སྙན་དེབ《བདག་གི་རྟ་ཕོ》ཡི་ཇུས་འགོད་སྐོར་རགས་ཙམ་གླེང་བ།

ཀརྨ་རྡོ་རྗེ་ཚེ་རིང་།(པེ་ཅིང) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2019-08-27

དང་པོ། གོ་སྐབས་དང་ལྷན་འཛོམས།

  སྤྱི་ལོ་2018ལོའི་ཉིན་ཞིག་ལ། ན་གཞོན་སྙན་ངག་པ་གནམ་ལྷ་རྒྱལ་ལམ་སྙན་བུ་ངའི་གཞུང་སྒྲུང་ཁང་དུ་ཡོང་ནས་ང་ལ་ཁོའི་སྙན་དེབ་ཅིག་དཔར་རྩིས་ཡོད་ཅིང་། ང་ལ་བར་བཅུག་གི་རི་མོ་འགའ་དང་དཔེ་དེབ་ཇུས་འགོད་ཐད་ནས་རོགས་རམ་ཞིག་གནང་རོགས་ཞེས་བརྗོད་བྱུང་།

  ཐོག་མར། གནམ་ལྷ་རྒྱལ་ནི་ངའི་བུ་དང་ན་ཚོད་མཉམ་པ་དང་། ངེད་གཉིས་ལས་དབང་ཞིག་གིས་ལས་གྲོགས་སུ་ཡང་གྱུར་བས་ན། ཁོ་བོ་ལས་བྱེད་རྒན་པ་ཞིག་ཡིན་པའི་ངོས་ཐད་ནས་ན་གཞོན་ཁོ་ལ་སྐུལ་སློང་དང་རྒྱབ་སྐྱོར་ཞིག་ཅིས་ཀྱང་བྱེད་དགོས་སྙམ། བར་དུ། ཁོ་བོ་ཡང་གནམ་ལྷ་རྒྱལ་གྱི་ལོ་ཐོག་དེ་བརྒྱུད་ནས་ཡོང་བ་ཡིན་པས། ན་གཞོན་དག་གི་ཕུགས་བསམ་རྟོགས་ལ། ཕུགས་བསམ་དང་དངོས་ཡོད་དབར་གྱི་བར་ཐག་ཀྱང་ཧ་གོ་བས། ད་ཆ་རང་ཉིད་ལས་བྱེད་རྒན་པ་ཞིག་ཏུ་ཆགས་ཡོད་ཕྱིར་ན་གཞོན་ཚོའི་ཕུགས་བསམ་མངོན་འགྱུར་ཡོང་བར་ཅི་ནུས་སྒོས་རོགས་རམ་བྱེད་པ་དེ་རང་