བོད་ཀྱི་རྩོམ་པ་པོ་རྣམས་ལ་འབོད་སྐུལ།

རྩིས་ཆེ་ལེགས་མཐོང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2018-11-23

  རིག་གནས་ཀྱི་ཆུ་ཚད་གང་འཚམས་ལོན་པས་སྐབས་བབ་ཀྱི་བརྗོད་འདོད་སྟོན་ཐུབ་ཅིང་སྙན་པོ་རེ་ཡོད་ཀྱང་ནང་དོན་གྱི་ཐད་ལ་ཀླད་པ་དཀྲུགས་དཀྲུགས་བཏང་ནས་བསམ་གཞིགས་ཅུང་ཟད་ཙམ་ཡང་མ་བྱས་པས་དམིགས་བསལ་གང་ཡང་མེད་པའི་རྩོམ་འདྲ་མིན་རིགས།

  རིག་གནས་ཀྱི་ཆུ་ཚད་གང་འཚམས་ལོན་པས་སྐབས་བབ་ཀྱི་བརྗོད་འདོད་སྟོན་ཐུབ་ཅིང་སྙན་པོ་རེ་ཡོད་ཀྱང་ནང་དོན་གྱི་ཐད་ལ་ཀླད་པ་དཀྲུགས་དཀྲུགས་བཏང་ནས་བསམ་གཞིགས་ཅུང་ཟད་ཙམ་ཡང་མ་བྱས་པས་དམིགས་བསལ་གང་ཡང་མེད་པའི་རྩོམ་འདྲ་མིན་རིགས་འབྲི་མི་འབྲི་རང་དབང་ཡིན་ཀྱང་འཕྲིན་སྟེགས་སོགས་སུ་མ་སྤེལ་རོགས།

  དེས་ཁྱེད་རང་གི་དུས་ཚོད་འཕྲོ་བརླགས་བཏང་ཟིན་པས་མ་ཚད་ཀློག་པ་པོ་གཞན་མི་ཉུང་བའི་དུས་ཚོད་འཕྲོ་བརླགས་གཏོང་ངེས་པ་ལ། དུས་ཚོད་ཀྱི་རིན་ཐང་ལ་ཁྱོད་ཀྱིས་བསམ་གཞིགས་བྱ་མྱོང་ཨེ་ཡོད། བོད་པ་རྣམས་ལ་ཆོས་ལུགས་ཀྱི་ཤུགས་རྐྱེན་གྱིས་གང་ཤར་དང་། རང་བབ་དང་། ཐོལ་བྱུང་དུ་འབྲི་སྲོལ་ཤུགས་ཆེན་འདུག་སྟེ། མི་གཅིག་ལ་ཕན་ཐོགས་པའི་སྐད་ཆ་ཚིག་གཅིག་བཤད་དགོས་ན་ཡང་ཀླད་པ་དཀྲུགས་དཀྲུགས་གཏོང་དགོས་ན། མི་མང་པོའི་ཆེད་དུ་དེབ་དང་དཔྱད་རྩོམ་འབྲི་བ་ལ་དུས་ཡུན་རིང་པོར་བསམ་གཞིགས་བྱ་དགོས་པ་བཤད་ཅི་དགོས།

  བསྐྱར་ཟློས་དང་ཡང་ཟློས་མ་བྱེད་རོགས། སྐད་ཆ་གང་ཡིན་ན་ཡང་མ་བཤད་གོང་དུ་ཡོངས་གྲགས་ཡིན་མིན་དང་། གཞན་གྱིས་བཤད་ཟིན་མིན་ལྟ་དགོས་པ་ལས། བོད་ཀྱི་རྩོམ་པོ་པོ་མང་པོར་རང་ཉིད་ཀྱིས་དངོས་གནས་བརྗོད་འདོད་པའི་གཏམ་ཚིག་འགའ་ཤས་ལས་མེད་པ་ལ་གཞན་ཕལ་མོ་ཆེ་ནི་མཚམས་སྦྱོར་དང་མཇུག་སྡུ་ཙམ་རེད། དཔེར་ན་ཉེ་དུས་སྤྲུལ་སྐུ་ལ་དགག་པ་ལྟ་བུའི་སྐད་ཆ་འདི་རིགས་ཏེ། ད་ལྟའི་ཆར་ཡོངས་གྲགས་ཡིན་ན་ཡང་། བོད་ཀྱི་རྩོམ་པ་པོ་མང་པོས་འདིའི་སྐོར་དམིགས་བསལ་གྱི་ཚིག་རེ་ཟུང་ལས་མེད་པའི་མང་པོ་ཞིག་བཤད་ཅིང་འབྲི་བ་ནི་བལྟས་ན་མིག་ན་བྱེད་དང་། ཉན་ན་རྣ་བ་ཚ་བྱེད་ཙམ་རེད།

