པ་ཡིན་ལ། སྲ་སྲ་བྱས་པའི་སེམས་དེ་ལ་ལྷོད་ལྷོད་ཀྱི་ཁེར་རྐྱང་དེ་འདྲ་ཐོབ་སྐབས། ད་གཟོད་ཁོ་ལ་ངལ་གསོ་ཐོབ་པ་ཡིན། འོན་ཀྱང་ང་རང་དྲ་ཁང་ལ་ཆུ་ཚོད་གཉིས་གསུམ་རེ་མ་གཏོགས་ངལ་གསོ་ཁོམ་མེད་ལ། ཧོར་གླིང་གི་དམག་འཁྲུག་གི་འཕེལ་ཕྱོགས་ལ་སེམས་ཚབ་དགོས་པའི་འབྲུག་མོའང་། དེ་བཞིན་ལྗིད་པ་ཡིས་སླར་ཡང་མནན་ནས་དམག་ཇུས་ཀྱི་འདོད་ཚུལ་གེ་སར་དང་གླིང་ལ་སྐུར་དགོས་པ་རེད་ལ། སྤྱི་ཚོགས་འཚོ་བ་ཡི་ཟིལ་ཤུགས་འོག་ཏུ་འཚོ་གནས་དགོས་པས་འབྲུག་མོ་ལ་མཚོན་ན། མོ་ལུས་སུས་ཀྱང་དམག་འཁྲུག་སློང་བྱེད་པའི་མཛེས་ཉམས་ཤིག་མི་ཐོབ་པར་སྨོན་ལམ་བྱེད་པ་ལས་ཐབས་ཅི་ཡོད། འོན་ཀྱང་དོན་ནེ་ནི་ཁེར་རྐྱང་གི་གནས་དེ་ལ་ཡུན་རིང་འདུག་ཐུབ་མཁན་ཞིག་ཡིན་ཚོད་རེད། ཁོང་གི་ཟིན་བྲིས་ཀྱི་སྟེང་ན་བྱིས་པ་དང་མགོ་ཆེ་དག་གིས་གང་ཡོད་ལ། ཁོང་གིས་གྲུབ་ཟིན་པའི་བརྩམས་ཆོས་གང་ལ་ལྟས་ནའང་། ཁེར་རྐྱང་གི་སེམས་བྱུང་དེ་ནི་རྒྱུན་མཐུན་ཏུ་གནས་ཡོད་པ་རེད། །
༄། སྙན་ངག་ནི་སེམས་ཀྱི་རང་གཏམ་དེ་ཡི་གེར་ཕབ་པ་དང་འདྲ། རི་མོ་ནི་སེམས་ཀྱི་རང་གཟུགས་དེ་ཚོན་གྱིས་བསྒྱུར་བ་ཡིན། འདི་གཉིས་ཀྱི་འདྲ་ས་ཤིན་ཏུ་མང་བ་བདེན་པ་རེད། འོན་ཀྱང་། བོད་ཀྱི་སྙན་ངག་གི་གཙོ་རྒྱུགས་ཡིན་ན། སྙན་ངག་པ་ནི་སྤྱི་ཚོགས་འཚོ་བའི་ནང་ལ་གདོང་མཆོང་བྱེད་མཁན་དེ་འདྲ་མང་བ་རེད། སྤྱི་ཚོགས་འཚོ་བོའི་ཁྲོད་ནས་རང་རང་གི་འདུན་ཤུགས་མངོན་འགྱུར་བྱེད་ཨེ་ཐུབ་ལྟ་བ་ནི་བོད་ཀྱི་སྙན་ངག་གི་མང་ཕྱོགས་ཀྱི་ཁྱད་ཆོས་ཤིག་རེད། དོན་ནེས་རང་གི་རི་མོ་དེ་སྙན་ངག་ལ་དཔེར་འཇོག་པ་ནི། ང་རང་གིས་ཚོད་དཔག་ལ། ཁོ་པས་ནི་སྙན་ངག་དང་རྩོམ་མཁན་གྱི་འབྲེལ་བ་དེ་དང་། ཁོ་དང་ཁོའི་རི་མོའི་བར་གྱི་འབྲེལ་བ་ལ་དཔེ་འཇོག་བྱས་པ་ལས། བྱེ་བྲག་བོད་ཀྱི་སྙན་ངག་ལ་ཡོད་པའི་སྤྱི་ཚོགས་རང་བཞིན་གྱི་ནང་དོན་དེ་དག་དོན་ནེའི་རི་མོའི་ཁྲོད་ན་ཡོད་པ་མ་ཡིན་ཏེ། ཁོང་གི་རི་མོ་ནི་སྤྱི་ཚོགས་ལས་ཕྱིར་འཐེན་བྱས་པའི་སྒེར་དབང་