གི་འོས་འགན་ཞིག་ཀྱང་ཡིན་པར་འདོད། ཐ་མར། རང་ཉིད་ལས་འཁྱུར་ངལ་གསོ་མ་བྱས་པའི་ཡར་སྔོན་དུ། ཅི་ནུས་གང་ལྕོགས་ཀྱིས་དུས་སྐབས་གསར་པའི་ན་གཞོན་དག་ལ་སྲི་ཞུ་ཅུང་ཙམ་བསྒྲུབ་ཐུབ་ན་དེ་ཡང་བསམ་དོན་གང་ཞིག་འགྲུབ་སོང་བ་ཅི་ལ་མིན་ནམ་སྙམ། གོང་གསལ་རྒྱུ་མཚན་འདི་དག་གཞིར་བཅས། ངས་གནམ་ལྷ་རྒྱལ་གྱི་སྙན་ངག་ཁ་ཤས་ཞིབ་ཏུ་བཀླགས་པའི་མོད་ལ་ཡིད་ཀྱི་དང་བ་དྲངས་བྱུང་། གནམ་ལྷ་རྒྱལ་ནི་མཚོ་སྔོན་པོའི་ཉེ་འགྲམ་གྱི་འབྲོག་སྡེ་ཞིག་ཏུ་མཚར་ལོངས་བྱུང་བ་ཡིན་ཞིང་། ཁོ་རྟ་ལ་དགའ་བ་མ་ཟད་ཁོའི་ཨ་ཕ་ཡང་རྟ་ལ་ཧ་ཅང་དགའ་བོ་འདུག སྙན་དེབ་《བདག་གི་རྟ་ཕོ》ཞེས་པ་འདི་ཁོའི་སྙན་དེབ་ཐོག་མ་དེ་ཡིན་ལ། སྙན་དེབ་ནང་དུ་ཁོས་ཉིས་སྟོང་བཅོ་ལྔ་ལོ་ནས་བྲིས་པའི་སྙན་ངག་ལྔ་བརྒྱ་ལྷག་ལས་ཉུང་བསྡུས་བྱས་ཏེ་མཐར་སྙན་ངག་116མ་གཏོགས་བདམས་མེད། ཁོ་རང་ངོས་ནས་སྙན་དེབ་འདི་ལ་ཕྱིར་དྲན་གྱི་དོན་སྙིང་ངེས་ཅན་ལྡན་ལ། ལྷག་པར་ད་ལོའི་ཟླ་བདུན་པར་གནམ་ལྷ་རྒྱལ་ཤེས་རམས་ཞིབ་འཇུག་སློབ་མ་བདེ་བླག་ངང་མཐར་ཕྱིན་པ་ཡིན་པས། སྙན་དེབ་འདི་ཉིད་ཁོའི་རང་ཉིད་ལ་ཕུལ་བའི་ལེགས་སྐྱེས་ཤིག་ཀྱང་ཡིན་ཞེས་བརྗོད་ཆོག

གཉིས་པ། ཇུས་འགོད་ཀྱི་རྒྱུ་ཆ་གཙོ་བོ་རྩོམ་ཆོས་ལས་བྱུང་།

  དཔེ་དེབ་ལེགས་པོ་ཞིག་ཇུས་འགོད་བྱ་དགོས་ན། གནད་དོན་གཙོ་བོ་རྩོམ་ཆོས་རང་སྟེང་ན་ཡོད་དེ། རྩོམ་ཆོས་ཀྱི་ནང་དོན་གྱིས་ཇུས་འགོད་པའི་ཡིད་ཀྱི་དང་བ་འདྲེན་ཐུབ་པ་བྱུང་ཚེ། ཇུས་འགོད་ཀྱི་ཁྱད་ཆོས་ཡོད་དོ་ཅོག་ད་གཟོད་རྩོམ་ཆོས་དང་འབྲལ་ཐབས་མེད་ཅིང་། ཁྱད་ཆོས་དེས་དཔེ་དེབ་ཀྱི་གཟུགས་དབྱིབས་ཇི་འདྲ་ཞིག་ཡོང་བ་ཐག་གཅོད་པ་ཡིན།

  《བདག་གི་རྟ་ཕོ》ཞེས་པའི་སྙན་དེབ་འདི་ཉིད་ཀྱི་ཁ་དོག་སྔོན་པོ་བདམས་པ་ནི་གཙོ་བོ་རྩོམ་པ་པོའི་སྐྱེ་ས་སྐྱེ་ཡུལ་དང་འབྲེལ་བ་ཡོད་དེ། རྩོམ་པ་པོ་ནི་མཚོ་སྔོན་པོའི་ཉེ་འགྲམ་གྱི་འབྲོག་སྡེ་ཞིག་ཏུ་སྐྱེས་པ་ཡིན་ཕྱིར། མཚོ་སྔོན་པོའི་མཚོན་དོན་དང་སྙན་ངག་གི་མཛེས་རྟོག་གཉིས་ཟུང་དུ་སྦྲེལ་ཡོད། སྙན་དེབ་མདུན་ངོས་ཀྱི་དངུལ་རིས་ཚ་བརྐོས་མ་རུ་བསྒྱུར་བའི་རི་མོ་དེ་ཉིད་ནི་བར་བཅུག་གི་རི་མོ་ལས་རྟ་ཕོ་དང་གཞོན་ནུ་གཉིས་བདམས་ཏེ། དེ་གཉིས་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བས་གྲུབ་པས་ན། མཚོན་དོན་གྱི་ངོས་ནས་བརྗོད་ན་དེ་ལ་ཟུང་ལྡན་གྱི་དོན་སྙིང་མཆིས། མདུན་ཤོག་གི་ཤོག་གུ་ཡང་སྔོ་ནག་ཡིན་ལ་སྟེང་དུ་དངུལ་ཁྲའི་འོད་ཐིག་ལྟ་བུ་ཡོད་པ་དེ་ཡང་མདུན་ཤོག་གི་བརྗོད་སྙིང་དང་སྒོ་ཀུན་ནས་བསྟུན་པ་ཡིན། མ་ཟད་ས་བཅད་རེ་རེའི་སྔོན་དུ་རྩོམ་པ་པོའི་ལག་བྲིས་སྙན་ངག་རེ་རི་མོའི་གཟུགས་སུ་བཀོད་པ་དེས་སྙན་དེབ་འདི་ལ་ཚད་ལྡན་ཡིག་ཆའི་རིན་ཐང་ཞིག་ཀྱང་ཟུར་དུ་བསྣན་ཡོད། གཞན་ཞིག་ནི་སྙན་དེབ་ཀྱི་པར་ངོས་བཀོད་སྒྲིག་སྟེ། པར་ངོས་ནི་ཤོག་རྐྱང་དཀར་པོ་མ་ཡིན་པར་གཡས་གཡོན་དུ་ཚོན་མདོག་དཀར་པོ་དང་སྔོན་པོ་ཡིན་པའི་རྟ་མཆོག་ཅིག་མདུན་ལ་བང་གིས་སྐྱོད་པའི་བར་བཅུག་རི་མོ་ཡིས་ཕན་ཚུན་གདགས་སྲིབ་ལྟ་བུས་གྲུབ་པ་དང་། དེ་ཡིས་པར་ངོས་ཀྱི་བར་སྟོང་ལ་མཆོངས་སྐྱོད་རང་བཞིན་ཡོད་ལ་ཕན་ཚུན་དལ་ལྷོད་འཚམ་པོ་ཞིག་ཀྱང་ཡིན་ནོ།།

གསུམ་པ། དེབ་ཚད་ཀྱི་རྣམ་པས་དཔེ་དེབ་ལ་སྒེག་ཉམས་དོད་པ།

  སྤྱིའི་ཆ་ནས་བལྟས་ན། སྙན་བུའི་སྙན་ངག་དག་ནི་ཐུང་ཡང་ཐུང་ལ་ཉུང་ཡང་ཉུང་བའི་ཁྱད་ཆོས་ཤིག་ཡོད་གཤིས། དེབ་ཚད་48(རིང་ཐུང་ཚད་གཞི105X175mm)གཏན་དུ་ཁེལ་ན་《བདག་གི་རྟ་ཕོ》ཞེས་པའི་སྙན་དེབ་འདི་ཡི་བརྗོད་བྱ་མཚོན་ཐུབ་ལ་སྟོབས་ཤུགས་ཀྱང་མངོན་ཐུབ་པ་རེད།