  གལ་སྲིད་ཁྱོད་ཀྱིས་མགྱོགས་ཙམ་མ་བྲིས་ཤིང་།མགྱོགས་ཙམ་མ་སྤེལ་ན་སུ་ཞིག་གིས་བཀའ་བཀྱོན་དང་ཉེས་ཆད་ཡོད་ན་མ་གཏོགས་མང་ཐག་ཆོད་ཅིག་བྲིས་ནས་ཞུ་དག་ཡག་པོ་བྱ་ཁོམ་མ་བྱུང་བས་དགོངས་དག་ཟེར་ནས་མ་སྤེལ་རོགས། སྤེལ་དགོས་ན་མ་མཐར་ཡང་རང་ཉིད་འདོད་པ་ཚིམས་པ་ཞིག་བྱུང་རྗེས་སྤེལ་ན་འགྲིག དེ་མིན་འདི་འདྲའི་བྱེད་སྟངས་ནི་བོད་ཀྱི་རྩོམ་པ་པོ་ལས་གཞན་སུ་ལ་ཡང་མ་མཐོང་། འགན་མི་ཁུར་ཞིང་དོ་ནན་མེད་པར་ལས་ཀ་བྱེད་པ་འདི་མི་གཞི་ལ་སྐྱོན་ཡོད་པའི་རྟགས་མཚན་ཆེ་བས་ཐོག་མར་ཁྱོད་ཀྱིས་རང་གི་རྩོམ་ཡིག་ལས་ཀྱང་གཤིས་སྤྱོད་ལ་ཞུ་དག་གཏོང་བ་གལ་ཆེ། ཨ་ཙི། ཀུ་རེ་ཡིན། ཚིག་ཅུང་རྩུབ་དྲགས་སོང་བས་བཟོད་གསོལ་ཞུ།

  གང་ལྟར་གལ་ཆེ་ཤོས་ནི་མགྱོགས་དགོས་པ་དེ་མ་རེད། བོད་ཀྱི་བླ་མ་མཁས་པ་འགའ་ཤས་ཀྱི་གསུང་རྩོམ་ནང་དུ་ཡུད་ཙམ་དང་། ཇ་ཡུན་ཙམ། ཐུན་གཅིག་གི་ཡུན་དུ་བྲིས་གནང་ཚུལ་འཁོད་པ་ནི་ཐད་ཀར་བལྟས་ན་ངོ་མཚར་གྱི་མཛད་པ་ལྟ་བུར་སྣང་ཡང་། དོན་དངོས་སུ་ཡག་པོ་ཡོད་ན་མགྱོགས་པོ་བྲིས་པས་ད་དུང་ཧ་ལས་དགོས་པར་སྟོན་བྱེད་དང་། ཡག་པོ་མེད་ན་མགྱོགས་པོ་བྲིས་པས་ཁག་མེད་ཟེར་བ་སྟོན་བྱེད་ཀྱི་ཆབ་སྲིད་ཅིག་རེད་དྲན། དེང་སང་ཡང་དེའི་ལད་མོ་ལྟ་བུར་བོད་རིགས་རྩོམ་འབྲི་བ་མང་པོ་ཞིག་གིས་ཀོ་ཧྥི་ཐེངས་གཅིག་འཐུང་ཞོར་བྲིས་ལྟ་བུ་མཐོང་རྒྱུ་ཡོད་ཀྱང་། ངས་ནི་འདི་ཚོ་ཡག་པོ་ཞིག་ཏུ་མཐོང་གི་མེད།

  བོད་རིགས་རྣམས་མགྱོགས་པོ་བྲིས་པར་བཤད་ན་ཧ་ལས་ལས་བྱེད་པས། རྩོམ་དང་དཔེ་ཆ་སོགས་གང་ཡིན་ན་ཡང་མགྱོགས་པོ་བྲིས་ཐུབ་ན་ངོམ་སོའི་ཚུལ་དུ་གཤམ་གྱི་རྩོམ་བྱང་དུ་འགོད་སྲོལ་ཡོད། དེ་ལས་ལྡོག་སྟེ་ཕྱི་རྒྱལ་བ་རྣམས་ཀྱིས་ཤེས་ཡོན་དང་འབྲེལ་བའི་རྩོམ་དེབ་སྤྱི་དང་། ལྷག་པར་ཉམས་ཞིབ་དང་འབྲེལ་བའི་དེབ་གང་ལ་ཡང་ཇི་ཙམ་དུས་ཡུན་རིང་པོ་འགོར་བར་བཤད་ན་དེ་ཙམ་གྱིས་གདེངས་འཇོགས་དང་ཡིད་ཆེས་ཆེ་བར་བྱ་སྲོལ་ཡོད། དེ་ཡང་རྩོམ་ཡག་པོ་ཡོང་བར་ཉམས་ཞིབ་མང་པོ་བྱ་དགོས་ཤིང་། བསམ་གཞིགས་མང་པོ་བྱ་དགོས། བྲིས་ཚར་ན་ཡང་ལེགས་བཅོས་མང་པོ་བྱ་དགོས་པ་བཤད་མ་དགོས་པས་རེད།