གི་ཁེར་རྐྱང་ཞིག་རེད་འདོད། འོན་ཀྱང་ཏག་ཏག་འདི་ཡིས་བོད་པ་མང་པོ་ཞིག་གི་འཚོ་གནས་ཀྱི་ངོ་བོ་མཚོན་ནས་ཡོད་དེ། ཐམས་ཅད་གནས་ལུགས་དང་རིང་ལུགས་ཀྱིས་ཁེངས་པའི་སྤྱི་ཚོགས་འཚོ་བ་དེའི་ཁམས་ནས། མི་མང་པོ་ཞིག་ནི་ལྗིད་ཚད་ཀྱིས་གནན་ནས་ཕྱིར་འཐེན་བྱེད་དགོས་བྱུང་ཡོད་པ་དང་། སྤྱི་ཚོགས་འཚོ་བ་ལ་འཐུས་ཤོར་རམ་ཆ་མ་ཚང་བའམ། དོ་མ་མཉམ་པ་འདི་འདྲ་ཡོད་ཕྱིན། མི་མང་པོ་ཞིག་ནི་དོན་ནེའི་ཞི་ལི་མགོ་ཆེ་ལྟར་རང་གི་རང་ལ་ཆིག་ལབ་བྱེད་པའི་ལམ་སུ་མཆིས་དགོས་ཐུག་པ་དང་། སྤྱི་ཚོགས་འཚོ་བ་ལས་བུད་ཤུལ་གྱི་སྟོང་བ་དེའི་སྐྱོན་ཚབ་ཏུ་སྒེར་གྱི་འདུ་ཤེས་ཇེ་ཆེར་སོང་བ་དང་། རྒྱ་ཡིས་བཤད་པའི་སེམས་ཀྱི་sensi-tiveསེན་སི་ཐི་ཝི་དེ་ཡང་ཇེ་སྐྱེན་ཏུ་གྱུར་ཡོད་པ་རེད། དེ་བས་དོན་ནེས་རི་མོ་ཡིས་ཁེར་རྐྱང་དེ་འདྲ་ཟིན་ཡོད་པ་དང་། སྤྱི་ཚོགས་ཀྱི་རྙོག་དྲ་དང་ལྗིད་ཤུགས་དང་ཤིན་ཏུ་ཐ་དད་གྱུར་བའི་བྱིས་པའི་སྣང་བརྙན་ཞིག་ངང་གིས་བྱུང་ཡོད་པ་རེད་འདོད།
༄། ང་རང་གིས་ནམ་རྒྱུད་སྤྱི་ཚོགས་འཚོ་བའི་ལྗིད་དེ་ཐེག་ཨེ་ནུས་ཀྱིས་རྩོད་གླེང་སོགས་ལ་མང་ཏུ་མཉམ་ཞུགས་བྱེད་པ་ཡིན། དེ་བས་དཔའ་ཤོག་གཅིག་སྒྲིལ་ལྟ་བུ་ལ་རྩེད་སྐབས། ངས་ནི་རྩོད་གླེང་བརྒྱུད་ནས་ཐང་ཆད་ཀྱི་སེམས་ངལ་དེ་གསོ་ཐུབ་པ་ཡིན་ལ། རིག་པ་མ་སྒྲིམ་ཐུ་མེད་དུ་གྱུར་བའི་སྤྱི་ཚོགས་འཚོ་བ་ལས་བུད་མ་ཐག གློག་རྩེད་ཀྱི་དཔའ་བོའི་གོམ་ཡང་དེ་དག་ལ་འཇུག་མོས་སྐྱེ་བ་རེད། གློག་རྩེད་ཀྱིས་བཞེངས་བའི་ཚོགས་པའི་དམིགས་འདུན་ནི་གཅིག་པ་ཡིན་ལ་དེ་ལ་རྩོད་པ་མི་དགོས། གློག་རྩེད་ཀྱིས་ཁྲོད་ནས། རང་བསམ་དེ་མ་ཉིད་དུ་ལག་བསྟར་བྱེད་པའི་མི་འཕྲུལ་དཔོན་གཡོག་གཉིས་ཀྱི་ལྟོས་འགུལ་དེ་ལས་སྐྱིད་སྣང་རྙེད་ཐུབ་པའང་ཡིན། གློག་རྩེད་ཀྱི་རྒྱལ་ཕམ་ནི་སྤྱི་ཚོགས་འཚོ་བ་དང་ཁྱད་པར་མི་རིགས་ཀྱི་འཆི་གསོན་ལྟ་བུའི་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་བཞིན་ང་ཚོས་གསོགས་དགོས་པ་དེ་འདྲ་མིན་པས། གློག་རྩེད་ནི་ང་རང་གིས་སྤྱི་ཚོགས་འཚོ་བའི་འཐུར་ཤོར་ལ་སྐྱིན་ཚབ་སྤྲོད་ཐབས་ཤིག་ཡིན། དེ་བཞིན། དོན་ནེའི་རི་མོ་ལས་མཐོང་ཐུབ་པ་ནི། བོད་ཀྱི་གཞོན་ནུའི་ཚོགས་ཀྱི་ཐུན་མོང་གི་བག་ཉལ་སེམས་བྱུང་དེ་ཡིན་ཏེ། ང་ཚོ་ནི་ཨ་ཐང་ཆད་པའི་མི་ཚོགས་ཞིག་ཡིན་ལ། ང་ཚོའི་སྤྱི་ཚོགས་འཚོ་བ་ནི་ཆེ་མཁྲེག་བཙན་གསུམ་གྱིས་མནན་པའི་ཚེ་སྲོག་གིས་མི་ཐེག་པའི་ལྗིད་ཅིག་ཡིན། དེ་འདྲའི་སེམས་བྱུང་དེ་དོན་ནེའི་རི་མོར་བརྒྱུད་ནས་ང་ཚོའི་མིག་མདུན་དུ་བཀྲལ་སྐབས། ང་ཚོ་ནི་དེ་མ་ཉིད་ནས་བློ་མགུ་སེམས་མགུ་བྱུང་ཐུབ་ལ། ཤིན་ཏུ་སྒེར་དབང་ཏུ་འགྱུར་བའི་ཁེར་རྐྱང་གི་ཚོར་བ་དེ་ལས་འཚོ་གནས་ཀྱི་མངོན་སུམ་སྣང་བ་ཞིག་འཚོལ་ཐུབ་པ་ཡིན་ནོ། །
༄། སླར་ཡང་ང་ཡིས་དོན་ནེས་བཤད་པའི་་ང་ཡི་རི་མོ་ལ་དམིགས་ཡུལ་མེད། དེ་ནི་སྙན་ངག་བཞིན་སྤྱི་ཚོགས་ལ་ཕན་ཐོགས་བྱེད་དེ་འདྲ་མིན་་ཞེས་པའི་སྐད་ཆ་ལ་ཕྱིར་འདང་བྱེད་སྐབས། ཁོང་གི་ཁེངས་སྐྱུང་གི་གསལ་བཤད་དེ་ལས་རི་མོའི་རིན་ཐང་རྙེད་ཐུབ་སོང་ལ། མ་དམིགས་པའི་དམིགས་ཡུལ་ཞིག་ལོགས་སུ་གྲུབ་ཟིན་པའང་མཐོང་བྱུང་སྟེ། གཞན་གྱི་རྩེད་རིགས་ཙམ་ཡིན་པའི་གླུ་གར་དེ་འདྲའང་བོད་ཀྱི་ལ་རྒྱའི་དྲིལ་བསྒྲགས་ཤིག་ཏུ་གྱུར་ཡོད་པའི་དུས་རབས་འདི་ལ། སྤྱི་ཚོགས་འཚོ་བའི་འཐུས་ཤོར་གྱི་སྐྱིན་ཚབ་བྱེད་ཐུབ་མཁན་ཞིག་དགོས་པ་དང་། ང་ཚོས་ཡུན་རིང་གི་ནན་ཏན་གྱི་སྤྱི་ཚོགས་འཚོ་བ་དེ་ཐེག་པར་དགོས་ན། སྐབས་སྐབས་སུ་ཞི་ལི་མགོ་ཆེ་ལྟར། ལྷད་མེད་ཀྱི་བྱིས་པའི་འཇིག་རྟེན་དེ་ལ་འགྲོ་དགོས་པ་ཡིན། མི་རིགས་གོང་བུ་དེ་ཡི་རྩིས་ཐང་ཞིག་གི་ཆེད་དུ་འབད་བརྩོན་རྒྱག་མཁན་གྱི་མི་རབས་ཤིག་ལ་མཚོན་ན། དེ་ཡི་མིག་ཟུང་སུ་བྲིས་པ་ནི། ནཱ་རའ་ཡི་ཞེ་སྡང་མིན་ཏེ། དེ་ནི་དོན་ནེའི་བྲིས་རྩལ་འོག་ཏུ་ཁྲ་ལེམ་མེར་བྱེད་པའི་ཁེར་རྐྱང་གི་རྣམ་ཤེས་དེའོ། །
རྩོམ་སྒྲིག་པ། གངས་དགའ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།