  པར་ངོས་ནང་གི་ཡི་གེ་བཀོད་སྒྲིག་བྱེད་སྟངས་ཀྱིས་དཔེ་དེབ་ཀྱི་སྤྱིའི་མཛེས་ཉམས་དོད་ཐུབ་པས་ན། ང་ཚོའི་སྙན་དེབ་འདི་ཡི་ཡིག་གཟུགས་དང་ཡི་གེའི་ཆེ་ཆུང་སོགས་འདེམས་པའི་ཚེ། སྙན་ངག་སྔ་ཕྱིའི་སྒྲིག་སྟངས་དང་པར་ངོས་ཤོང་ཚད་ཀྱི་འགྱུར་བ། ད་དུང་ཚིག་རྐང་སྔ་ཕྱིའི་བར་ཐག་དང་ཚེག་ཁྱིམ་རེ་རེའི་དམ་ལྷོད་བཅས་ལ་བསམ་བློ་ཞིབ་ཏུ་བཏང་ནས་གཏན་འབེབ་བྱས་པ་ཡིན། རྒྱུ་མཚན་ནི་དེབ་ཚད་ཆུང་བའི་ནང་དུ་ཡིག་གཟུགས་ཆེ་དྲགས་ན་དེ་གཉིས་ཀྱི་བསྡུར་ཚད་དོ་མི་མཉམ་པ་དང་། དཔེ་དེབ་ཧྲིལ་བོའི་མཛེས་ཚོར་ལའང་བར་ཆད་བཟོ་ལེ་ཆེ་སྙམ་པས་དུས་ཡུན་རིང་བོར་དེ་དོན་དུ་གྲོས་བསྡུར་དང་ཚོད་ལྟ་མང་པོ་བྱས་པ་ཡིན།

  དཔེ་དེབ་ཁ་འབྱེད་དུས་ཀློག་བདེ་ཞིང་ཤོག་ལྷེ་རེ་རེ་ཕར་སློག་དུས་ལྷོད་ཡང་གི་ཚོར་བ་སྐྱིད་པོ་ཞིག་ཡོང་བའི་ཕྱིར་དུ། འཚེམ་སྦྱོར་བྱེད་སྟངས་ནི་དེང་གི་དར་ཆེ་བའི་འབྱར་བག་གི་བཟོ་སྟངས་དེ་ཡོངས་སུ་སྤངས་ཏེ། སྐུད་བཙེམ་སྒལ་ཚིགས་ཅན་གྱི་བཟོ་སྟངས་དེ་བདམས་ཤིང་། སྙན་དེབ་སྤྱིའི་ཁ་དོག་སྔོ་ཞིང་ནག་པའི་སྡེབ་ཁ་དང་ཡང་ཧ་ཅང་མཐུན་པོ་ཡོང་ཕྱིར་དུ། འཚེམ་བྱེད་སྐུད་པ་ནི་དར་སྐུད་སྔོན་པོ་སྤྱད་པ་ཡིན། གཞན་སྙན་དེབ་འདི་ཡི་དེབ་ཁ(书口)་རུ་ཡང་ཚོན་རྩི་སྔོན་པོ་བྱུགས་ཡོད་པས་འདི་ཡང་སྙན་དེབ་འདིའི་ཁྱད་ཆོས་གསར་པ་ཞིག་ཏུ་བརྩིས་ཆོག མདོར་ན་དར་སྐུད་སྔོན་པོ་ནི་སྙན་དེབ་འདི་ཡི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཏེ། དེབ་ཁ་ངོས་གསུམ་པོ་དང་ཕྱི་ནང་གི་ཁ་དོག་སོགས་ཕན་ཚུན་ཡག་ཐོག་རྒྱན་བརྩེགས་ཀྱི་ནུས་པ་ཐོན་ཡོད་པས་ན། སྙན་དེབ་སྤྱི་ལ་འཆམ་མཐུན་དང་སྡེབ་ལེགས། ད་དུང་སྔོ་མདོག་གི་མཛེས་ཉམས་བཅས་ཀྱི་ཁྱད་ཆོས་ཤིག་བསྩལ་འདུག་གོ།