  མགྱོགས་པོ་འབྲི་ཐུབ་ན་བཟང་ཆ་ལོས་ཡིན་ཀྱང་། མགྱོགས་པོ་དང་ཡག་པོ་གཉིས་ལས་ཁྱོད་ཀྱིས་མགྱོགས་པོ་གལ་ཆེ་བ་བྱས་ན་ཆེ་བཞག་ཆུང་ལེན་དུ་གྱུར་པ་རེད་ལ། ད་དུང་དེ་ནི་གཞན་ཧ་ལས་འཇུག་བྱེད་དུ་ཡིན་ན་རྩོམ་འབྲི་བའི་དགོས་ཆེད་གཙོ་བོ་མི་ཚོ་ཧ་ལས་འཇུག་རྒྱུ་དེ་མ་ཡིན་པར་ཀློག་པ་པོ་ལ་ཕན་ཐོགས་རྒྱུ་དེ་ཡིན་པ་ཁྱོད་ཀྱིས་མ་ཤེས་པའམ་མ་ངེས་པའི་སྐྱོན་ལས་མ་འདས། གལ་སྲིད་ཁྱོད་ཀྱིས་མགྱོགས་པོ་རང་ཉིད་ཀྱི་སེམས་ལ་གང་དྲན་ཞིག་བྲིས་ནས་སྤེལ་བ་དེས་མི་ལ་ཕན་ཐོགས་ཀྱི་རེད་སྙམ་ན། ཁྱོད་ཀྱིས་གཞན་ལ་ཕན་འདོགས་ཟེར་བ་དེ་ཧ་ཅང་སྟབས་བདེ་བོ་དང་ལས་སླ་མོ་ཞིག་ལ་ངོས་བཟུང་བ་ཡིན་པས་གོ་རྟོགས་དེ་འདྲ་ཅན་གྱི་མི་ཡིས་གཞན་ལ་ཕན་ཐོགས་པ་ཧ་ཅང་དཀའ་སྙམ།

  དྲང་པོ་བཤད་ན་བོད་ཀྱི་རྩོམ་པ་པོའི་མང་པོའི་གསུང་འབུམ་ནི་ཁམས་སྐད་ལྟར་བཤད་ན་ཟབ་ལེ་མ་རེད་ཉོབ་ལེ་རེད་ཅེས་པ་ལྟར་རེད། བོ་དོང་པཎ་ཆེན་གྱི་གསུང་འབུམ་ལ་པོད་བརྒྱ་དང་སུམ་ཅུ་ལྷག་ཙམ་ཡོད་པས་དེང་སང་བོད་པ་མང་པོས་འཛམ་གླིང་གི་ལོ་རྒྱུས་ཐོག་གསུང་རྩོམ་མང་ཤོས་ཅན་ཡིན་པར་བཤད་ནས་ངོམ་སོ་བྱེད་ཀྱང་། དོན་དུ་འདིས་ཀྱང་གྲངས་མང་བའི་ངོམ་སོ་ལས་སྤུས་ལེགས་པའི་ངོམ་སོ་ཐུབ་པ་ཞིག་མ་རེད། བོ་དོང་པའི་གསུང་རྩོམ་ཙམ་མིན་པར་བོད་ཀྱི་མཁས་པའི་གསུང་རྩོམ་འབོར་ཆེན་ཕལ་མོ་ཆེར་ཁྱད་ཆོས་གང་ཡོད་ཅེས་དྲིས་ན་ཚང་མ་འདུས་ཡོད་ཟེར་བ་ལྟ་བུ་ལས་དམིགས་བསལ་འདི་ཡོད་ཟེར་བ་ཕལ་ཆེར་མེད་པ་ཤེས་གསལ་ལྟར་རེད།

  ཕྱི་རྒྱལ་གྱི་རྩོམ་པ་པོ་གྲགས་ཅན་རྣམས་ལ་བོད་ཀྱི་རྩོམ་པ་པོ་རྣམས་ལྟར་གསུང་འབུམ་པོད་ཉི་ཤུ་དང་སུམ་ཅུ་ཡོད་པ་ཧ་ཅང་ཉུང་། ཕལ་མོ་ཆེར་གསུང་རྩོམ་དེབ་རེ་རེ་ཙམ་དང་གསུང་རྩོམ་མང་བ་རྣམས་ལ་ཡང་དེབ་གསུམ་བཞི་ཙམ་ལས་མེད། འོན་ཀྱང་མེ་ཀི་ཝེ་ལི་གིས་བརྩམས་པའི་རྒྱལ་སྲས་ཞེས་པའི་དེབ་དེར་དེབ་ཆུང་ཞིག་གི་ཚད་གཞི་ལས་མེད་ཀྱང་། དེབ་དེ་ལ་བརྟེན་ནས་དེང་རབས་ཆབ་སྲིད་རིག་པ་གསར་གཏོད་བྱུང་ཞིང་། ད་ལྟ་ཡང་མཐོ་སློབ་མང་པོའི་སློབ་ཚན་དང་། ཆབ་སྲིད་པ་དང་ཚོང་པ་སོགས་གྲགས་ཅན་མི་སྣ་མང་པོའི་སྒེར་དེབ་ཏུ་གྱུར་ཡོད།