བཞི་པ། བར་བཅུག་གི་རི་མོས་དཔེ་དེབ་ཀྱི་མཛེས་ཉམས་མངོན་པ།

  བར་བཅུག་གི་རི་མོ་ནི་རྩོམ་ཆོས་ཀྱི་ཁྱད་ཆོས་དང་སྙན་ངག་གི་མཚོན་དོན་ལ་ཅིས་ཀྱང་མཐུན་པོ་ཡོང་དགོས། 《བདག་གི་རྟ་ཕོ》་ཡི་རྩོམ་པ་པོ་ནི་མཚོ་སྔོན་པོའི་ཉེ་འགྲམ་དུ་མཚར་ལོངས་བྱུང་བ་དང་། ཁོའི་སྙན་ངག་དུའང་རྟ་ཕོ་དང་ཨ་ཕ། རྩྭ་ཐང་དང་ནམ་མཁའ། ད་དུང་རང་ཉིད་བཅས་ཐ་སྙད་འདི་དག་རེས་མོས་སུ་འབྱུང་གིན་འདུག་པས་ན། ཕྱོགས་འདི་དག་གཞིར་བཟུང་སྟེ་འོས་འཚམ་གྱིས་མཚོན་དགོས་ལ། སྙན་ངག་གི་རོ་བྲོ་ཡང་ལྡན་པ། སྒྱུ་རྩལ་གྱི་ཁྱད་ཆོས་ཡང་མངའ་བ། སྨྱུག་ཁ་ཡང་སྟབས་བདེ་ཞིབ་ཚགས་ཡིན་པ་བཅས་ཀྱི་སྒོ་ནས་ཕྱིར་མཚོན་བྱ་དགོས། བར་བཅུག་གི་རི་མོ་འདི་དག་ལ་དགོས་པ་ག་རེ་ཡོད་ཅེ་ན། ལྟ་ཀློག་གི་མཛེས་པ་སྐྱེད་ཐུབ་ཅིང་སྙན་དེབ་ལ་མཚོན་ནའང་ཚད་ངེས་ཅན་ཞིག་ནས་མཐོ་རུ་འཕགས་པའི་དོན་སྙིང་ཅི་ཞིག་འཛོམས་པ་མ་ཟད། ལྟ་ཀློག་སྐབས་སུ་ཀློག་པ་པོ་ལ་ངལ་གསོའི་བར་གླགས་ཡག་པོ་ཞིག་ཀྱང་བསྐྲུན་ཐུབ་པའོ།།

ལྔ་པ། བོད་ཡིག་སྙན་དེབ་ཀྱི་དཔེ་དེབ་ཇུས་འགོད་འཚོལ་སྙེག

  《བདག་གི་རྟ་ཕོ》ཞེས་པའི་སྙན་དེབ་འདི་ཡིས་བོད་ཡིག་གི་སྙན་དེབ་དཔར་སྐྲུན་དང་དཔེ་དེབ་ཇུས་འགོད་ཐད་ལ་མིག་གི་ཚོར་ཤེས་གསར་པ་ཞིག་སྦྱིན་ཐུབ་པ་ནི་བསྙོན་དུ་མེད། འདི་ནི་ཁོ་བོས་ལོ་ངོ་དུ་མའི་རིང་ལ་དཔེ་དེབ་ཇུས་འགོད་ཀྱི་ལས་ཀ་གཉེར་བའི་གོ་རིམ་ཁྲོད་རང་ནུས་ཀྱིས་འཚོལ་སྙེག་བྱས་ཏེ་འོངས་པའི་ཁ་ཕྱོགས་ཤིག་ཡིན་ལ། སླད་ཕྱིན་ཡང་བོད་ཡིག་གི་དཔེ་སྐྲུན་ལས་ཁུངས་དང་རྩོམ་པ་པོ་རྣམས་ཀྱིས་འཚོལ་སྙེག་བྱ་དགོས་པའི་སྒྱུ་རྩལ་མཛེས་རིགས་ཀྱི་ཁ་ཕྱོགས་ཤིག་ཏུ་འགྱུར་བའི་རེ་བ་ཡང་ཡིན། 《བདག་གི་རྟ་ཕོ》ནི་བལྟས་ཚོད་ཀྱིས་སྙན་དེབ་ཆུང་ངུ་ཞིག་ཡིན་ནའང་། སྙན་དེབ་འདི་ལས་དུས་རབས་གསར་པའི་ན་གཞོན་དག་ལ་འཛོམ་འོས་པའི་རྣམ་པ་གསར་པ་དང་ཚེ་སྲོག་གསར་པའི་འོད་ཟེར་ཞིག་འཚེར་བཞིན་ཡོད་དོ་སྙམ།།