  འོ་ན་ང་ཚོའི་ལོ་རྒྱུས་ཀྱི་ཐོག་ཏུ་རྩོམ་པ་པོ་གྲངས་མེད་པ་དང་། དཔེ་དེབ་གྲངས་མེད་པ་ཡོད་ན་ཡང་། གཞན་ལྟ་ཞོག་བོད་རང་གི་སྤྱི་ཚོགས་འགྱུར་བ་གཏོང་ཐུབ་པའི་དཔེ་དེབ་རེ་རེ་ཙམ་ཡང་དཀོན་པའི་རྒྱུ་མཚན་གང་ལ་ཐུག་པ་རེད། ངས་ནམ་རྒྱུན་དེ་ནི་བོད་ཀྱི་རྩོམ་པ་པོ་ཚོས་བསམ་མནོ་ཡག་པོ་མ་བཏང་བར་བརྩམས་པའི་སྐྱོན་རེད་དྲན་གྱི་ཡོད། བོད་རིགས་རྩོམ་པ་པོ་མང་པོས་རྩོམ་འབྲི་མགོ་ཚུགས་རྗེས་གཞི་ནས་བསམ་བློ་གཏོང་གི་ཡོད་ལ། བསམ་བློ་བཏང་བ་དེ་ཡང་ཨོ་ཙམ་རེད། བོད་ཀྱི་རྩོམ་པ་པོ་ཕལ་མོ་ཆེ་ནི་ལུང་འདྲེན་དང་དཔེ་བཤུ་རྐྱང་བྱས་ནས་དེབ་མཐུག་པོ་འབྲི་མཁན་ཤ་སྟག་རེད།

  བོད་ཀྱི་རྩོམ་པ་པོ་རྣམས་ཀྱིས་རྩོམ་འབྲི་སྐབས་བསམ་གཞིགས་ཅི་ཙམ་བྱེད་ཀྱི་ཡོད་མེད་ང་ཚོས་དཔེ་མཚོན་མང་པོ་མི་དགོས་པར་གཅིག་གི་ཐོག་ནས་མཐོང་ཐུབ། དཔེར་ན་བོད་རིགས་ཀྱི་རྩོམ་པ་པོས་སངས་རྒྱས་ཀྱི་རྣམ་ཐར་བརྩམས་པ་ཡིན་ན་རྣམ་ཐར་གྱི་གོ་རིམ་ནི་ང་ཚོས་ཁ་མ་ཕྱེས་གོང་ནས་ཚོད་དཔགས་ནོར་བ་མེད་པར་བྱེད་ཐུབ། ཐོག་མར་སྐུ་བལྟམས་པ་དང་། བར་དུ་སངས་རྒྱས་ཤིང་། དེ་ནས་ཆོས་འཁོར་བསྐོར་བ། མཐར་མྱ་ངན་ལས་འདས་པ་ཡིན་ངེས། ད་དུང་ཐོག་མར་མཆོད་པར་བརྗོད་པ་ཞིག་དང་། གཤམ་ལ་བསྔོ་བ་སྨོན་ལམ་བཅས་བྲིས་ཡོད་ངེས་པ་རེད་ལ། བརྩམས་པའི་རྒྱུ་རྐྱེན་དང་། ཁུངས་བཅོལ་ས་སོགས་བྲིས་པ་ནི་ཧ་ཅང་དཀོན།

  དེ་ལས་ལྡོག་སྟེ་ནུབ་ཕྱོགས་ཀྱི་རྩོམ་རིག་མཁས་པ་ཞིག་གིས་སངས་རྒྱས་ཀྱི་རྣམ་ཐར་བརྩམས་ན་རྣམ་ཐར་གྱི་གོ་རིམ་ནི་ང་ཚོས་ནམ་ཡང་ཚོད་དཔག་མི་ནུས། སྐུ་གཤེགས་ས་ནས་མགོ་བརྩམས་ཏེ་སྐུ་བལྟམས་པ་ལ་མཇུག་རྫོགས་ཡོད་སྲིད་པ་རེད་ལ། སངས་རྒྱས་པ་ནས་མགོ་བརྩམས་ཏེ་ཆོས་འཁོར་བསྐོར་རྗེས། ཡར་སྐུ་བལྟམས་སར་ཕྱིན་ཏེ་དེ་ནས་རིམ་པས་མཇུག་ཏུ་སྐུ་གཤེགས་ས་བསྟན་ཡོད་ཀྱང་སྲིད་པ་རེད། དེས་གང་ཞིག་སྟོན་པ་ནི་ཁོ་ཚོས་ཀླད་པ་དཀྲུགས་དཀྲུགས་དེ་ཙམ་མ་བཏང་བར་ཡོངས་གྲགས་ལྟར་འབྲི་བའི་བྱ་བ་ཉོབ་ཏོ་དེ་འདྲ་མི་དགའ་བར་བསམ་གཞིགས་མང་ཙམ་བྱས་ཏེ་དམིགས་བསལ་གྱི་ཁྱད་ཆོས་རེ་རྩལ་འདོན་བྱེད་པར་དགའ་བས་རེད། དམིགས་བསལ་གྱི་ཁྱད་ཆོས་མེད་ན་དམིགས་བསལ་རྩོམ་དགོས་པའི་དགོས་ཆེད་མེད་པ་ཡང་བཤད་མ་དགོས་པ་རེད།