དྲུག་པ། ཇུས་འགོད་ཀྱིས་དཔེ་ཀློག་གི་ཁ་ཕྱོགས་བསྒྱུར་བ།

  དཔེ་དེབ་ཇུས་འགོད་ནི་མ་རྩ་འདང་ཚོད་ཅིག་གི་ཆ་རྐྱེན་འོག་ཏུ་ཇུས་འགོད་ལག་བསྟར་བྱ་བའི་ལས་ཀ་ཞིག་ཡིན་ཏེ། མ་རྩ་སྔོན་རྩིས་ཀྱི་གྲགས་ཀ་ལ་རྒྱུན་ལོན་བྱུང་རྗེས། ཚོན་ཁྲ་དང་ལས་བཟོ། ཤོག་གུའི་སྤུས་ཀ་དང་པར་ངོས་ཤོང་ཚད་སོགས་གཏན་ཚིགས་ཀྱི་འབྲེལ་བ་རབ་དང་རིམ་པའི་སྒྲོམ་གཞི་ལ་བརྟེན་ནས། ད་གཟོད་དཔེ་དེབ་སྤྱིའི་རྣམ་པ་འབུར་དུ་ཐོན་ཐུབ་ལ། ཀློག་པ་པོ་ལའང་ལྟ་ཀློག་གི་སྤྲོ་སྣང་དང་། རེག་བྱའི་བདེ་སྣང་སོགས་གང་བཟང་ཅི་ལེགས་བསྐྲུན་དགོས་པ་ཞིག་ཡིན། དེ་ནི་སྐུ་ཞབས་ལུའུ་ཅིན་རིན་ལགས་ཀྱིས་གསུངས་པ་ལྟར་ཡིན་ཏེ། “རྒྱུ་ཆ་དང་ལས་བཟོ་གཉིས་གོ་རིམ་ལྡན་ཞིང་ལུགས་དང་མཐུན་པའི་སྒོ་ནས་སྡེབ་སྦྱོར་ལེགས་པོ་བྱས་ཏེ། མཐོང་ཚོར་དང་། རེག་ཚོར་དང་། སྣོམ་ཚོར་དང་། གསན་ཚོར་དང་། རོ་ཚོར་བཅས་ཚོར་ཤེས་ལྔ་ཡི་མཛེས་པ་མངོན་ཐུབ་པ་ཞིག་ཅིས་ཀྱང་ཡིན་དགོས།”

  དེང་སྐབས། ལོ་རེའི་ཟླ་བཅུ་གཅིག་པའི་ནང་དུ་《ཀྲུང་གོའི་ཆེས་མཛེས་པའི་དཔེ་དེབ》ཀྱི་གཟེངས་རྟགས་ཐོབ་པའི་དཔེ་དེབ་སྤྱི་བསྒྲགས་བྱས་རྗེས། མི་མང་པོ་ཞིག་གིས་བྱ་དགའི་རིམ་པ་ལྟར་ཆེས་མཛེས་པའི་དཔེ་དེབ་མངག་ཉོ་བྱེད་ཀྱིན་ཡོད་དོ། །