  སྤྱིར་བསམ་གཞིགས་བྱེད་པ་ནི་ནང་ཆོས་ཀྱི་རིག་གནས་ལ་མེད་པ་མ་ཡིན་པར་ནང་ཆོས་ཀྱི་ལུགས་སུ་ཐོས་བསམ་སྒོམ་གསུམ་ཞེས་འབྱུང་བ་འདི་བོད་དུ་མི་ཤེས་མཁན་དང་མི་བཤད་མཁན་མེད་པ་ལྟ་བུ་ཡིན་ཀྱང་། གནད་འགག་དངོས་ལ་ཐུག་ན་ཕལ་མོ་ཆེས་ཐོས་པ་དང་སྒོམ་པ་གཉིས་ལས་བསམ་པའི་གནད་འགག་གང་ཡིན་ཕལ་ཆེར་ཤེས་ཀྱི་མེད། ཐ་ན་དཔེ་ཆ་རྩོམ་ཐུབ་མཁན་གྱི་མཁས་པ་ཞིག་ལ་བསམ་པ་དང་སྒོམ་པ་གཉིས་ཀྱི་ས་མཚམས་གང་ནས་འབྱེད་དགོས་ཟེར་ན་ལམ་སེང་ལན་ཡག་པོ་ཁག་པོ་རེད་སྙམ།

  མི་རྟག་པ་ལྟ་བུར་མཚོན་ན་ཟ་བཞིན་དུའམ་ཡང་ན་འགྲོ་བཞིན་དུ་འདུས་བྱས་ཐམས་ཅད་མི་རྟག་པ་རེད་འདུག་གམ་མི་འདུག་བསམ་པ་འདི་ཐོས་བསམ་སྒོམ་གསུམ་ལས་བསམ་པ་རེད་དམ་སྒོམ་པ་རེད་ཅེས་དྲིས་ན་མི་ཚོས་དེ་ནི་བསམ་པ་རེད་ཅེས་ཟེར་ངེས་ཤིང་། ཡང་ཙོག་པུར་སྐྱིལ་ཀྲུང་ལ་བསྡད་ནས་དེ་ལྟར་བསམ་ན་གང་རེད་ཅེས་དྲིས་ན་མི་ཚོས་དེ་ནི་སྒོམ་པ་རེད་ཅེས་ཟེར་ངེས། དོན་དུ་བསམ་པ་དང་སྒོམ་པའི་ཁྱད་པར་གཟུགས་པོའི་རྣམ་འགྱུར་གྱིས་ཕྱེ་བ་ག་ལ་ཡིན།གང་ལྟར་ཡང་བཀའ་རྙིང་གཉིས་ཀྱིས་ས་དགེ་གཉིས་ལ་སྒོམ་པ་མེད་པའི་སྐྱོན་བརྗོད་ཅིང་། ས་དགེ་གཉིས་ཀྱིས་བཀའ་རྙིང་གཉིས་ལ་ཐོས་པ་མེད་པའི་སྐྱོན་བརྗོད་ན་ཡང་། ངས་བལྟས་ན་ས་དགེ་བཀའ་རྙིང་བཞི་ག་ལ་བསམ་པ་མེད་པའི་སྐྱོན་ཆེན་པོ་མཐོང་། མཐར་གཏུགས་ན་ཐོས་པ་ལས་ཤེས་ཡོན་འབྱུང་ཡང་། བསམ་པ་མེད་ན་རྣམ་དཔྱོད་མི་འབྱུང་ཞིང་། རྣམ་དཔྱོད་མེད་ན་ཤེས་རབ་ཟེར་བ་ནི་དེ་བས་ཀྱང་དཀའ། རྣམ་དཔྱོད་ཟེར་བ་དེ་ཡོང་བར་ཐོས་པ་བྱེད། བསམ་པ་བྱེད། བརྟགས་དཔྱད་བྱེད། ལེགས་བཅོས་བྱེད་པ་སོགས་ཀྱིས་ང་ཚོའི་བློའམ་རིག་པ་འདི་བསྲེགས་བཅད་བརྡར་གསུམ་བྱས་པའི་སྒོ་ནས་རྣམ་དཔྱོད་ཟེར་བ་དེ་ཡོང་ཐུབ་པ་ཞིག་ལས། ཀླད་པ་སྒུལ་བསྐྱོད་ཙམ་ཡང་མ་བྱས་པར་རྣམ་དཔྱོད་རང་བཞིན་གྱིས་ཡོང་སྙམ་པ་ནི་ལྷ་སའི་ཁ་སྐད་ལྟར་ན་སྐྱིད་ཐག་ཆད་པ་ཡིན་འགྲོ།

  རྣམ་དཔྱོད་ཅན་དུ་འགྱུར་རྒྱུ་ནི་ལས་སླ་མོ་མ་ཡིན་པས་ཚན་རིག་པ་ཨེན་སི་ཊེན་གྱིས་རྣམ་དཔྱོད་ཕུལ་དུ་བྱུང་བ་ཞིག་ལ་སྨྱོ་བའི་ཉེན་ཁ་མ་འཕྲད་པ་མེད་ཅེས་གསུངས་མྱོང་ཡོད། འོན་ཀྱང་ང་ཚོ་ནི་སྤྱིར་བསམ་པ་ལ་མི་དགའ་ཞིང་། ལྷག་པར་རྣམ་དཔྱོད་ཟེར་བ་དེ་ཅི་ལ་ཟེར་བ་ཡིན་ཙམ་ཡང་མི་ཤེས་པས་རྣམ་དཔྱོད་ཀྱི་ཆེད་དུ་སྨྱོ་བའི་ཉེན་ཁ་འཕྲད་པ་ལྟ་ཞོག་ཀླད་པ་ཕྲན་བུ་སྒུལ་བསྐྱོད་རྒྱག་དགོས་བྱུང་ན་ཡང་ཉོབ་སྣང་བྱེད་སྲོལ་ཡོད། དེའི་རྒྱུ་མཚན་གྱིས་ང་ཚོས་བརྩམས་པའི་རྩོམ་གྱིས་བློ་བསྐྱེད་སྟེར་མི་ནུས་ཤིང་། ང་ཚོས་བཤད་པའི་གཏམ་གྱིས་གཉིད་འགོག་མི་ཐུབ་པ་འདི་བྱུང་། ཤེས་ཡོན་དང་། ཆབ་སྲིད། དཔལ་འབྱོར་སོགས་གཞན་རྣམས་མི་ཡོང་བ་ནི་དེ་བས་ཀྱང་བཤད་མ་དགོས།

  མདོར་ན་སྐྱོན་རྩ་བ་ནས་མེད་པའི་བྱ་བ་ཞིག་བསྒྲུབ་དཀའ་ན་ཡང་། མ་མཐར་ཡང་གང་དྲག་དྲག་གིས་སྐྱོན་ཉུང་ཐབས་དང་ཡོན་ཏན་མང་ཐབས་བྱེད་པ་ནི་ང་ཚོ་ཚང་མའི་འགན་རེད། ལྷག་པར་སྤྱི་ཚོགས་ཤིག་ལ་མཚོན་ན་རྩོམ་པ་པོ་རྣམས་ནི་སྤྱི་ཚོགས་ཀྱི་ལམ་སྟོན་པ་ཡིན་པས་དེ་དག་གིས་རྩོམ་གང་མང་འབྲི་བ་ཙམ་མིན་པར་རྩོམ་འབྲི་བར་ཐོག་མཐའ་བར་གསུམ་དུ་བསམ་གཞིགས་མང་ཙམ་བྱ་དགོས་ཤིང་། རྩོམ་འབྲི་བ་ན་ཡང་ངེས་པར་དུ་འགན་ཁུར་ནས་འབྲི་དགོས། ཞུ་དག་ཙམ་ཡང་བྱེད་མི་ཐུབ་པའི་མི་དེས་རྩོམ་པ་པོའི་འགན་ཞིག་ག་ལ་ཁུར་ཐུབ། ནོར་བ་ལ་ཁག་མེད་ཀྱང་། རྐང་བཙུགས་ནས་ནོར་ན་ཡང་ནོར་བཅུག་པ་ནི་ཐ་ཤལ་གྱི་བྱ་སྤྱོད་རེད།

  གོང་དུ་བཤད་པ་ལྟར། ད་ལྟའི་བར་བོད་ལ་ཆོས་ལུགས་གཙོ་བོར་གྱུར་པའི་རྩོམ་པ་པོ་གྲངས་མེད་པ་བྱུང་ཡོད་ཅིང་། གསུང་འབུམ་ཡང་གྲངས་མེད་པ་ཡོད་ཀྱང་། དམིགས་བསལ་གྱི་ནང་དོན་ཡོད་པའི་གསུང་རྩོམ་ཧ་ཅང་དཀོན་ཞིང་། སྤྱི་ཚོགས་ཀྱི་ལམ་སྟོན་ནུས་པའི་རྩོམ་པ་པོ་ཧ་ཅང་དཀོན་པ་ཡང་སྲོལ་རྒྱུན་དང་ཆོས་ལུགས་ཀྱི་ཤུགས་རྐྱེན་གྱིས་རྩོམ་པ་པོ་ཕལ་མོ་ཆེས་ང་ཚོར་ཉེ་བར་མཁོ་བའི་གནས་ལུགས་ཆ་ཚང་རྙེད་ཟིན་ཅིང་། ཤེས་ཚར་བས་གནས་ལུགས་རང་ཉིད་ཀྱིས་དེ་དག་ཁ་གསལ་དུ་གཏོང་བའམ་བསྐྱར་འགྲེལ་ཙམ་ལས་མི་དགོས་སྣང་ཤར་བའི་ཐོག་ཏུ། ད་དུང་དེ་ལས་ཚབས་ཆེ་བར་དེ་ཚོ་མང་པོས་རྩོམ་པ་པོའི་འགན་ཁུར་གང་ཡིན་མི་ཤེས་ཤིང་། ཤེས་ཀྱང་འགན་མི་ཁུར་བ་ནི་རང་དབང་ཟེར་བ་ལ་ངན་ལངས་ཤོར་བ་ལ་བརྟེན་ནས་ཡིན་པའི་ལྟ་ཚུལ་ང་ལ་སླེབ་ཀྱི་ཡོད།