བདུན་པ། དཔེ་དེབ་ཇུས་འགོད་ཀྱི་གནས་སྟངས་ལ་འགྱུར་ལྡོག་འབྱུང་བཞིན་ཡོད།

  དཔེ་དེབ་ཇུས་འགོད་ནི་རྩོམ་ཆོས་ཀྱི་ལྟ་ཀློག་ལ་ཞབས་ཞུ་སྒྲུབ་པ་ཁོ་ན་མིན་ཏེ། མཛེས་དཔྱོད་ཀྱི་ལྟ་བ་ཁྱབ་སྒྲོག་བྱེད་པའི་ནུས་པའང་ལྡན། དཔེ་དེབ་མཛེས་པོ་ཞིག་ཡིན་ན་ཀློག་པ་པོའི་མཛེས་རིག་ལ་ཁ་ཕྱོགས་སྟོན་པ་དང་ལྟ་ཀློག་གི་གོམས་སྲོལ་བསྒྱུར་བ། ད་དུང་མིང་གྲགས་བརྩམས་ཆོས་ཀྱི་མཛེས་དཔྱོད་ལ་ངོས་འཛིན་བྱེད་པ་བཅས་ཀྱི་ཐད་ལ་དོན་སྙིང་ཆེན་པོ་ཡོད། དཔེ་དེབ་ནི་སྒྱུ་རྩལ་བརྩམས་ཆོས་སུ་བགྲང་མི་རུང་མོད། འོན་ཀྱང་ཇུས་འགོད་ལེགས་པའི་བརྩམས་ཆོས་ནི་སྒྱུ་རྩལ་གྱི་ཐོས་རྫས་ཤིག་ཏུ་མི་འགྱུར་བའི་ངེས་པ་མེད། དེང་སང་། དཔེ་དེབ་ཇུས་འགོད་ཀྱི་ཁ་ཕྱོགས་ནི་ཉུང་ཚོགས་ཅན(小众)དང་ཉར་ཚགས་ཅན་ལ་འགྱུར་བཞིན་ཡོད་སྟབས། ལག་བཟོ་རྣལ་མའི་སྤུས་དག་དཔེ་དེབ་ཀྱི་འཚོལ་སྙེག་ལ་འཇུག་མཁན་ཇེ་མང་དུ་འགྲོ་བཞིན་མཆི། དེ་མཚུངས་སུ་མ་རྩའི་འགྲོ་གྲོན་དང་དེབ་ཚད་ཀྱི་ངོ་བོ་ཡང་ཇེ་ཆེར་འགྲོ་བ་དང་བསྟུན་ནས། ཇུས་འགོད་པ་ཡི་ངལ་རྩོལ་དང་གསར་བཟོའི་རིན་ཐང་ལ་ཡང་རིམ་གྱིས་ཁས་ལེན་དང་གདེང་འཇོག་ཐོབ་ཀྱིན་འདུག ཉེ་བའི་ལོ་འདི་དག་ལ་ཇུས་འགོད་པ་གང་མང་ཞིག་གིས་དཔེ་སྐྲུན་ལས་ཁུངས་ཀྱི་མཛེས་རྩལ་རྩོམ་སྒྲིག་གི་ལས་ཀ་བསྐྱུར་ཏེ། མི་སྒེར་གྱི་ཇུས་འགོད་ལས་སྒྲུབ་ཁང་འཛུགས་མཁན་ཡང་མང་པོ་མཐོང་རྒྱུ་འདུག སྣང་ཚུལ་འདི་ཡིས་ཏག་ཏག་དཔེ་དེབ་ཇུས་འགོད་ཀྱི་གནས་སྟངས་རིམ་གྱིས་འགྱུར་བཞིན་ཡོད་པ་ར་སྤྲོད་བྱེད་ཐུབ་པ་རེད།

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་དེབ《བདག་གི་རྟ་ཕོ》ཡི་ཇུས་འགོད་སྐོར་རགས་ཙམ་གླེང་བ།

2019-08-27 ཀརྨ་རྡོ་རྗེ་ཚེ་རིང་།(པེ་ཅིང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།