  འདས་པ་ཙམ་མིན་པར་ད་ལྟའི་དུས་སུ་ཡང་། ང་རང་ལྟ་བུ་རྩོམ་པ་པོ་ཡིན་པར་རློམ་པ་རྣམས་ལས་ཕལ་མོ་ཆེ་ནི་རང་གི་བསམ་ཚུལ་སྟོན་ཐུབ་ཙམ་རྐྱང་ཡིན་པ་ཟུར་བལྟས་ལེབ་མཐོང་རེད། ང་ཚོའི་སྤྱི་ཚོགས་སུ་ཤེས་ཡོན་པ་དང་རྩོམ་པ་པོར་གྲགས་པ་ཕལ་མོ་ཆེ་རྣམས་ཡང་ན་སྲོལ་རྒྱུན་གྱི་རིག་གནས་རྒྱུན་འཛིན་བྱེད་མཁན་དང་། ཡང་ན་ཕྱི་རྒྱལ་གྱི་རིག་གནས་ནང་འདྲེན་བྱེད་མཁན་ཙམ་ལས་སྤྱི་ཚོགས་ལ་དགོས་པའི་ཤེས་ཡོན་དང་རིག་གནས་གསར་གཏོད་ཐུབ་པ་ལྟ་ཞོག དེ་ལྟར་དགོས་པ་ཤེས་མཁན་དང་སེམས་མཁན་ཙམ་ཡང་ཧ་ཅང་དཀོན།

  ང་ཚོའི་རྩོམ་པ་པོ་མང་པོ་ཞིག་ནི་ང་ཚོའི་སྤྱི་ཚོགས་འདིར་རང་གི་མིང་དག་པོ་ཙམ་ཡང་འབྲི་མི་ཤེས་པའི་མི་འབོར་མང་བ་དེས་རྩོམ་པ་པོ་རང་གིས་རང་ཉིད་མཁས་པར་རློམས་ཤིང་། གཞན་གྱིས་ཀྱང་མངོན་པར་བསྟོད་ན་ཡང་། དོན་དངོས་སུ་འཛམ་གླིང་སྤྱི་ཡོངས་ལྟ་ཞོག བོད་རང་གི་མི་རིགས་ལ་ལམ་སྟོན་ཐུབ་མཁན་ཡང་སྲིད་པ་ཙམ་ཡིན་དུས། ད་དུང་ཡང་འཛམ་གླིང་ཤེས་རིག་གི་ངོས་ནས་བསམས་ན་ང་ཚོ་ངོ་ཚ་དགོས་པ་ལས་ངོམ་དགོས་པའི་དུས་ཚོད་ཅིག་ལ་སླེབས་མེད་པ་ཤེས་དགོས་སྙམ།

  ཉེ་བའི་ལོ་ཤས་ནང་དུ་འཕྲིན་སྟེགས་འདྲ་མིན་གྱི་བཀའ་དྲིན་གྱིས་བོད་ཀྱི་རྩོམ་པ་པོ་ཡོངས་སུ་གྲགས་པ་དང་མ་གྲགས་པའི་རྩོམ་རིང་ཐུང་མང་པོ་ཞིག་ཀློག་རྒྱུ་བྱུང་བ་ལས། ཚིག་སྦྱོར་ཕུན་སུམ་ཚོགས་པའི་རྩོམ་པ་པོ་མང་པོ་མཐོང་ན་ཡང་། ནང་དོན་གྱི་ཆ་ནས་ཅུང་དམིགས་བསལ་དང་ཕན་ཐོགས་ཅན་སྐབས་རེ་ཙམ་ན་མཐོང་བ་ན་ཡག་པོ་ལྟ་སྐབས་དེ་ནི་བོད་རྩོམ་མ་ཡིན་པར་སྒྱུར་རྩོམ་ཡིན་པར་མཐོང་བ་དེས་མི་རིགས་ཤིག་གི་ངོས་ནས་བཤད་ན་མི་བདེ་བའི་ཚོར་བ་ཞིག་སྐྱེ་མྱོང་། སྒྱུར་རྩོམ་ཕར་ཕུད་པའི་གཞན་ཕལ་མོ་ཆེ་ནི་ལོ་རྒྱུས་ཀྱི་ཞིབ་འཇུག་ཙམ་ལས་ཀློག་ན་ཕན་ཐོགས་དེ་ཙམ་ཡོད་པ་ཞིག་མ་རེད།

  ངས་རྒྱ་གར་དང་འབྲུག་སོགས་ས་ཁུལ་གང་སར་ཡོད་པའི་བོད་རིག་པའི་དཔེ་མཛོད་ཁང་གྲགས་ཅན་ཕལ་མོ་ཆེའི་དཔེ་ཆ་གསར་རྙིང་ཧ་ཅང་མང་པོར་ལྟ་མྱོང་ཡང་། བོད་ཀྱི་གནའ་དེང་གི་རྩོམ་པ་པོ་སུ་ཡི་གསུང་རྩོམ་ལ་བལྟས་ཀྱང་། རྩོམ་པ་པོ་འདི་མཁས་པ་རེད་འདུག མཐོང་རྒྱ་ཆེ་འདུག ཐོས་རྒྱ་ཆེ་འདུག ལུང་མང་འདུག རིགས་པ་མཚར་འདུག ཚིག་སྦྱོར་སྙན་འདུག གསུང་འབུམ་མང་འདུག་དྲན་བྱེད་ལས། རྩོམ་པ་པོ་འདི་དངོས་གནས་རྩོམ་པ་པོ་ཚད་ལྡན་རེད་འདུག འདི་དངོས་གནས་བསམ་བློའི་ཚད་གཞི་མཐོ་འདུག འདི་ལ་དངོས་གནས་གསར་གཏོད་ཀྱི་རྣམ་དཔྱོད་འདུག འདི་དངོས་གནས་ནང་པ་ཙམ་མིན་པར་སྡིང་ཆ་གཞན་ལ་ངོམ་ན་ཡང་ངོམ་རིན་ཆོག་པ་ཞིག་རེད་འདུག འདིས་དངོས་གནས་བསམ་གཞིགས་ནན་མོ་བྱས་ནས་རྩོམ་དང་དཔེ་དེབ་འདི་བྲིས་འདུག་སྙམ་པ་ད་ལྟའི་བར་རེ་ཟུང་ཙམ་ལས་མཐོང་མྱོང་མེད།

  འདི་ལྟར་བྱུང་བ་ཡང་ངས་ནི་ང་ཚོའི་མི་རིགས་ལ་རིག་པ་དང་རྣམ་དཔྱོད་མེད་པས་མ་ཡིན་པར་ང་ཚོར་ཀླད་པ་སྒུལ་བསྐྱོད་བརྒྱབ་ནས་བསམ་གཞིགས་ནན་པོ་བྱེད་པའི་གོམས་སྲོལ་དང་རིག་གཞུང་རྩ་བ་ནས་མེད་པས་ལན་པར་མཐོང་། དེས་ན་ཕྱིན་ཆད་བོད་ཀྱི་མི་རིགས་དང་རིག་གནས་ལ་བསམ་བློ་ཅུང་གཏོང་ཤེས་མཁན་གྱི་རྩོམ་པ་པོ་རྣམས་ཀྱིས་རྩོམ་འབྲི་བ་ན་དགོས་མེད་ཀྱི་བྲེལ་བ་མ་ཆེ་བར་ཀླད་པ་མང་ཙམ་དཀྲུགས། བསམ་བློ་མང་ཙམ་གཏོང་། གཟབ་ནན་ཆེ་ཙམ་བྱེད་པ་ཤིན་ཏུ་ནས་གལ་ཆེ་བར་མཐོང་།

  གཞན་དུ་ན་རྩོམ་པ་པོ་ཞེས་གྲགས་ཀྱང་། དོན་དམ་དུ་ཡིག་རྨོངས་ཀྱི་དཀའ་ངལ་ལས་ཐར་ཟིན་པས་གཞན་གྱིས་བཤད་པ་ལྟ་ཀློག་ཐུབ་ཙམ་དང་། རང་གི་སེམས་ཚོར་དང་བསམ་ཚུལ་བརྗོད་ཐུབ་པ་ཙམ་ལས་མཁས་པ་དང་། བསམ་བློ་བ་དང་། རྩོམ་པ་པོ་དངོས་ཀྱི་མཚན་ཉིད་ཚང་མེད་ཅིང་། གལ་ནུས་འདོན་ཐུབ་མེད་པ་དེ་ནམ་ཡང་བརྗེད་མི་རུང་བར་ཞུ།།

རྩོམ་སྒྲིག་པ། དབང་མོ།

                 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)    

རྩོམ་ཁུངས། བོད་ཀྱི་མིང་མཛོད།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཀྱི་རྩོམ་པ་པོ་རྣམས་ལ་འབོད་སྐུལ།

2018-11-23 རྩིས་ཆེ་ལེགས་མཐོང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།